logo

༄༅།།ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་རྒྱལ་གྱིས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-16 ཀློག་གྲངས།:
སྤྱི་ཟླ7པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩ་འཛུགས་ལྟར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་རྒྱལ་གྱིས་མཚོ་ལྷོ་ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ལ《རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་རིག་གནས་ཁྱད་པར》ཞེས་པ་བརྗོད་གཞི་བྱས་ཏེ་རིག་གནས་ཀྱི་ཁྱད་ཆོས་དང་། སྐད་ཡིག་དང་རིག་གནས་ཀྱི་འབྲེལ་བ། ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བ། སྒོས་སུ་ལོ་ཙཱ་དང་རིག་གནས་ཀྱི་ཁྱད་པར་ཏེ། འཚོ་བའི་ཁོར་ཡུག་གི་ཁྱད་པར་དང་། དངོས་པོ་ཐོན་སྐྱེད་ཀྱི་ཁྱད་པར། བསམ་བློ་གཏོང་སྟངས་ཀྱི་ཁྱད་པར། འཚོ་བའི་གོམས་གཤིས་ཀྱི་ཁྱད་པར། ཆོས་ལུགས་དད་མོས་ཀྱི་ཁྱད་པར། རིན་ཐང་ལྟ་བའི་ཁྱད་པར། དེ་མིན་ལོ་ཙཱ་བྱེད་དུས་གཞུང་ལུགས་དང་ལག་ལེན་གྱི་འབྲེལ་བ་དང་། གོ་བ་ལེན་སྟངས་དང་བརྗོད་སྟངས་ཀྱི་འབྲེལ་བ། ནང་དོན་དང་རྣམ་པའི་འབྲེལ་བ། སྤྱི་དང་བྱེ་བྲག་གི་འབྲེལ་བ། ཐད་སྒྱུར་དང་དོན་སྒྱུར་གྱི་འབྲེལ་བ། སྒྲ་སྒྱུར་དང་དོན་སྒྱུར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་ཐད་ནས་འཆད་ཁྲིད་ལེགས་པོ་གནང་།
དགེ་རྒན་མཁའ་འབུམ་རྒྱལ། 1975ལོར་སྐྱེས། ཕ་ཡུལ་ཁྲི་ཀ་རྫོང་གི་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་ཡིན། མི་རིགས་རིག་པའི་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དང་། ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད། གཙོ་བོ་མི་རིགས་རིག་པ་དང་བོད་རིག་པའི་ཕྱོགས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད།
བོད་རྒྱ་ཡིག་རིགས་གཉིས་ཀྱིས《འཛམ་གླིང་ཆོས་ལུགས་ཞིབ་འཇུག》དང་། 《ཀྲུང་གོའི་བོད་རིག་པ》།《ཆོས་ལུགས་རིག་པའི་ཞིབ་འཇུག》སོགས་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ30ལྷག་ཙམ་སྤེལ་མྱོང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་ཏའོ་ཅའོ་ཆོས་ལུགས་ཀྱི་ས་ཁོངས་རང་བཞིན་དང་མི་རིགས་རང་བཞིན་གྱི་འཕོ་འགྱུར་སྐོར་གྱི་ཞིབ་འཇུག》དང་།《ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་རྙིང་མ་བའི་སྔགས་པ་དང་དེའི་སྤྱི་ཚོགས་ཤུགས་རྐྱེན་སྐོར་གྱི་ཞིབ་འཇུག》སོགས་ལ་གཙོ་སྐྱོང་གནང་བ་དང་།《ཨ་མདོའི་བོད་རིགས་ས་ཁུལ་གྱི་ཡུལ་ལྷའི་དད་མོས་ཞིབ་འཇུག》ཅེས་པ་དཔེ་སྐྲུན་བྱས་ཤིང་།《ཞིང་ཐང་གི་མི་རིགས་སྤྱི་ཚོགས་དང་རིག་གནས》ཞེས་པ་གཙོ་སྒྲིག་བྱས།
འབྲེལ་ཡོད་འོས་སྦྱོར།