མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
དེ་ཡང་། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་རིགས་མི་དམངས་ཀྱིས་རང་གི་ངལ་རྩོལ་ལ་ བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ངོས་འཛིན་དང་། ནང་བཅུད་ཀྱི་སེམས་ཅན་ལ་སྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དར་ཞིང་ འཕེལ་བའི་རིག་གནས་ཀྱི་སྒྱུ་རྩལ་གྱི་རིགས་གང་དང་ཅི་ཡིན་རུང་། དེ་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ལ་དག་སྒྲིག་དང་ཞིབ་འཇུག་གི་རིན་ཐང་བླ་མེད་ལྡན་པ་ནི་སྨྲོས་ཅི་དགོས་ཏེ། ཨ་མདོའི་དམངས་གླུའི་སྒྱུ་རྩལ་གྱི་རིག་གནས་འདི་ཡང་དེའི་ཁོངས་སུ་འདུ་བས། ང་ཚོ་གངས་རི་ར་བས་བསྐོར་བའི་ཡུལ་གྲུ་འདི་རུ། དམངས་ཁྲོད་རིག་གནས་ཀྱི་ལྗོན་པའི་རྩ་བ་ཚུགས་ཤིང་། གླུ་གར་སྒྱུ་རྩལ་གྱི་ཁོ་ལག་རབ་ཏུ་རྒྱས་པའི་སྐལ་བཟང་གི་དུས་འདིར། མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་གཞུང་ལས་ཁང་དང་བཟོ་ཚོགས། ཐོན་ཨུ་བཅས་ཀྱིས་རང་རེའི་དམངས་ཁྲོད་སྒྱུ་རྩལ་རིག་གནས་སྤྱི་དང་། ལྷག་པར་དུ་དམངས་གླུའི་སྒྱུ་རྩལ་གྱི་ཉམས་པ་སླར་གསོ་དང་། མ་ཉམས་གོང་སྤེལ་གྱི་ལས་དོན་རླབས་པོ་ཆེ་འདི་ལྷུར་ལེན་གྱིས། སྐབས་གཉིས་པའི་ དྲིན་གཟོ་རྟགས་ཅན་གྱི་སློབ་རའི་དམངས་གླུ་འགྲན་བསྡུར་གཟབ་རྒྱས་ངང་སྤེལ་བ་ རེད།
ཐེངས་འདིའི་འགྲན་བསྡུར་ལ་ཁྱོན་བསྡོམས་སློབ་རའི་གླུ་བ12ཞུགས་པ་དང་། དེ་དག་གིས་བརྗོད་དོན་སྣ་མང་ཕུན་སུམ་ཚོགས་ཤིང་འཚོ་བ་དངོས་དང་འབྲེལ་ཆེ་བ། རྗོད་བྱེད་ཚིག་སྦྱོར་བདེ་ཞིང་བོད་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་པ་དང་། དབྱངས་རྟ་སྙན་ཞིང་གསོན་ཉམས་ལྡན་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མ་བོར་བའི་དམངས་གླུ་བླངས་པ་བརྒྱུད་སློབ་རའི་དམངས་ཁྲོད་སྒྱུ་རྩལ་རིག་གནས་ཀྱི་བང་མཛོད་དུ། ཉམས་དགའ་བའི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ཡོད་པ་སྟེ། ཐེངས་འདིའི་འགྲན་ཞུགས་གླུ་བའི་ཁྲོད་དུ་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ལ་སློབ་རའི་གླུ་བའི་མཚན་སྙན་དང་དཔང་རྟགས་བྱིན་པ་རེད།
སློབ་གྲྭའི་འགོ་ཁྲིད་ཀྱིས་མང་རྫོང་རླུང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་དུ་ལེན་དུས་སུ། ཐེངས་འདིའི་བྱེད་སྒོ་འདི་ནི་སློབ་ཕྲུག་ཚོའི་བསླབ་ཕྱིའི་འཚོ་བ་དང་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་པར་དམིགས་པར་མ་ཟད། འདིས་ནི་སློབ་ཕྲུག་ཚོའི་བརྒྱུད་ལ་ཆུང་དུས་ནས་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་རིན་ཐང་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེས་པར་མ་ཟད། ཁོ་ཚོས་རང་གི་ནུས་པས་དམངས་ཁྲོད་སྒྱུ་རྩལ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ལས་དོན་རླབས་པོ་ཆེ་ཕྲག་ལ་ལེན་པའི་སྤོབས་དང་སྙིང་སྟོབས་ཀྱང་སྐྱེད་སྲིང་བྱེད་ཐུབ་ཟེར།
མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་བང་མཛོད་ཆེན་པོ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ། ཕུན་སུམ་ཚོགས་པ་སྟེ། དེ་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་རང་རེའི་མེས་པོ་གོང་མ་དག་གི་བློ་གྲོས་ཀྱི་རྩལ་དང་ཤེས་རབ་ཀྱི་བཅུད་ལས་བྱུང་བ་ཤ་སྟག་ཡིན་ཞིང་། མི་ལོ་མང་པོའི་རིང་གི་ལག་ལེན་དང་བརྒྱུད་འཛིན་འོག་ཏུ། དུས་རབས་ཉེར་གཅིག་པའི་རྫོགས་ལྡན་གྱི་དུས་འདིར་སླེབས་པ་ན། སྔར་ལས་ལྷག་པར་དར་འཕེལ་གྱི་ཆུ་རྒྱུན་རིང་དུ་བསྲིངས་འདུག་པ་དེ་ནི་ཅི་འདྲའི་ཉམས་དགའ་བ་ཞིག་རེད་ཨང་།