༄༅།།ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་དོན་འགྲུབ་ཀྱིས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-17
ཀློག་གྲངས།:
སྤྱི་ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩ་འཛུགས་ལྟར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་དོན་འགྲུབ་ཀྱིས་མཚོ་ལྷོ་ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ལ《ལོ་ཙཱས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་རགས་ཙམ་གླེང་བ》ཞེས་པ་བརྗོད་གཞི་བྱས་ཏེ་ལོ་ཙཱ་ཞེས་པའི་ཐ་སྙད་དང་། ལོ་ཙཱ་བ་བྱུང་རིམ། ལོ་ཙཱ་བ་གསོ་སྐྱོང་གི་སྡེ་ཐོག་མར་བྱུང་ཚུལ། ལོ་ཙཱའི་གྲུབ་འབྲས་ཆེན་པོ། ལོ་ཙཱའི་ཚད་གཞི་སྟེ་དོན་ལ་ཡང་མི་འགལ་བ་དང་བོད་སྐད་ལ་ཡང་གོ་བདེ་བར་བྱེད་པ། སྒྱུར་ཐབས་རྣམ་པ་གཉིས་ཏེ་སྒྲ་སྒྱུར་དང་དོན་སྒྱུར། སྒོས་སུ་བྱེ་བྲག་པའི་སྒྱུར་ཚུལ་དྲུག་སྟེ། མང་གཅིག་དོན་མང་པོ་ལ་འཇུག་པ་སྒྱུར་ཚུལ། ཡུལ་དང་སེམས་ཅན། མེ་ཏོག རྩི་ཤིང་སོགས་ཆེད་བཀོལ་ཐ་སྙད་སྒྱུར་ཚུལ། གྲངས་སྒྱུར་ཚུལ། ཚིག་ཕྲད་སྒྱུར་ཚུལ། ཆོས་ཀྱི་རྣམ་གྲངས་སྒྱུར་ཚུལ། སངས་རྒྱས་བྱང་སེམས་ཉན་ཐོས་སོགས་ལ་ཞེ་སའི་བཀོད་ནས་སྒྱུར་ཚུལ། དེ་མིན་ལོ་ཙཱ་ལ་བསྟེན་ནས་རིག་གནས་བཅུ་གསར་གཏོད་དང་དར་སྤེལ་མཛད་ཚུལ་དང་། སྔོན་བྱོན་ལོ་ཙཱ་བའི་འགྱུར་གྱི་ཁྱད་ཆོས་ཏེ་ཐུན་མོང་ལོ་ཙཱ་ཡིན་པས་འགྱུར་དག་པ་དང་། གཅིག་ཆོད་ཀྱི་སྲུང་བྱ་ཡོད་པས་འགྱུར་མཐུན་པ། བརྗོད་དོན་རང་རྒྱུད་ལ་བླངས་པ་ཡིན་པས་འགྱུར་གོ་སླ་བ། བྱ་རིམ་ངེས་ཅན་ལྡན་པས་འགྱུར་ལ་ཡིད་ཆེས་པ། བམ་ཚད་གཏན་ལ་ཕབ་པས་འགྱུར་ལ་ལྷད་མེད་པ། སློབ་བུ་ལ་ཁྲིད་རྒྱུད་སྤེལ་བས་འགྱུར་ཁྱབ་བརྡལ་དུ་སོང་པ་སོགས་ཀྱི་ཐད་ནས་ཞིབ་ཅིང་ཕྲ་བའི་ངང་འཆད་ཁྲིད་གནང་།
མཐའ་བ་བཀྲ་ཤིས་དོན་འགྲུབ། 1973ལོར་སྐྱེས། ཕ་ཡུལ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཡིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁ་ཕྱོགས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཐོག་མ་དང་། ལོ་རྒྱུས་རིག་པའི་འབུམ་རམས་ཕྱི་ཚར་བཅས་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད། གཙོ་བོ་ཏུན་ཧོང་གི་གནའ་བོའི་བོད་ཡིག་ཚད་ལྡན་ཡིག་ཆ་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཕྱོགས་ཀྱི་ཕྱག་ལས་གཉེར་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ལས་གཞི3གཙོ་སྐྱོང་གནང་བ་དང་། ཆེད་རྩོམ2པར་སྐྲུན་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ33སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།