logo

༄༅།།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་གྱིས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-14 ཀློག་གྲངས།:
སྤྱི་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩ་འཛུགས་ལྟར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་གྱིས་མཚོ་ལྷོ་ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་།  ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག  དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ལ《ལོ་ཙཱ་དང་བཀས་བཅད》ཅེས་པ་བརྗོད་གཞི་བྱས་ཏེ་རྒྱ་བོད་ལོ་ཙཱ་དང་བཀས་བཅད་སྐོར་གྱི་ལས་ཁུངས་མི་སྣ་དང་། མིང་དང་བརྡ་ཆད་ཀྱི་ལོ་ཙཱ། བརྡ་རྟགས་ཚེག་ཤད་ཀྱི་བཀས་བཅད་སྐོར་ནས་འཆད་ཁྲིད་གནང་ལ། སྒོས་སུ་མ་ཡིག་དང་མི་འགལ་ལ་བོད་ལ་ཡང་གོ་བདེ་བར་བྱེད་པ་དང་།  ཚིག་མཛོད་བསྒྲིགས་པའི་གལ་ཆེན་རང་བཞིན། བྱ་ཚིག་ཉིས་བརྩེགས་སྤྱོད་པར་གཟབ་ནན་བྱེད་དགོས་ཚུལ། བརྡ་རྟགས་ཚེག་ཤད་བེད་སྤྱོད་དང་ལེན་བྱེད་དགོས་ཚུལ(དཔེར་ན། རྩིས་དངོས་རྫས་གསུམ་ཁྲོད་ཀྱི་བརྡ་རྟགས་དང་། དཔེ་རྟགས། གུ་རྟགས་སོགས་བོད་ཡིག་ལའང་ཀློག་བདེ་བ་དང་དགོས་མཁོ་ཆེ་བ་ལྟ་བུ)སོགས་ཀྱི་ཐད་ནས་ལྷུག་པོར་བརྗོད་དེ་འདིར་བཞུགས་སློབ་མ་རྣམས་ལ་བློ་བསྐྱེད་ཆེན་མོ་བྱུང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་གྱིས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་བཞིན་པ།
རྩེ་གཞུང་སྐལ་བཟང་འབུམ། ཕ་ཡུལ་ནི་རྨ་ལྷོ་རྩེ་ཁོག་གི་ཡིན། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། 1993ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་སློབ་མཐར་ཕྱིན་རྗེས་ད་གར་དགེ་རྒན་གྱི་བྱ་བ་གཉེར། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མཐར་ཕྱིན་ཏེ་རབ་འབྱམས་པའི་བསླབས་གནས་ཐོབ། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་མཐུན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་རིག་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཆེད་མཁས་ཨུ་ཡོན་བཅས་ཀྱི་འགན་ཁུར་ཡོད། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། མཐོ་རིམ་སློབ་ཆེན་རིམ་པ། རྒྱལ་སྤྱིའི་རྩ་འཛུགས་རིམ་པའི་ཞིབ་འཇུག་ལས་གཞི6ལ་ལས་ཞུགས་འགོ་འཛིན་བྱས་ཤིང་། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་དང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ20ལ་ཞུགས། ད་སྔར་པར་སྐྲུན་བརྩམས་ཆོས6དང་རིག་གཞུང་དཔྱད་རྩོམ20ལྷག་སྤེལ། སྔ་གཞུག་ཏུ་མཐོ་རིམ་པ་སློབ་གསོའི་དཔེ་ཁྲིད་གྲུབ་འབྲས་ཨང་དང་པོ1དང་། ཞིང་ཆེན་རིམ་པའི་མི་རིགས་སྐད་ཡིག་དང་ལོ་ཙཱའི་དཔྱད་རྩོམ་ཨང་དང་པོ2། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་རྩོལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ1བཅས་ཐོབ་མྱོང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཐོན་ཁུངས་ཞིབ་འཇུག་འདོན་སྤེལ་ལྟེ་གནས་ཀྱི་འགན་འཛིན་པ་དང་སློབ་ཁྲིད་ཞིབ་འཇུག་གི་བྱ་བ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།