logo

2016ལོའི༼མང་རྫོང་སློབ་གསོའི་ལྟ་སྐུལ༽འདོན་ཐེངས2པ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-12-09 ཀློག་གྲངས།:


2016ལོའི༼མང་རྫོང་སློབ་གསོའི་ལྟ་སྐུལ༽འདོན་ཐེངས2པ་འགྲེམ་སྤེལ་བྱས་པ།

     ༼མང་རྫོང་སློབ་གསོའི་ལྟ་སྐུལ༽ནི་མང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། མང་རྫོང་སློབ་གསོ་ལྟ་སྐུལ་ཁང་གིས་གཙོ་སྒྲུབ་གནང་བཞིན་པའི་ལོ་ཕྱེད་དུས་དེབ་ཅིག་ཡིན། འདིའི་ནང་དུ་སློབ་གསོ་དང་སློབ་ཁྲིད་ཀྱི་རྣམ་ཤེས་ལ་བརྒྱུས་པའི་ལྷུག་རྩོམ་སྟེ། དཔྱད་རྩོམ་དང་འབོལ་རྩོམ། མྱོང་ཚོར་དང་ཟིན་བྲིས། བཅར་འདྲི། སྙན་ཞུ། རྟོག་དཔྱོད། ཉམས་མྱོང་ངོ་སྤྲོད་སོགས་ཡོད་པར་མ་ཟད། སློབ་གསོ་དང་སློབ་ཁྲིད་ཀྱི་ཕྱོགས་ལ་ལྟ་རྟོག་དང་སྐུལ་འདེད། མཐོར་འདེགས་དང་གཞེན་སྐུལ། སློབ་སྟོན་སོགས་ཀྱི་ནུས་པས་གཏམས་ཡོད་ལ། གནའ་དེང་ཕྱི་ནང་གི་མཁས་པའི་ལེགས་བཤད་དང་ས་གནས་སློབ་གསོ་བ་རྒན་གྲས་ཀྱི་སེམས་གཏམ། དེང་རབས་རྩོམ་པ་པོ་དང་ཤེས་ལྡན་པས་བཏོན་པའི་བསམ་ཚུལ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མས་བྲིས་པའི་རྩོམ་ཐུང་སོགས་སྣ་འཛོམས་རང་བཞིན་ཅན་གྱི་ལོ་ཕྱེད་དུས་དེབ་ཅིག་ཡིན། 2016ལོའི་དེབ་གཉིས་པ་ད་ལྟ་དངོས་སུ་དཔར་གྲུབ་བྱུང་སྟེ་སྤྱི་ཚོགས་ཀྱི་སྒང་ལ་རིན་མེད་གཟིགས་འབུལ་གནང་བཞིན་པའི་སྒང་ཡིན།  


༼མང་རྫོང་སློབ་གསོའི་ལྟ་སྐུལ༽དཀར་ཆག

     དུས་དེབ་འདིའི་ལེ་ཚན་གྱི་མིང་འདོགས་སྟངས་ལ་རང་གི་ཁྱད་ཆོས་ཤིག་བཟུང་ཡོད་པ་སྟེ། ཐོག་མའི་ཤིས་བརྗོད་ཀྱི་ལེ་ཚན་ལ་སློབ་གསོའི་སྐྱེམས་ཟེར་ཞིང་སློབ་གསོའི་སྲོག་ལྟ་བུའི་ལེགས་རྩོམ་ཤོག་ངོས་གཅིག་བཞག་ཡོད། འདིས་ཀློག་མཁན་དག་གི་དང་བ་དྲངས་ནས་སློབ་གསོའི་རྩོམ་ཡིག་ཀློག་པའི་དགའ་སྣང་སྤེལ་ཆེད་གསེར་སྐྱེམས་འདྲེན་པའི་མཚོན་ཚུལ་ཙམ་ཡིན། ལེ་ཚན་གཉིས་པ་སློབ་གསོའི་སྒྲོམ་ནི་སློབ་གསོའི་སྐོར་གྱི་མ་ཤེས་ཚད་མེད་ཀྱི་སྲིད་ཇུས་དང་བཅའ་ཁྲིམས། ཆོད་དོན་དང་ཡིག་ཆ། གཏན་འབེབས་དང་སྒྲིག་སྲོལ། ལམ་ལུགས་དང་ཁ་ཕྱོགས་སྐོར་འཇོག་ས་ཡིན། གོང་རིམ་གྱི་སྒྲོམ་གཞི་ལྟ་བུའི་སློབ་གསོའི་སྲིད་ཇུས་དང་བཅའ་ཁྲིམས་མ་ཤེས་པར་སློབ་གསོ་གཉེར་བ་ནི་ལོང་བ་ཐང་དཀྱིལ་ལ་བཏང་བ་ལྟར་ཁ་ཕྱོགས་མེད་པར་འགྱུར་བས། གྱོང་མི་རེག་པའི་ངེས་པའང་མེད་འདུག་པ་རེད།


༼མང་རྫོང་སློབ་གསོའི་ལྟ་སྐུལ༽དཀར་ཆག

     ལེ་ཚན་གསུམ་པ་སློབ་གསོའི་ཁམས་ནི་རྩོམ་མཁན་རྣམས་ཀྱིས་གསར་དུ་བརྩམས་ཤིང་དུས་དེབ་དང་དྲ་སྟེང་གཞན་དག་ལ་མ་འཁོད་པའི་གསར་རྩོམ་གྱི་སྐོར་ཏེ། སློབ་གསོའི་ཕྱོགས་ལ་ལྟ་རྟོག་དང་སྐུལ་འདེད། མཐོར་འདེགས་སོགས་ཀྱི་ནུས་པ་འདོན་པའི་དཔྱད་རྩོམ་དང་འབོལ་རྩོམ། མྱོང་ཚོར་དང་ཟིན་བྲིས། བཅར་འདྲི་དང་སྙན་ཞུ། རྟོག་དཔྱོད་དང་ཉམས་མྱོང་ངོ་སྤྲོད་སོགས་འགོད་ས་ཡིན། ནམ་མཁའི་ཁམས་དང་ས་ཡི་ཁམས་ནི་ཟབ་ཅིང་རྒྱ་ཆེ་བ་རྒྱུ་མཚན་དུ་བྱས་ནས་སློབ་གསོའི་ཁམས་འདི་ཡང་ཟབ་ཅིང་རྒྱ་ཆེ་ལ་མ་གླེང་ཐུ་མེད་དུ་གྱུར་བའི་ལས་རིགས་ཤིག་པས། འདྲ་བ་རྒྱུ་མཚན་གྱི་སྒོ་ནས་མིང་དེ་ལྟར་བཏགས་པ་ཞིག་ཡིན།
     ལེ་ཚན་བཞི་བ་སློབ་གསོའི་ཚོམས་ནི་སློབ་གསོའི་ཕྱོགས་ཀྱི་འགྱུར་རྩོམ་འགོད་ས་སྟེ། གཞན་གྱི་གཞུང་ལུགས་དང་ཉམས་མྱོང་། གཞན་གྱི་ལེགས་རྩོམ་དང་གསུང་རྩོམ། གཞན་གྱི་ཕུན་སུམ་ཚོགས་པའི་ཆ་ནང་འདྲེན་བྱེད་པའི་ལེ་ཚན་ཞིག་ཡིན། ཚོམས་ཟེར་བ་འདི་ནི་མི་མང་འདུ་སའི་ཁང་བ་ཆེན་པོའི་མིང་ཡིན་པ་ལྟར་གཞན་གྱི་འགྱུར་རྩོམ་འདི་དག་གིས་ཀྱང་མི་མང་ལ་ཕན་ཐོགས་པར་འགྱུར་བའི་ཚོམས་ལྟ་བུར་དམིགས་ནས་མིང་དེ་ལྟར་བཏགས།


༼མང་རྫོང་སློབ་གསོའི་ལྟ་སྐུལ༽རྒྱ་ཡིག་གི་དཀར་ཆག

     ལེ་ཚན་ལྔ་བ་སློབ་གསོའི་ལམ་ནི་མང་རྫོང་ས་གནས་ཀྱི་སློབ་གསོ་བ་རྒན་གྲས་རྣམས་ཀྱིས་སློབ་གསོའི་ལམ་བུ་གསར་དུ་བཙུགས་ནས་མི་རིགས་སློབ་གསོ་དང་ས་གནས་སློབ་གསོ་ལ་ཐབས་ལམ་གསར་བ་བཏོན་པའི་ཉམས་མྱོང་དང་བཞུད་ལམ་སྔོག་བཤེར་བྱེད་ས་ཞིག་ཡིན། སྔར་གྱི་ལམ་བུ་མི་བརྗེད་ཅིང་ཕྱི་ཡི་ལམ་ཞེང་ཆེར་བསྐྱེད་རྒྱུ་དེ་ནི་འུ་ཅག་རྗེས་རབས་རྣམས་ཀྱི་འོས་འགན་དུ་མཐོང་ནས་མིང་དེ་ལྟར་བཏགས་པ་ཞིག་ཡིན།
     ལེ་ཚན་དྲུག་པ་སློབ་གསོའི་སྡོམ་ནི་གནའ་དེང་ཕྱི་ནང་གི་མཁས་དབང་རྣམས་ཀྱིས་སློབ་གསོར་བཞག་པའི་ལེགས་བཤད་དམ་སྡོམ་ཚིག་འགོད་ས་ཞིག་ཡིན། སྡོམ་ཚིག་གིས་མིའི་རྒྱུད་ལ་གདམ་ངག་གྱ་ནོམ་པ་སྟེར་བས་སྡོམ་ཚིག་གི་སྡོམ་བླངས་ནས་ལེ་ཚན་གྱི་མིང་དུ་བྱས་ཡོད།
     ལེ་ཚན་བདུན་པ་སློབ་གསོའི་ནོམ་ནི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགོད་ས་ཞིག་ཡིན། བྱིས་པའི་རྩོམ་ཡིག་ནི་བྱིས་པ་རང་ཉིད་ཀྱི་རྒྱུ་ནོམ་ཡིན་པར་མ་ཟད། ཕ་མ་དང་དགེ་རྒན། སློབ་གྲྭ་དང་ཁྱིམ་ཚང་སོགས་མང་པོ་མང་པོ་ཞིག་གི་རྒྱུ་ནོམ་དུའང་འགྱུར་སྲིད་པས་མིང་དེ་ལྟར་བཏགས།
     ལེ་ཚན་བརྒྱད་པ་སློབ་གསོའི་ཟམ་ནི་རྩོམ་མཁན་དང་ཀློག་མཁན། སྒྲིག་མཁན་གསུམ་བར་འབྲེལ་ཟམ་བཙུགས་ནས་དུབ་དེབ་འདི་ཉིད་ཀྱི་སྤེལ་སྟངས་ལ་བསམ་ཚུལ་གདོན་དུ་བཅུག་སྟེ་རྩོམ་གྱི་སྒྲིག་སྟངས་སོགས་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏང་པར་སློབ་སྟོན་གནང་ས་ཞིག་ཡིན། ཟམ་པ་ནི་སྣེ་གཉིས་སྦྲེལ་བྱེད་ཀྱི་རྐང་སྟེགས་ཤིག་ཡིན་པར་བརྟེན། དུས་དེབ་ལའང་འདི་ལྟ་བུའི་ཟམ་པ་ཞིག་མཁོ་བར་དམིགས་ནས་མིང་དེ་ལྟར་བཏགས་པའོ།།


༼མང་རྫོང་སློབ་གསོའི་ལྟ་སྐུལ༽རྒྱབ་ཤོག

     དུས་དེབ་འདིར་ད་དུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་མང་རྫོང་གི་གཟའ་ཉི་མའི་ཁ་བརྡའི་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྩོམ་སྒྲིག་བྱེད་བཞིན་ཡོད་ལ། མང་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་སྟེ་རྒྱབ་སྐྱོར་བླ་ལྷག་གནང་བཞིན་ཡོད།  ད་དུང་རྩོམ་ཡོན་མཐོ་ཞིང་ས་གནས་སོ་སོར་དཔེ་ཆ་རིན་མེད་དུ་གཟིགས་འབུལ་གནང་བཞིན་ཡོད་པ་འདི་ལས་སློབ་གསོའི་བྱ་གཞག་ལ་དམིགས་སུ་མཐོང་ཆེན་བྱེད་བཞིན་པའི་སྣེ་མོ་དེ་མཐོང་མི་ཐུབ་པ་ཅི་ལ་སྲིད། གལ་སྲིད་ཁྱེད་ཀྱིས་རང་གིས་བྲིས་པའི་རྩོམ་ཅིག་འདི་རུ་འགོད་བསམ་ན་ཡིག་ཟམ་ནང་བསྐུར་རོགས། 
1823389828@qq.com


འབྲེལ་ཡོད་འོས་སྦྱོར།