logo

༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གཙོ་དབང་ཆེན་ཚེ་རིང་གིས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-14 ཀློག་གྲངས།:
སྤྱི་ཟླ7པའི་ཚེས14ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩ་འཛུགས་ལྟར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གཙོ་དབང་ཆེན་ཚེ་རིང་གིས་མཚོ་ལྷོ་ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག  དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ལ《གཞུང་ཡིག་ལོ་ཙཱའི་བྱུང་འཕེལ་ལས་འཕྲོས་ཏེ་དེའི་སྒྱུར་ཐབས་སྐོར་མདོར་ཙམ་གླེང་བ།-ཀྲུང་གོ་གསར་བ་དབུ་བརྙེས་ཚུན་གྱི་ཡིག་སྒྱུར》ཞེས་པ་བརྗོད་གཞི་བྱས་ཏེ་ལས་ཁུངས་བཙུགས་ཚུལ་དང་། བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་ཡིག་སྒྱུར་རགས་བསྡུས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཡིག་སྒྱུར་སྐོར། མའོ་ཙེ་ཏུང་གི་གསུང་བཏུས་ཡིག་སྒྱུར་བྱས་ཚུལ་སོགས་ཀྱི་ཐད་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་འཆད་ཁྲིད་གནང་།  
སྐབས་དེའི་བསྒྱུར་ཆོས་གཙོ་བོ། 《མར་ཨེན་ལེ་སི་གསུང་རྩོམ》དང་།《མའོ་ཙེ་རུང་གི་གསུང་བཏུས》།《ཏིང་ཞའོ་ཕིང་གི་གསུང་རྩོམ》།《ཅང་རྩེ་རྨིན་གྱི་གསུང་རྩོམ》།《ཞི་ཅིང་ཕིང་གི་སྲིད་སྐྱོང་ལུགས་སྐོར་གླེང་བ》།《བཅའ་ཁྲིམས་ཕྱོགས་བསྒྲིགས》།《བོད་ཁུལ་གྱི་ས་མིང་དང་ཆུ་མིང་རྒྱ་བོད་ཤན་སྦྱར་ཚིག་མཛོད》།《བོད་ཁུལ་གྱི་སྲིད་འཛིན་སྡེ་བའི་མིང་རྒྱ་བོད་ཤན་སྦྱར་ཚིག་མཛོད》།《མི་རིགས་རྩོམ་རིག》《མི་རིགས་བརྙན་པར》སོགས་མང་དུ་མཆིས།
སྐབས་དེའི་བོད་ཡིག་ལོ་ཙཱའི་ཚན་ཆུང་ལ་རྡོ་སྦིས་དགེ་བཤེས་དང་། གསུང་རབ་རྒྱ་མཚོ། ཚེ་བརྟན་ཞབས་དྲུང་། བསྟན་པ་རྒྱ་མཚོ། དམུ་དགེ་བསམ་གཏན། ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་མ་ཐག་པའི་ཝང་ཡའོ་སོགས་ས་གནས་ཀྱི་སློབ་ཆེན་དང་ལས་ཁུངས་གཞན་དག་ནས་གདན་འདྲེན་ཞུས་ཏེ། 《ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་གི་ཚོགས་འགོ་ཚུགས་པའི་ཤིས་ཚིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས་འཆར་འགོད་སྐོར་གྱི་སྙན་ཞུ 》།《སྲིད་གཞུང་ལས་དོན་སྙན་ཞུ》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས》བཅས་ལོ་ཙཱ་གནང་། ཚོགས་ཆེན་མཇུག་བསྒྲིལ་རྗེས། 《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཡིག་ཆ》ཕྱོགས་བསྒྲིགས་མཛད།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཡིག་ཆ་ལོ་ཙཱའི་བྱ་བ་མཇུག་རྫོགས་རྗེས། ལོ་ཙཱ་དཔུང་སྡེ་དེའི་རྨང་གཞིའི་ཐོག《མའོ་ཙེ་ཏུང་གི་གསུང་བཏུས》གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྔའི་སྒོ་ནས་སྒྱུར་འགོ་ཚུགས་པ་དང་། རྡོ་སྦིས་དགེ་བཤེས་བོད་ཡིག་ཞུ་དག་གི་འགན་བཞེས་ལ། མཉམ་སྡེབ་ཡིག་སྒྱུར་དང་ཐུན་མོང་ནས་འགྱུར་ཞུས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བསྟན་བཅོས་དག་ལས་སྔོག་འདོན་དང་འཚོལ་ཞིབ་བྱས་པ་དང་། ཡི་གེའམ་མིང་རྐྱང་གཞི་བྱས་ནས་མིང་བརྡའམ་ཐ་སྙད་གསར་དུ་བཟོས་པ། བསྟན་བཅོས་དག་ལས་ཚུར་བླངས་ནས་ཐད་ཀར་བཀོལ་སྤྱོད་བྱས། 
མཐར། མྱོང་ཚོར་མདོར་བསྡུས་ཏེ།  ༡.ལོ་ཙཱའི་ལས་ཀ་སྒྲུབ་མཁན་ཞིག་ཡིན་ན།  ཐོག་མར་ལོ་ཙཱ་ནི་བླ་མེད་ཀྱི་བྱ་གཞག་ཅིག་ཡིན་པར་ངོས་ཟིན་ཡོད་དགོས།  ༢.ལོ་ཙཱ་བརྒྱུད་ནས་རྒྱལ་ཁབ་དང་མི་རིགས་ཁག་བར་བསམ་བློ་དང་རིག་གནས་བརྗེ་རེས་བྱས་ཏེ།  ཕན་ཚུན་བར་གྱི་འགལ་ཆ་སེལ་བ་དང་མཛའ་བརྩེ་སྤེལ་བ། མིའི་རིགས་ཀྱི་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། ༣.གཞུང་ཡིག་བསྒྱུར་བར་ངེས་པར་དུ་མ་ཡིག་ལ་བསྟུན་དགོས་པ་མ་ཟད།  སྒྱུར་ཐབས་ཐད་རྩོམ་རིག་ལྟར་ཚིག་འདོར་བ་དང་ཁ་སྣོན་པ་སོགས་གཏན་ནས་མི་རུང་།  ༤.གཞུང་ཡིག་སྒྱུར་ཐབས་ལ་དོན་སྒྱུར་དང་། ཐད་སྒྱུར།  སྒྲ་སྒྱུར།  བསྣོལ་བསྒྱུར། (ལྡོག་བསྒྱུར)བསྡུ་སྒྱུར་སོགས་སྤྱོད་རྒྱུ་ལས་སྣོན་སྒྱུར་དང་འཕྲི་སྒྱུར་བྱས་ན། ཚིག་སྦྱོར་བདེ་རུང་། མ་ཡིག་གི་དགོངས་དོན་དང་མི་མཐུན་པས།  འཛེམ་བྱའི་རིགས་ཡིན། ༥.ལོ་ཙཱ་ནི་དཀའ་ཚེགས་ཆེ་ཞིང་ཞིབ་ཆ་ཆེ་བའི་ལས་དོན་ཞིག་ཡིན་ལ། རིག་པའི་གནས་མང་པོ་ཞིག་དང་འབྲེལ་འདུག་པས། ཤེས་རྒྱ་དང་ཐོས་རྒྱ་ཆེ་དགོས། ༦.ལོ་ཙཱ་ནི་ཆེད་ལས་ཀྱི་རིག་ཚན་ཞིག་ཡིན་པས། རྒྱ་ཡིག་དང་བོད་ཡིག་ཤེས་པ་ཙམ་གྱི་ཡིག་སྒྱུར་ལེགས་པོ་ཞིག་འཁྱོངས་དཀའ།  ལོ་ཙཱའི་དཔུང་སྡེའི་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཚུལ་བརྗོད།
དགེ་རྒན་དབང་ཆེན་ཚེ་རིང་། ཕ་ཡུལ་འབའ་རྫོང་གི་ཡིན། ཞུས་ཆུང་ལོ་ཙཱ་བ་ཡིན། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོའི་འགན་བཞེས་པའི་ཞོར་དུ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ཚོགས་མི། 《མི་རིགས་རྩོམ་རིག》དུས་དེབ་ཀྱི་ཆེད་བསྐོས་སྒྱུར་སྒྲིག་ཞུ་དག་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས་ཡོད། སྔ་རྗེས་སུ《ཀྲུང་གོའི་བོད་རིག་པ》དང་། 《མི་རིགས་རྩོམ་རིག》སོགས་གཙོ་གནད་དུས་དེབ་ཀྱི་སྟེང་དུ་རིག་གཞུང་དཔྱད་རྩོམ་དང་བསྒྱུར་རྩོམ་གང་མང་སྤེལ་མྱོང་། 2002ལོའི་ཟླ8པ་ནས2015ལོའི་ཟླ6པའི་བར་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་བོད་ཡིག་གཞུང་ལས་ཁང་ཡིག་སྒྱུར་ཚན་ཁག་གི་འགོ་གཙོའི་འགན་བཞེས་ནས་རྒྱ་བོད་ཡིག་སྒྱུར་གྱི་ཕྱག་ལས་གནང་བ་དང་། 2002ལོ་ནས2018ལོའི་བར་དུ་ཏང་གི་ཚོགས་ཆེན་ཐེབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ལ་ཞུགས་ཤིང་། “རྒྱལ་ཡོངས་ཚོགས་ཆེན་གཉིས”ཀྱི་ཡིག་ཆའི་བོད་ཡིག་ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ཀྱི་བྱ་བར་ཞུགས་མྱོང་།
འབྲེལ་ཡོད་འོས་སྦྱོར།