ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
སློབ་དཔོན་ཆེན་མོ་གྲགས་པ་འབྱུང་གནས་ཀྱིས་འགོ་ཚུགས་གཏམ་བཤད་གནང་བ།
2017ལོའི་ཟླ12པའི་ཚེས12ཉིན(ལུགས་རྙིང་ཟླ10ཚེས25ཉིན)། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་དང་། བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པས་གཉེར་འགན་འཁུར་བའི་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་དེ་དུས་ལྟར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཐོག་ཁང་གི་ཐོག་བརྩེགས་གཉིས་པའི་སྙན་ཞུའི་ཚོམས་ཆེན་དུ་སྤེལ་བ་རེད།
བོད་རིག་པ་ཞིབ་འཇུག་གླིང་གི2015ལོའི་དངོས་གཞིའི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་འཛིན་གྲྭས་
མཉམ་གཅིག་ཏུ་རྗེ་ཙོང་ཁ་པའི《རྟེན་འབྲེལ་བསྟོད་པ》བློ་སྐྱོར་གནང་བ།
དགེ་རྒན་གྲགས་པ་འབྱུང་གནས་ཀྱིས་ཚོགས་འདུའི་འགོ་ཚུགས་གཏམ་བཤད་སྤེལ་ཞིང་། ཁོང་གིས་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤེལ་བའི་དོན་སྙིང་གལ་ཆེན་མདོར་བསྡུས་ཀྱིས་མཚམས་སྦྱོར་བྱས་པ་དང་། དེ་ནས་བོད་རིག་པ་ཞིབ་འཇུག་གླིང་གི་2015ལོའི་དངོས་གཞིའི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་འཛིན་གྲྭས་མཉམ་གཅིག་ཏུ་རྗེ་ཙོང་ཁ་པའི《རྟེན་འབྲེལ་བསྟོད་པ》བློ་སྐྱོར་གནང་།
ཞིབ་འཇུག་སློབ་མའི་འཐུས་མིས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་པའི་རྣམ་པ།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་དེ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དུས་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། མིང་གོའི་དུས་སྐབས་ཀྱི་བོད་རིག་པ་ཞིབ་འཇུག བོད་ཀྱི་སྲོལ་རྒྱུན་གྱི་གྲངས་རྩིས་ཞིབ་འཇུག་སོགས་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་ཅིང་། བོད་རིག་པ་ཞིབ་འཇུག་གླིང་ནས་ཡོང་བའི་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་འཐུས་མི་སོ་སོས་རང་ཉིད་ཀྱི་དཔྱད་རྩོམ་སྒྲོག་སྦྱོང་བྱས། དཔྱད་རྩོམ་རེ་རེར་སྒྲོག་སྦྱོང་བྱས་ཚར་རྗེས། དགེ་རྒན་དང་ཚོགས་ཞུགས་ལྟད་མོ་བ་ཚང་མས་དྲི་བ་བཏོན་ཏེ་བགྲོ་གླེང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡིན།
རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པའི་འགན་འཛིན་པ་སངས་རྒྱས་ཚེ་རིང་གིས“དེ་རིང་ང་ཚོས་གནས་འདི་ནས་བོད་ཀྱི་ལོ་རྒྱུས་སྟེང་གསར་གཏོད་རང་བཞིན་གྱི་དོན་སྙིང་ཆེས་ཆེར་ལྡན་ཞིང་། ཕུལ་དུ་བྱུང་བའི་ནང་བསྟན་མཚན་ཉིད་རིག་པའི་མཁས་ཅན་དང་། བསམ་བློ་པ། སློབ་གསོ་པ་ཙོང་ཁ་པ་ཆེན་མོར་དྲན་གསོ་བྱེད་ཅིང་། ང་ཚོའི་ཀྲུང་ཧྭའི་ས་གཞིའི་ཐོག་མི་རིགས་ཁག་སོ་སོར་རྒྱན་ཐོག་རྒྱན་བརྩེགས་ཀྱིས་ལོ་རྒྱུས་ཐོག་རླབས་ཆེན་གྱི་སྔོན་བྱོན་མཁས་མཆོག་ཀུན་ལ་ཡོད་པས་དྲན་གསོ་བྱེད་འོས་པ་ཞིག་རེད། ད་རེས་ཀྱི‘རྗེ་ཙོང་ཁ་པ་ཆེན་པོར་རྗེས་དྲན་བྱེད་པའི’ཞིབ་འཇུག་སློབ་མའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འདི་ནི་རྗེ་ཙོང་ཁ་པའི་གཏིང་ཟབ་ཀྱི་བརྩམས་ཆོས་དང་ཕུགས་འདུན་རིང་པོའི་བསམ་བློར་ཞིབ་འཇུག་དང་། རྒྱུད་འཛིན། དར་སྤེལ་དུ་གཏོང་བའི་ཆེད་ཡིན་ལ། དེ་བས་ཀྱང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་དུ་ཡིན། ང་ཚོ་ནི་མེས་རྒྱལ་གྱི་དུས་རབས་གསར་པའི་ན་གཞོན་ཡིན་པའི་ཆ་ནས།ཧུར་ཐག་འབད་ཐག་གིས་ཕུལ་བྱུང་གི་བསམ་བློ་དེ་རིགས་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་དགོས་ཤིང་། འཚོལ་ཞིབ་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས”ཞེས་བཤད།
གླིང་གཙོ་ཚེ་རིང་ཐར་གྱིས་མཇུག་བསྡུའི་གཏམ་བཤད་གནང་བའི་རྣམ་པ།
རིག་གཞུང་བགྲོ་གླེང་ཚོགས་འདུའི་ཆེས་མཐའ་མར་གླིང་གཙོ་ཚེ་རིང་ཐར་གྱིས་རྗེ་ཙོང་ཁ་པ་ནི་བོད་རིགས་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་མིང་དུ་གྲགས་པའི་མཁས་པ་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གི་སྡེར་ཤུགས་རྐྱེན་རྒྱ་ཆེར་ཡོད་ཅིང་། ང་ཚོས་མཁས་དབང་རླབས་པོ་ཆེ་ཁོང་ཉིད་ལ་དྲན་གསོ་བྱེད་དགོས་པར་མ་ཟད། ད་རུང་ཁོང་གི་བརྩམས་ཆོས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་དང་། ཁོང་གི་དཀའ་སྤྱད་འབད་བརྩོན་གྱི་སློབ་སྦྱོང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་སོ།།