logo

མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་རབ་འབྱམས་པའི་ལྟེ་གནས་ལོ10ལོན་པའི་རིག་གཞུང་བགྲོ་ཚོགས།

རྩོམ་པ་པོ།:བསམ་འཕེལ་ནོར་བུ། ཀླུ་མོ་མཚོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2017-09-19 ཀློག་གྲངས།:

     སྤྱི་ཟླ9པའི་ཚེས18ཉིན་གྱི་སྔ་དྲོར། “ཚད་ལྡན་འཇོན་མི་སྐྱེད་སྲིང་དང་། ཕུལ་བྱུང་རིག་གནས་རྒྱུན་འཛིན”ཞེས་པ་བརྗོད་གཞི་ཡིན་པའི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ལྟེ་གནས་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དྲན་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་མགོ་རྩོམ་མཛད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་དཔེ་མཛོད་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་ཚོགས།
     ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་རིག་གནས་ཐིན།  ལྗོངས་ཞིང་ལྔའི་སློབ་གསོའི་ལས་དོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། བོད་རིགས་ཞིབ་འཇུག་ཚོགས་པ། མཚོ་སྔོན་སློབ་གྲྭ་ཆེན་མོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་ཞུགས་ཡོད་ལ། དེ་མིན་ད་དུང་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ་དང་ཀྲོའོ་ཧེ་ཞིན་གཉིས་གཙོ་བྱས་པའི་ཞིབ་འཇུག་སློབ་མ་པུའུ་དང་དགེ་འོས་སློབ་གླིང་བཅས་ཀྱི་མགོ་ཁྲིད་དང་ཆེད་མཁས་པ། ཞིབ་འཇུག་སློབ་མ་སོགས་མི70ལྷག་ཞུགས་ཡོད་ལ།  ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་གཙོ་སྒྲུབ་བྱས་པ་དང་།བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་འགན་སྒྲུབ་དང་ཞིབ་འཇུག་སློབ་མ་པུའུ་ཡིས་རོགས་སྒྲུབ་བྱས་པ་རེད།

     མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ལ། ཚོགས་ཐོག་ཏུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲོའོ་ཧེ་ཞིན་དང་ཀྲུའུ་རེན་སྟོབས་ལྡན། ཆེད་མཁས་པའི་འཐུས་ཚབ་དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ། མཛུབ་སྟོན་དགེ་རྒན་གྱི་འཐུས་ཚབ་བསོད་ནམས་དོན་གྲུབ། ཞིབ་འཇུག་སློབ་མའི་འཐུས་ཚབ་འབུམ་རམས་པ་བསོད་ནམས་རྡོ་རྗེ་སོགས་ཀྱིས་གཏམ་བཤད་གནང་། གཞན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་གཉིས་ཀྱིས་སོ་སོར་ཞིབ་འཇུག་སློབ་མ་སྐྱེད་སྲིང་གི་ཕྱོགས་དང་མི་རིགས་སློབ་གསོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཇི་ལྟར་རྒྱུན་འཛིན་བྱེད་ཚུལ་གྱི་སྐོར་ནས་གཏན་བཤད་གནང་། དེ་མིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་གསོའི་སློབ་ཁྲིད་ལ་ཕྱིར་བལྟ་དང་མ་འོངས་པར་རྒྱང་བལྟ། ཞིབ་འཇུག་སློབ་མའི་རིག་ཚན་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་བཅོས་བསྒྱུར། ཕུལ་ཏུ་བྱུང་བའི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་སོགས་ཀྱི་ཐད་ནས་ཞིབ་འཇུག་སློབ་མའི་འཐུས་ཚབ་པས་བསམ་བློ་བརྗེ་རེས་ཚུལ་དུ་གཏམ་བཤད་གནང་།

     ཚོགས་འདུའི་དགོངས་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས་ནན་ཏན་སྒོས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་དངོས་འབེབས་ལག་བསྟར་བྱས་ཏེ་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་བརྟན་པོར་གཏོང་བ་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི«དུས་ཡུན་རིང་འབྲིང་གི་སློབ་གསོའི་ལེགས་བསྒྱུར་འཕེལ་རྒྱས་འཆར་འགོད་རྩ་གནད»དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«མགྱོགས་མྱུར་སྒོས་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཐག་བཅད»།ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། ཁྱད་ཆོས་ལྡན་པའི་སློབ་གྲྭ་གཉེར་བ་དང་། རྒྱུ་སྤུས་ཀྱིས་སློབ་གྲྭ་དར་བར་བྱེད་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོར་འཚམས་ཤིང་། ལེགས་ཆ་མངོན་གསལ་ཡིན་པ། བཀོད་པ་འོས་ཤིང་འཚམས་པ། གྲུབ་ཚུལ་ལེགས་འགྱུར་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག<བོད་ཀྱི་སྐད་ཡིག་དང་རྩོམ་རིག>གི་རིག་ཚན་དང་། བོད་རྒྱ་སྐད་གཉིས་ཀྱི་སྤྱི་ཚོགས་རིག་ཚན་མ་ལག་ཅིག་གྲུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་སློབ་སྒྲུབ་ནུས་པ་དང་ཞིབ་འཇུག་ཆུ་ཚད་མཐོར་འདེགས་སུ་བཏང་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཀྱི་ནུས་པ་ཇེ་དྲག་དང་། ཀྲུང་གོའི་བོད་རྒྱ་སྐད་གཉིས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཐད་སྐུལ་འདེད་བྱེད་མཁན། བོད་རྒྱ་སྐད་གཉིས་ཀྱི་སྤྱི་ཚོགས་ཚན་རིག་གི་སློབ་གསོ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་འབད་བརྩོན་བྱ་རྒྱུ་དེ་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།