དགེ་རྒན་ཆེན་མོ་བདེ་མཆོག་ལགས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་འཆད་ཁྲིད་གནང་།
ངེད་ཅག་གི་སྔོན་ལས་དང་སྐྱེ་བ་དུ་མའི་ཚོགས་བསགས་བསོད་ནམས་ཀྱི་མཐུ་ལས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་གནའ་དཔེ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། དགེ་རྒན་བདེ་མཆོག་ལགས་དགུང་ལོ80ཉེ་ཡང་དཀའ་ངལ་ལ་མ་འཛེམ་པར་ལུས་སེམས་ཀྱི་ངལ་དུབ་རྒྱབ་དུ་དོར་དེ་གཞན་ཕན་གྱི་ལྷག་བསམ་དཀར་པོ་སྙིང་རུས་ལ་བཅངས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པར་ཕེབས་ཏེ་ཡུལ་ཁྲི་ཀའི་སྣོད་ལྡན་གྱི་སྐྱེས་བོ་གང་མང་དང་རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་ལ་གདམས་པ་དཔྱིད་གསུམ་གྱི་དྲི་ཆར་ཤག་ཤག་ཏུ་བསྩལད།
སྤྱི་ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་ཁྲི་ཀ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་དགེ་རྒན་མང་པོ་དང་སློབ་གྲྭའི་དགེ་སློབ2000ལྷག་ལ་དགེ་རྒན་དམ་པ་ཁོང་གིས་ཆུ་ཚོད3ལྷག་གི་དུས་ཚོད་བེད་སྤྱད་དེ་ཀུན་སྤྱོད་ལེགས་པོ་མི་ཆོས་རྩ་བ་ཞེས་པའི་བརྗོད་བྱ་གནད་དུ་བཏོན་ནས་དགེ་སློབ་གཉིས་ཀྱི་ཀུན་སྤྱོད་ཀྱི་ཐད་དུ་གསུང་སྨྲ་མེད་ཅིང་དོན་འདུས་པ། རང་བཞིན་གྱི་མི་ཕལ་བའི་བློ་ངོར་འཚམས་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་གསུངས་པ་སྟེ། དུས་རབས་གསར་བའི་ཉི་གཞོན་ཁད་ཀྱིས་འཕྲོས་པའི་དེང་གི་སྐབས་འདིར་སྲིད་ཇུས་བཟང་བའི་དྲོད་ཁོལ་ཕྱོགས་སུ་ཁྱབ་པ་དང་ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་ནའང་། མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་དེ། སྒོར་མོ་ཁོ་ནའི་དབང་དུ་གྱུར་ནས་དེའི་དོན་རྐྱང་བར་འབད་བཞིན་ཡོད་པ་ནི་ཉེས་པ་ཆེན་པོ་ཞིག་ཡིན་པས། ང་ཚོས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་བརྩི་སྲུང་བྱེད་དགོས་ཤིང་སྐྱེས་པ་ཕྱི་མ་ཕྱི་མར་བསམ་དགོས་ཏེ། ཤེས་བྱ་སྦྱང་བ་ལའང་ཚེ་འདི་ཕྱི་གཉིས་ལ་བསམ་དགོས་པ་དང་། ང་རྒྱལ་གྱི་དབང་གིས་ལམ་ལོག་པར་འདྲེན་པའི་ཉེན་ཁ་ཆེ་བ་དང་། འཛམ་གླིང་གི་མི་རིགས་མང་ཆེ་བས་ཚེ་འདི་ཕྱི་གཉིས་ཀྱི་རྒྱུ་འབྲས་བརྩི་བ་ཡིན་ལ་ནམ་རྒྱུན་སྙིང་ལ་འཇིགས་པས་དྲན་སྐུལ་བྱ་དགོས་པ་སོགས་སྤྱི་བའི་བསླབ་བྱ་གནང་བའི་འཕྲོར། བྱེ་བྲག་ཏུ་སློབ་མའི་ཀུན་སྤྱོད་ཐད་དུ་སློབ་མ་ཞིག་ལ་མཚོན་ན་ཡོན་ཏན་སློབ་པར། གཅིག་ནས་རང་གི་དགེ་རྒན་ལ་ཕ་མ་ལས་ལྷག་པའི་འདུ་ཤེས་འཛིན་ཞིང་དྲིན་ཆེན་དུ་བཀུར་དགོས། དེ་ཡང་དེང་གི་སྤྱི་ཚོགས་སུ་དགེ་རྒན་གྱི་གནས་བབ་ཞན་པས་སུས་ཀྱང་མཐོང་ཆེན་མི་བྱེད་ནའང་། རྒྱལ་ཁབ་ཀྱི་དར་རྒུད་ནི་སློབ་གསོ་ལ་རག་ལས་ཤིང་སློབ་གསོ་ནི་སློབ་གྲྭ་དང་། སློབ་གྲྭ་ནི་དགེ་རྒན་ལ་རག་ལས་པས། དགེ་རྒན་ནི་རིག་གནས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཡིན་ལ། སློབ་མ་ཚོས་དགེ་རྒན་གྱི་བྱ་སྤྱོད་ལ་སྐྱོན་གྱིས་མི་བལྟ་ཞིང་སྐྱོན་ལ་སྐྱོན་གྱིས་མི་བལྟ་བར་ཡོན་ཏན་གྱིས་བལྟ་བ་ནི་རང་རྒྱུད་ལ་ཡོན་ཏན་སྐྱེས་པའི་རྒྱུ་ཡིན། གཉིས་ནས་སློབ་མ་རྣམས་ཀྱིས་རང་གི་སློབ་དེབ་ལ་བརྩི་བཀུར་བྱེད་དགོས་པ་དང་དེའི་སྲོལ་ནི་རང་རེའི་ལ་ཅུང་བཟང་ཡང་དེ་ཡང་བོད་ཀྱི་བསོད་ནམས་དང་དགེ་རྒན་གྱི་སློབ་གསོའི་དྲིན་ལས་བསྐྱེད་བསྲིང་བྱས་པ་ཡིན། གསུམ་ནས་རང་རྒྱུད་ཀྱི་ཤེས་རབ་དེ་ཉིད་གཞན་གྱི་བཀའ་དྲིན་ཡིན་པའི་འདུ་ཤེས་སྐྱེས་དགོས་ཏེ། དེ་ལྟར་བྱས་ན་མ་མཐའ་ཡང་རང་ཉིད་ཀྱི་རྒྱུད་ལ་ང་རྒྱལ་མི་སྐྱེས་པར་ཕན་པ་ཡིན། དགེ་རྒན་གྱི་བཀའ་དྲིན་དང་ཕ་མའི་དྲིན་དྲན་པར་བྱ་དགོས་པར་མ་ཟད། རང་རྒྱུད་ཀྱི་ཤེས་རབ་ཀྱིས་གཞན་ལ་ཕན་འདོགས་དགོས་པར་བསམས་པ། དགེ་རྒན་གྱི་སྡིགས་མོ་ལ་སོགས་པ་ཡང་སེམས་ལ་འཛིན་མི་ཉན་ཏེ་དེ་ནི་ཁྱོད་ལ་ཕན་པར་བསམས་པ་ཡིན། གཞན་ཡང་སློབ་མ་རྣམས་ཀྱིས་བརྩོན་འགྲུས་བསྐྱེད་དུས་ཕྲག་དོག་དང་ཁོག་དཔུང་། ཞེ་གནག་པའི་བསམ་པ་མེད་པར་མཐུན་སྒྲིལ་གྱིས་བརྩོན་དགོས་ཤིང་། ཁོག་དཔུང་ནི་ཕ་མ་དང་ཤ་ཉེ་རྣམས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་ཉན་པར་བསམ་པའི་ཁོག་དཔུང་དགོས། དེ་བཞིན་ཕྲག་དོག་ནི་སེམས་འཁྲུག་པའི་གཞི་ཡིན་པས་དེ་ནི་གཏན་དུ་མི་རུང་ལ། བག་མེད་དང་སྒྱིད་ལུག་བྱེད་པ་ནི་ཤིན་ཏུ་དམན་པའི་སྤྱོད་པ་ཞིག་ཡིན་ཞིང་། རྣམ་གཡེང་མི་བྱེད་པར་རྣམ་རིག་བསྒྲིམ་ཏེ་སློབ་སྦྱོང་བྱ་དགོས་ཤིང་། མི་ཚེ་ཐུང་ཐུང་འདིའི་ནང་ད་ལྟའི་དུས་འདི་ནི་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཡིན་པས་དམ་འཛིན་བྱ་དགོས་པའི་བསླབ་བྱ་སེམས་ཀྱི་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་རྣོན་པོ་ལྟ་བུ་གསུངས།
དེ་ནས་དགེ་རྒན་རྣམས་ཀྱི་ཀུན་སྤྱོད་ཀྱི་ཐད་དུ་དགེ་རྒན་རྣམས་ཀྱིས་ཀྱང་ཡིད་ཆེས་དང་དགའ་བའི་བསམ་པའི་ཀུན་སློང་སྟེ། ཤེས་རབ་ཀྱིས་ས་ཟིན་པའི་དད་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས་པ་དང་། རང་དོན་ཁོ་ནར་མི་བསམ་པར་སློབ་མ་རྣམས་མ་གྱུར་སེམས་ཅན་རྣམས་ལ་ཕན་པའི་མི་བུ་ཞིག་བསྐྱེད་བསྲིང་གི་འདུ་ཤེས་ཀྱིས་སློབ་ཁྲིད་ལེགས་པོ་ཞིག་བྱ་དགོས་ལ། དགེ་རྒན་རྣམས་ཀྱི་སྤྱོད་ལམ་ལེགས་པོ་ནི་སློབ་མ་རྣམས་ཀྱི་རྣམ་ཤེས་ནང་དུ་བསྡུ་བར་ཕན་ཐོགས་པའི་སྦྱོར་བ་དང་། སློབ་མའི་རྒྱུད་ལ་སྙིང་བོ་འཇོག་པར་བྱེད་དགོས་ལ་དཔེ་དོན་ལ་འབྱོར་བ་དང་གདུལ་བྱ་དགའ་བའི་དཔེ་འཇོག་པའི་དངོས་གཞིའི་སྐབས། བསྔོ་སྨོན་ནི་མཐར་སློབ་མ་རྣམས་ཀྱི་རྒྱུད་ལ་འབྱོར་བར་གྱུར་ཅིག་ཅེས་དང་ཁོ་ཚོར་ཕན་ཐོགས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་རྒྱག་དགོས་ཞེས་སྦྱོར་དངོས་རྗེས་གསུམ་དང་། གཞན་ཡང་དགེ་རྒན་ཕན་ཚུན་བར་ལ་མཐུན་སྒྲིལ་བཟང་བོས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་སོགས་མ་རྟོག་ལོག་རྟོག་གི་སྣང་བ་འཁྲུགས་པའི་སྙིགས་དུས་འདིའི་དགེ་རྒན་རྣམས་ཀྱིས་སྔོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་སྲོལ་བཟང་བོའི་རྣམ་ཐར་སྐྱོང་བའི་ལམ་ལ་བཀྲི་བར་མཛད།
ཚེས12ཉིན་གྱི་སྔ་དྲོར། སློབ་གྲྭའི་ཤར་ཕྱོགས་སྨྱན་ཁང་དུ་དགེ་རྒན་ཁོང་གིས་སློ་གྲྭ་ཕྱི་ནང་གི་སྐད་ཡིག་དགེ་རྒན་མང་པོར་སྐད་ཡིག་སློབ་དེབ་ཁྲོད་ཀྱི་དཀའ་གནད་གསེལ་བཀྲོལ་གྱི་འཆད་ཁྲིད་གནང་། དེ་ལའང་ཁོང་གིས་ཐོག་མར་དགེ་སློབ་སུ་ཡིན་ཡང་ཐོས་པ་ནི་ཚུལ་ཁྲིམས་ལས་ལྷག་ཅིང་ཐོས་པ་ལམ་ལོག་ཏུ་མ་ཕྱིན་པ་ཅིག་བྱེད་དགོས་ལ། ཚུལ་དང་མཐུན་པར་གནས་པ་ཡིན་དགོས། ཐོས་པ་མི་གཏོང་བ་ཡིན་ཞིང་དེ་ནི་དགེ་བའི་བཤེས་གཉེན་བསྟེན་ཅིང་དཔེ་ཀློག་བྱེད་དགོས་ལ་དགེ་བའི་བཤེས་གཉེན་ལའང་སྐྱོན་རྟོག་གི་བློ་སྤངས་ཤིང་དག་སྣང་གི་བློ་ཡི་སྒོ་ནས་བསྟེན་དགོས་པ། བློ་དང་ལྡན་པ། སྤོབས་པ་ལྡན་པ། ཐབས་དང་ལྡན་པའི་སྒོ་ནས་འཁྲིད་པ། ཀུན་སློང་རྣམ་པར་དག་པ། བྱམས་བརྩེ་དང་ལྡན་པ། རྩོལ་བ་དང་དགའ་བ་གཉིས་གཞི་གཅིག་ཏུ་འདུས་པའི་བརྩོན་འགྲུས་ལྡན་པ། བཟོད་པ། སྨྲ་མཁས་པ་སྟེ་གཏན་ཚིགས་དང་ལྡན་པའི་གཏམ་སྨྲ་བ་བཅས་སློབ་མ་སྐྱོང་བའི་ཐབས་བརྒྱད་གནད་དུ་དྲིལ་ནས་ནན་གྱིས་བསྟན་ཅིང་། མདོར་ན་ཁོང་གིས་དགེ་རྒན་གྱི་ལས་གནས་འདི་ནི་རང་གི་བསོད་ནམས་ཀྱིས་བགས་པའི་འབྲས་བུ་ཡིན་པར་འདོད་པ་དང་། རང་གི་སློབ་བུའི་གྲས་ན་འཕགས་པའི་གང་ཟག་གཅིག་ངེས་པར་ཡོད་སྙམ་པའི་བློ་ཚོད་ཀྱིས་སློབ་ཁྲིད་བྱེད་པ། རང་གི་སློབ་བུ་འདི་དག་སྐྱེས་པ་སྔོན་མར་རང་གི་མ་རུ་མ་གྱུར་བ་གཅིག་ཀྱང་མེད་སྙམ་པའི་ཚུལ་གྱིས་སློབ་ཁྲིད་བྱེད་པ་དང་། རང་གི་སློབ་ཁྲིད་བྱ་ཡུལ་རྣམས་མ་འོངས་པར་འཇིག་རྟེན་འདིའི་རིག་གནས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཡིན་སྙམ་པའི་བློ་སྐྱེས་པའི་སྒོ་ནས་སློབ་ཁྲིད་དགོས་པའི་བསླབ་བྱ་གལ་བོ་ཆེ་ལ་ནན་ཏན་གྱིས་གནད་དུ་ཐིངས་པར་བསྟན།
དེ་ནས་བོད་སྐད་ཡིག་བསླབ་གཞི་དང་འབྲེལ་བའི་དོགས་གནད་དེ་བོད་ཡིག་དགེ་རྒན་རྣམས་ཀྱིས་ནམ་རྒྱུན་སློབ་ཁྲིད་ཀྱི་ཁྲོད་དུ་འཕྲད་པའི་དཀའ་གནད་དྲི་བའི་ལམ་ནས་དགེ་རྒན་ཁོང་ལ་ཕུལ་བ་རེ་རེ་བཞིན་དུ་ལན་བསྐྱོན་པ་སྟེ། བདག་སྒྲ་དང་མིང་མཐའི་ཁྱད་པར། མིང་གི་དབྱེ་བ་དང་རྣམ་གྲངས་ཀྱི་སྐོར། ཕལ་སྐད་སོ་སོའི་ཁྱད་པར། དངོས་པོ་བདག་གཞན་གྱི་སྐོར། དུས་གསུམ་གྱི་རྣམ་གཞག་གི་སྐོར། ལ་དོན་གྱི་སྐོར། བྲིས་ཀྱི་སྐོར། ལས་ཚིག་དང་བྱ་ཚིག་གི་སྐོར། དགོས་ཆེད་ཀྱི་སྐོར། བྱ་ཡུལ་དང་ལས་ཀྱི་དངོས་པོ་གཉིས་གཅིག་ཡིན་མིན་སྐོར། སུམ་རྟགས་གཉིས་ཀྱི་རྩ་བ་ཐོན་མིས་མཛད་མིན་གྱི་སྐོར། ཏུན་ཧོང་གི་ཡི་གེ་དང་རྡོ་རིང་གི་ཡི་གེ་སོགས་བརྡ་སྤྲོད་ཀྱི་གཞུང་དང་གཅིག་གྱུར་མིན་པའི་རྒྱུ་མཚན་སྐོར། གསལ་བྱེད་ནི་ཐབས་ཀྱི་རང་བཞིན་ཕོ་དང་དབྱངས་ནི་ཤེས་རབ་ཀྱི་རང་བཞིན་མོ་ཡིན་པའི་རྒྱུ་མཚན་སྐོར། ཐོན་མིའི་སུམ་རྟགས་གཉིས་ལས་བསྟན་བཅོས་གཞན་ནུབ་པའི་རྒྱུ་མཚན་སྐོར། ད་དྲག་ཀྱི་སྐོར། རྗེས་འཇུག་གི་རྟགས་ཀྱི་སྐོར། ངོས་བཟུང་དང་ངེས་བཟུང་གི་ཁྱད་པར། མགོ་ཅན་དང་འདོགས་ཅན་གྱི་ཁྱད་པར་སྐོར། འབྲེལ་སྒྲའི་སྐོར། བདག་ཉིད་གཅིག་པའི་འབྲེལ་བ་དང་རྒྱུ་འབྲས་ཀྱི་འབྲེལ་བ་གཉིས་ཀྱི་ཁྱད་པར། འགལ་ཟླ་དང་ལྡོག་ཟླའི་ཁྱད་པར། དང་སྒྲའི་སྐོར། ཆ་དང་ཆ་ཅན། འ་འཚོ་དང་མ་མཚོའི་སྐོར། སྐྱེས་གནས་བཞིའི་སྐོར་སོགས་དོགས་གནས་ཀྱི་དྲི་བ་བསྡོམས་སུམ་ཅུ་སོ་གཉིས་ལ་རེ་རེ་བཞིན་དུ་ཁ་གསལ་ཞིང་དཔེར་བརྗོད་དང་བཅས་ཏེ་དྲིས་ལན་གནང་བས་དགེ་རྒན་རྣམས་ཀྱི་དཀའ་གནད་དེ་དག་གི་མུན་པ་དཀྱུས་གཅིག་ཏུ་སེལ་ཞིང་དོགས་གནད་གཞན་དག་གི་མདུན་རྒྱ་ཡང་གཅིག་ཤེས་ཀུན་གྲོལ་ཏུ་གྱུར།
ཚེས12ཉིན་གྱི་ཕྱི་དྲོ་ཆུ་ཚོད2:00ནས་མགོ་བརྩམས་ཏེ་དགེ་རྒན་ཁོང་གིས་མཐོ་འབྲིང་གི་སློབ་དེབ་དུ་བཀོད་པའི་རྗེ་རིན་པོ་ཆེའི་གསུང་རྩོམ་བླ་ན་མེད་པའི་རིན་པོ་ཆེའི་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་པ་དེ་ཉིད་དགེ་སློབ་ཀུན་གྱིས་གོ་བ་ལེན་ཁག་པར་དགོངས་ནས་བརྩམས་ཆོས་དེ་ཉིད་ཀྱི་མཛད་པ་པོའི་ཆེ་བ་དང་གཞུང་ཀྱི་འགྲེལ་བ། དགོས་སོགས་ཆོས་བཞི། གོ་དཀའ་བའི་ཐ་སྙད་ཀྱི་འགྲེལ་བ་བཅས་ལྷག་ལུས་མེད་པར་འཆད་ཁྲིད་གནང་སྟེ་དབང་ལུང་གིས་དགེ་རྒན་རྣམས་ཀྱི་རྒྱུད་ཕྱུག་པར་བྱས།
རྒྱུད་བླ་མ་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་བ་བཞིན་དགེ་རྒན་ཁོང་གིས་རྒྱུད་ཞི་ཞིང་དུལ་ལ་སྐྱོ་བ་མེད་པའི་ངང་ནས་བསྟན་བྱའི་ཡུལ་ལ་གང་སྟོན་པར་བྱ་བའི་གནས་ཐམས་ཅད་ཆུ་ལ་ཆུ་བཞག་གི་ཚུལ་དུ་བསྟན་ཅིང་ཡུལ་འདིའི་སྐྱེ་བོ་བསོད་ནམས་ཅན་གྱི་ཡིད་ཀྱི་འདོད་པ་ཇི་བཞིན་དུ་བསྐངས་བའི་མཛད་པ་བསྐྱངས་པར་ཀུན་གྱི་སེམས་པའི་གཏིང་ལ་སིམ་ཞིང་དད་པའི་སྤུ་ལོང་གཡོ། མཐར་དམ་པ་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ལུས་སེམས་ལ་ནད་གདོན་གྱི་འཚེ་བ་མེད་པར་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཡོངས་གཙོ་བྱས་པའི་ཐེངས་འདིར་དམ་པ་ཁོང་གིས་རྗེས་སུ་ཟིན་པའི་སྐལ་ལྡན་རྣམས་ཀྱིས་ལན་བརྒྱར་འདེབས་སོ།།