logo

༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་གཟའ་ལྷག་པའི་གླེང་སྟེགས་སྐབས་བཞི་བ་སྤེལ།

རྩོམ་པ་པོ།:བསེ་ཐར་འབུམ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-17 ཀློག་གྲངས།:
སྤྱི་ཟླ4བའི་ཚེས15ཉིན་སྟེ་གཟའ་ལྷག་པའི་དགོང་མོའི་དུས་ཚོད7:00སྟེང་བགྲོ་གླེང་དང་མཉམ་སྤྱོད། བརྗེ་རེས་ཀྱིས་ཤེས་པ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ་གྱི་སློབ་སྦྱོང་གི་སྲོལ་ཡག་པོ་ཞིག་ཆགས་པ་དང་ཤེས་རབ་ཀྱི་སློབ་ར་འཛུགས་སྐྲུན་བྱ་བ། རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ལ་དམིགས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་དཔེ་ཁང་ཤེས་རབ་གླིང་དུ་སློབ་གཙོ་བསོད་ནམས་རྡོ་རྗེ་དང་དགེ་རྒན་ཚེ་བརྟན་སོགས་ཀྱིས་བཀོད་སྒྲིག་དང་འབད་འབུངས་བརྒྱུད། གཟའ་ལྷག་པའི་གླེང་སྟེགས་སྐབས་བཞི་བ་རིམས་ནད་ཀྱི་མཆེ་བར་ནས་བློ་སྤོབས་དང་ཡིད་ཆེས། རེ་སྨོན་གྱིས་ཁེངས་ཤིང་། སྲོག་གི་རྒྱུ་བ་མ་ཆད་པར་སྔར་བཞིན་གྲ་སྒྲིག་དང་གོ་རིམ་ཡོད་པའི་ངང་ནས་འཚོགས།
ཐེངས་འདིའི་གླེང་སྟེགས་ལ་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་མདོ་འཛིན་གནང་། ཁོང་གིས་གསུངས་དོན། མིའི་འཚོ་བར་སྙན་ངག་གི་བྲོ་བ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། དགེ་རྒན་ཚོ་ལ་སྙན་ངག་གི་གྲུབ་པའི་འཚོ་བ་ཞིག་ཡོད་འོས་པ་ཡིན། དེའི་ཕྱིར་དགེ་རྒན་པདྨ་བཀྲ་ཤིས་ལགས་ནས་ལོ་ངོ་དུ་མར་དཔྱད་ཞིབ་བྱས་པའི་འབྲས་བུ་ཕངས་བ་མེད་པར་ཤེས་པ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ། སློབ་སྦྱོང་འབྲས་བུ་ཅན་དུ་གྱུར་བ་དེ་རིང་རྣམ་པ་ལྷན་རྒྱས་ལ་འཆད་རྒྱུ་རེད། འདི་ནི་ང་ཚོའི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རེད། རྒྱུ་མཚན་ནི། ལྟ་ཚུལ་མི་གཅིག་པ་ལས་སློབ་སྦྱོང་གི་བློ་བསྐྱེད་མི་དམན་པ་འཐོབ་པར་བྱེད་པས་ཤེས་པ་མཉམ་སྤྱོད་ཀྱི་སློབ་སྦྱོང་གི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་གོ་ཞེས་གླེང་བསླངས།
ཐེངས་འདིའི་གླེང་སྟེགས་སྟེང་གི་འཆད་པ་བོ་རྒན་པདྨ་བཀྲ་ཤིས་ལགས་ནས་ལོ་དུ་མའི་དཀའ་སྤྱད་འབད་བརྩོན་གྱི་ཞིབ་འཇུག་སྟེ་སྙན་ངག་གསར་བའི་ཐོག་མའི་སྣང་ཚུལ་དང་དེ་ལས་འཕྲོས་པའི་བསམ་གཞིགས་ཞེས་པ་ལས་ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་སྙན་ངག་དམིགས་སུ་བཟུང་ནས་འགྲེལ་བཤད་གནང་། ཁོས་བཤད་རྒྱུར། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནི་བོད་ལ་མཚོན་ན་སྔོན་ཆད་ཀྱི་འཚོ་གནས་བྱེད་སྟངས་ལ་རྩ་བ་ནས་འགྱུར་ལྡོག་ཕྱིན་པའི་རིག་གནས་འཕེལ་འགྱུར་གྱི་དུས་སྐབས་གལ་ཆེན་ཞིག་ཡིན། དུས་འདི་ནས་བཟུང་བོད་ནི་ཉམས་མྱོང་དང་རྒྱུན་ཤེས། གོམས་སྲོལ་སོགས་གཙོར་བྱེད་པའི་ཞིང་ལས་ཤེས་རིག་ནས་རིགས་ཤེས་དང་ཚན་རིག་གི་ཤེས་བྱ་གཞིར་འཛིན་པའི་དེང་རབས་ཤེས་རིག་ཏུ་བརྒལ་བའི་མགོ་བརྩམས་པ་དང་། རིག་གནས་འཕོ་འགྱུར་གྱི་དུས་སྐབས་དང་འབྲེལ་ཏེ་བོད་དུ་རང་མོས་སྙན་ངག་རྒྱ་ཆེར་དར་ཞིང་། ཡུལ་དུས་གནས་བབ་ཀྱི་དབང་གིས་རྩོམ་སྲོལ་འདི་ནི་བརྩམས་སྒྲུང་སོགས་རྩོམ་ལུས་གཞན་དང་འདྲ་བར་བསམ་བློ་གསར་བའི་ཆུ་རྒྱུན་བོད་ཡུལ་དུ་འདྲེན་པའི་ཡུར་བ་རུ་གྱུར། སྙན་ངག་རང་སྟེང་གི་མཛེས་པ་དམིགས་བསལ་བ་ཙམ་མ་ཟད། སྤྱི་ཚོགས་ཡར་རྒྱས་དང་རིག་གནས་གོང་སྤེལ། མི་རིགས་འཕེལ་རྒྱས་བཅས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་ཡོད་ཅེས་དོན་ཚན་ལྔ་རུ་བགར་ནས་སྐབས་དེའི་སྙན་ངག་གི་བསམ་བློའི་ངོ་བོ་དང་མངོན་སྟངས། དང་ལེན་གནས་བབ་སོགས་ཀྱི་ཐད་ནས་ཤེས་པ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ། བསམ་བློ་བརྗེ་རེས་གནངས།
འཆད་པ་བོས་བཤད་ཚར་རྗེས། དགེ་གྲོགས་དག་ནས་དཔྱད་བརྗོད་སྤེལ། ཐོག་མར་སློབ་གཙོ་བསོད་ནམས་རྡོ་རྗེས་གསུངས་དོན། ཁོ་རང་ཉིད་ལ་མཚོན་ན་ལོ་རབས་བརྒྱད་ཅུ་བའི་མི་ཞིག་ཡིན་པ་དང་། སྐབས་དེའི་ཀློག་པ་བོའམ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ལོ་རབས་བརྒྱད་ཅུ་བའི་སྙན་ངག་ནས་ད་ལྟའི་བར་གྱི་སྙན་ངག་གི་འཕེལ་འགྱུར་གྱི་ཆ་ནས་རང་ཉིད་ཀྱི་ལྟ་ཚུལ་དང་དོགས་གཞི་བཏོན་ཏེ་སྙན་ངག་ནི་སྨྲ་བརྗོད་ཀྱིས་དཔྱོད་པར་དཀའ་ལ། སེམས་ཀྱིས་རོལ་མྱོང་བྱ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་དང་། མི་ཚེའི་མཐར་ཐུག་གི་རིན་ཐང་ནི་སད་རྟོགས་དང་བསམ་གཞིག་གི་ཤེས་རབ་ཡིན་པ་ལས་འཚོ་བཞེས་ཁོ་ན་མིན་པའི་ལྟ་ཚུལ་བཏོན།
དེའི་འཕྲོར་རྒན་མགོན་པོ་ཚེ་རིང་ལགས་ནས་ཐེངས་འདིའི་བརྗོད་གཞི་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ང་ཚོའི་སྔོན་ཆད་ཀྱི་སྙན་ངག་ནི་མི་རིགས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ཀྱི་འདུ་ཤེས་ལ་བརྟེན་ནས་སྙན་ངག་འབྲི་བཞིན་ཡོད། ད་ལྟའི་སྙན་ངག་ནི་དེ་ལས་འདའ་ཡོད་དེ་འགྱུར་བ་བླ་ལྷག་བྱུང་ཡོད་པ་དང་དེང་སྐབས། རྒྱུན་ལྡན་ང་ཚོ་གསོན་ཡོད་ཀྱང་། ཆུའི་ཁ་ན་གསོན་བཞིན་ཡོད་པས། འཚོ་བ་ལ་ངེས་ཟིན་ཟབ་མོ་མེད་པས། མི་མང་པོ་ཞིག་སྙན་ངག་དང་བར་ཐག་གྱེས་ཏེ་ཡུལ་ཅན་གྱི་ཤེས་པ་ཕྱིར་མངོན་པའི་ཆགས་སྡང་གཏིང་ཟབ་པའི་སྙན་ངག་འབྲི་མཁན་མང་པོ་མེད་པ་དང་བྲིས་པའི་སྙན་ངག་ལ་རོལ་མྱོང་གནང་ཐུབ་མཁན་ཡང་མང་པོ་མེད། དེ་བཞིན་དུ། དེང་སྐབས་ནི་སའི་གོ་ལ་སྡེ་བ་ཅན་དང་རིག་གནས་སྣ་མང་ཅན་ཏེ་ཐོར་ཞིག་ཏུ་གྱུར་དང་འགྱུར་བཞིན་པས། སྒོར་དབྱིབས་ཅན་གྱི་བསམ་བློ་མ་ཆགས་པ་སོགས་ལྟ་ཚུལ་ལྷུག་པོར་གླེང་།
རིམས་ནད་ཀྱིས་ང་ཚོའི་འཚོ་བ་དང་ཚེ་སྲོག་གི་རི་བོ་ཉིལ་དུ་བཅུག་ཅིང་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ཟང་ཟིང་དང་འཇིགས་སྣང་གིས་ཁེངས་པའི་གནས་སྐབས་སུ། མཐོ་འབྲིང་གསུམ་པའི་གོང་འོག་བར་གསུམ་གྱི་རྣམ་ཤེས་ཀྱི་དྲོད་མ་ཡལ་ཞིང་། སྤོབས་པའི་དཔུང་མ་ལྷོད་པར་རིམས་ནད་བདུད་ཀྱི་མཆེ་བར་ནས་ཤེས་བ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ། བསམ་བློ་བརྗེ་རེས་ཀྱི་བློ་སྤོབས་ལ་ཉན་པ་བོ་ཀུན་ཀྱང་མཐོ་འབྲིང་གསུམ་པའི་མི་བུ་རྣམས་ལ་ཡིད་སྨོན་གྱིས་ཁེངས་པར་གྱུར་ཏོ། །
འབྲེལ་ཡོད་འོས་སྦྱོར།