དགེ་རྒན་སྦྱིན་པས་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་དུ་རྩོམ་འབྲིའི་སློབ་ཁྲིད་གནང་།
དགེ་རྒན་སྦྱིན་པ་ལགས་ཀྱིས་འཆད་ཁྲིད་མཛད་བཞིན་པ།
སྤྱི་ཟླ3པའི་ཚེས22ཉིན་གྱི་ཕྱི་དྲོར། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སྦྱིན་པ་གདན་འདྲེན་ལྟར་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་གི་རྩོམ་རིག་འཛིན་གྲྭར་རྩོམ་འབྲིའི་གལ་ཆེན་རང་བཞིན་དང་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས་ཅུང་ཙམ་བཤད་པ་ཞེས་པའི་འཆད་ཁྲིད་ཅིག་སྤེལ་ཞིང་། དགེ་རྒན་ཨ་བཀྲ་གཙོ་བྱས་པའི་མཐོ་གཅིག་དང་མཐོ་གཉིས་སོགས་ཀྱི་འཛིན་གྲྭ་སོ་སོའི་རྩོམ་རིག་འཛིན་གྲྭའི་སློབ་མ200ཙམ་ཞུགས།
འཆད་ཁྲིད་འདིའི་བརྗོད་དོན་གཙོ་བོ་ནི་རྩོམ་འབྲིའི་གལ་ཆེན་རང་བཞིན་གྱི་སྐོར་ནས།རྩོམ་གྱི་གོ་དོན་དང་འབྲེལ་ཏེ་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་དང་། རྩོམ་འབྲི་ནི་ནུས་ལྡན་གྱི་བྱ་བ་ཞིག་ཡིན་པ་འཛམ་གླིང་གི་རླབས་ཆེན་གྱི་མི་སྣ་འགའ་ཤས་ཤིག་དཔེར་དྲངས་ཏེ་གསལ་བཤད་གནང་། དེ་བཞིན་ཤེས་ཡོན་ཅན་ཞིག་ལ་མཚོན་ན་རྗེས་རབས་པ་རྣམས་ལ་ཤུགས་རྐྱེན་བཟང་པོ་འཇོག་བྱེད་ལེགས་ཤོས་ཤིག་ཡིན་པའི་དཔེར་ས་སྐྱ་ལེགས་བཤད་སོགས་གསུང་རབ་རྣམས་དཔེར་དྲངས་ཤིང་། སློབ་གཉེར་བ་ཞིག་ལ་མཚོན་ན་བསམ་གཞིག་དང་སློབ་སྦྱོང་གོང་མཐོར་གཏོང་བྱེད་ཀྱི་ཐབས་མཆོག་དམ་པ་བཅས་ཀྱི་དགེ་མཚན་ལྡན་ཡོད་པ་གསལ་བཤད་བྱས།
རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས། དགེ་རྒན་ཞིག་གིས་སློབ་ཁྲིད་བྱས་པ་ལས་རྩོམ་ཡིག་འབྲི་ཚུལ་སྐོར་གྱི་གོ་རྟོགས་བསྐྱེད་ཐུབ་པ་དེ་ཙམ་གྱིས་རང་ཉིད་རྩོམ་འབྲིའི་ལས་ལ་མ་ཞུགས་པར་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་མི་ཐུབ་ཅིང་། རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་ངེས་པར་དུ་རྩོམ་འབྲིའི་ཤེས་བྱའི་སྐོར་གྱི་སློབ་ཁྲིད་དང་རང་ཉིད་དངོས་སུ་རྩོམ་འབྲིའི་ལས་ལ་འཇུག་པ་གཉིས་པོ་ཟུང་འབྲེལ་སྒོས་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་དགོས་པ་ནི་གནད་གཙོ་པོ་ཡིན་པ་དང་། ད་དུང་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་མཐོང་ཐོས་མྱོང་གསུམ་གྱི་ཐོས་རྒྱ་བསྐྱེད་པ་དང་། དཔེ་ཀློག་མང་དུ་བྱེད་ཅིང་རྩོམ་ཡིག་མང་དུ་འབྲི་རྒྱུ་ནི་རྩོམ་འབྲིའི་ནུས་པ་གོང་དུ་སྤེལ་བའི་ཐབས་མཆོག་ཡིན་པ་སོགས་ཞིབ་རྒྱས་སུ་གསུངས།
མཇུག་མཐར། ་གཞོན་སྐྱེས་ཤེས་ཡོན་ཅན་དང་སྨྱུག་ཐོགས་པ་རྣམ་པས། ང་ཚོའི་སྤྱི་ཚོགས་འདི་ཡ་རབས་སྤྱོད་བཟང་ལྡན་པའི་མིའི་སྤྱི་ཚོགས་ཤིག་སྟེ། སྐྱེ་འགྲོ་རྣམས་འཆམ་མཐུན་མཉམ་གནས་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཕྱིར། རང་ནུས་གང་ལྕོག་གིས་འབད་གལ་ཆེ་བར་ནན་སྐུལ་གནང་སྟེ་འཆད་ཁྲིད་དེ་ཉིད་དགེ་སློབ་རྣམ་པའི་དགའ་བསུའི་ཐལ་སྒྲའི་ཁྲོད་རེ་ཞིག་མཇུག་ལེགས་པར་བསྡུས།