ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་སློབ་ཁང་སློབ་ཁྲིད་དང་དགེ་རྒན་གྱི་འགན་འཁྲིའི་སྐོར་གྱི་འཆད་ཁྲིད་གནང་།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-12-27
ཀློག་གྲངས།:
སློབ་གྲྭའི་སློབ་གསོའི་སྲོག་ཤིང་ནི་སློབ་ཁང་སློབ་ཁྲིད་དང་དགེ་རྒན། སློབ་མ། བསླབ་དེབ་བར་གྱི་བྱ་འགུལ་ཞིག་ཡིན་ལ། དེ་དག་འགུལ་སྣང་ཅན་དུ་བསྒྱུར་བར་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་པ་དགེ་རྒན་ནི་མཛུབ་ཁྲིད་པ་གཙོ་བོར་འགྱུར་དགོས་པས། སྐྱོང་བྱ་སློབ་མ་རྣམས་ཡོན་ཏན་གྱིས་ཕྱུག་ཅིང་ཀུན་སྤྱོད་ཀྱིས་བརྒྱན་པའི་སློབ་བུ་འཇོན་ཐང་ཅན་སྐྱེད་སྲིང་བྱ་རྒྱུ་ནི་རླབས་ཆེ་ཞིང་ཁག་ཁུར་ཆེ་བའི་དགེ་རྒན་དག་གི་འགན་འཁྲི་ཡིན། དེར་བརྟེན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་དཔུང་སྡེ་ཁག་གི་སྤུས་ཚད་མཐོར་འདེགས་དང་སློབ་ཁང་སློབ་ཁྲིད་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཚོགས་པར་དམིགས་ནས། སྤྱི་ཟླ12བའི་ཚེས24ཉིན་གྱི་ཕྱི་དྲོར། རྨ་ལྷོ་ཁུལ་ཐུན་རིན་རྫོང་སློབ་དཔྱོད་ཁག་གི་ཀྲུའུ་རིན་སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ཆེད་དུ་གདན་ཞུ་ཞུས་ཏེ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་སློབ་ཁང་སློབ་ཁྲིད་དང་དགེ་རྒན་གྱི་འགན་འཁྲིའི་སྐོར་གླེང་བ་ཞེས་པའི་བརྗོད་གཞི་ཞིག་གཏན་ལ་ཕབ་ནས་སློབ་གྲྭའི་སྐད་ཡིག་དགེ་རྒན་དང་སྐད་གཉིས་དགེ་རྒན་བརྒྱ་ཕྲག་ལྷག་ལ་གསུང་གསེར་ནག་གི་བདུད་རྩི་གནང་། ཐོག་མར་རྒན་ལགས་ཀྱིས་མི་ལོ་ཉེར་གཉིས་རིང་གི་སློབ་གསོའི་ཉམས་མྱོང་རགས་ཙམ་གླེང་རྗེས་རྒྱལ་ཕྱི་ནང་གི་དགེ་རྒན་གྱི་མཚན་ཉིད་དྲངས་ཏེ་དགེ་རྒན་ཞིག་ཡིན་ན་གཙང་མཁས་གཞན་ལ་ཕན་པ་སྟེ། བརྩེ་བ་དང་ལྷག་བསམ་གཙང་མ། རིག་གནས་ཡོན་ཏན་ཀུན་ལ་ལྟ་རྒྱ་དང་ཐོས་རྒྱ་ཆེ་བ། གཞན་ལ་ཕན་འདོགས་པའི་བྱང་སེམས་ལྡན་དགོས་པ་གསུངས། ཕྱིས་སུ་སློབ་ཁང་སློབ་ཁྲིད་ནི་སྒྱུ་རྩལ་ཅན་དང་ཚན་རིག་ཅན་ཞིག་ཡིན་ལ། ཁྲིད་གཞི་ལ་བྱང་ཆ་དང་ཞིབ་འཇུག་ལེགས་པ། དགེ་སློབ་བར་ལ་གཞོགས་འདེགས་དང་མཉམ་བསྲེས་ཀྱི་ལག་ལེན་ལྡན་པའི་སྒོ་ནས་དཔེ་ཁྲིད་མི་སྐྱོང་ལ་འབད་དེ་སྒོ་གསུམ་དགེ་བ་ལ་ཕྱོགས་དགོས་པར་གསུངས། གཞན་ལས་བྱ་བཀོད་སྒྲིག་ནི་སྨན་པ་མཁས་པས་ནད་པར་ཡང་ཡང་བརྟག་སྟེ་སྨན་སྟེར་བ་དང་འདྲ་བར་ཡིག་གཟུགས་དང་སྨྱུག་རིམ་ལ་དོ་སྣང་བྱ་དགོས་པ། ལས་བྱར་ཞུ་དག་བྱེད་སྟངས། རྩོམ་ཡིག་བཀོད་སྒྲིག་དང་དཔྱད་འཇོག་བཅས་ལའང་གཟབ་ནན་བྱེད་དགོས་པའི་སྐོར་ཁ་གསབ་ཀྱི་ཚུལ་དུ་གསུངས། ཐེངས་འདིའི་རྒན་ལགས་ཀྱི་འཆད་ཁྲིད་བརྒྱུད་སློབ་གསོའི་དམིགས་ཡུལ་ནི་མིའི་ནུས་པ་སྔོག་འདོན་བྱ་རྒྱུ་དང་སློབ་མ་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ། དེ་བས་ཀྱང་ཀུན་སྤྱོད་སློབ་གསོ་གཙིགས་སུ་བཟུང་སྟེ་དཔེ་ལེགས་ཅན་གྱི་མི་སྣ་དག་སྐྱེད་སྲིང་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་བསྟན།
འབྲེལ་ཡོད་འོས་སྦྱོར།