༄༅།།མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུས་མཚོ་ལྷོ་ཁུལ་གྱི་རྐང་འཛིན་ལོ་ཙཱ་མི་སྣ་དག་ལ་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-17
ཀློག་གྲངས།:
སྤྱི་ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩ་འཛུགས་ལྟར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུས་མཚོ་ལྷོ་ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཚགས་པར་ཁང་། སྲིད་ཁྲིམས་སྡེ་ཁག དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ལོ་ཙཱའི་ལས་ལ་གཞོལ་བའི་རྐང་འཛིན་པ་སོགས་བསྡོམས་པས་མི40ལ《སྐད་གཉིས་ལོ་ཙཱའི་རྩ་དོན་དང་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ》ཞེས་པ་བརྗོད་གཞི་བྱས་ཏེ་སྐད་གཉིས་ལོ་ཙཱའི་རྩ་དོན་སྐོར་དང་། སྐད་གཉིས་ལོ་ཙཱའི་ཚད་གཞི། སྐད་གཉིས་ལོ་ཙཱའི་སྒྱུར་ཐབས་ཏེ་དོན་སྒྱུར་དང་ཐད་སྒྱུར། སྒྲ་སྒྱུར། སྣོན་སྒྱུར། འཕྲི་སྒྱུར། སྐད་གཉིས་ལོ་ཙཱའི་ལག་ལེན། དེ་མིན་ལོ་ཙཱ་བ་ཞིག་ཡིན་ན་ཡིག་སྒྱུར་གྱི་གཞུང་ལུགས་ལ་མཁས་པ་དང་། རྩ་དོན་བརྩི་སྲུང་བྱེད་པ། སྐད་ཡིག་གཉིས་ཀྱི་ཤེས་ཡོན་ཅུང་ཆ་ཚང་བ། སྤྱི་ཚོགས་དང་ཡིག་སྒྱུར་གྱི་ཉམས་མྱོང་ལྡན་དགོས་པ་སོགས་ཀྱི་ཐད་ནས་འཆད་ཁྲིད་དཔྱིས་ཕྱིན་པ་གནང་།
རིན་ཆེན་ནོར་བུ། སྤྱི་ལོ1964ལོར་ཁྲི་ཀ་གསེར་མོ་ལྗོངས་ནས་སྐྱེས། སྤྱི་ལོ1988ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་དགེ་རྒན་གྱི་འགན་ཁུར། སྔ་ཕྱིས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། པེ་ཅིང་དགེ་ཐོན་སློབ་ཆེན་དུ་བོད་ཀྱི་ལོ་རྒྱུས་དང་སློབ་གསོ་རིག་པ་བཅས་ལ་སློབ་སྦྱོང་བྱས་ཤིང་། ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་དུ་མཚན་ཉིད་རིག་པ་དང་ཆབ་སྲིད་སོགས་ལ་སྦྱངས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཡིན།
སློབ་ཁྲིད་ཀྱི་ཐད་ནས། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བོད་ཀྱི་རྒྱུས་དང་། བོད་ཀྱི་རྩོམ་རིག་ལོ་རྒྱུས། བརྡ་སྤྲོད་རིག་པ། སྙན་དག མཚོ་སྔོན་གྱི་ས་གནས་ལོ་རྒྱུས། སློབ་ཁྲིད་བྱེད་ཐབས། བོད་སོག་རིག་གནས་འབྲེལ་བ་བཅས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་བཅས་ཀྱི་ལས་ལ་འབད་ཅིང་གྲུབ་འབྲས་མངོན་གསལ་བླངས་ཡོད། སློབ་བུ་སྐྱེད་སྲིང་གི་ཐད་ནས། ད་ལྟའི་བར་ཞིབ་འཇུག་དང་དངོས་གཞི། ཆེད་སྦྱོང་སློབ་མ་བཅས་རིམ་པ་མི་འདྲ་བའི་སློབ་མ་སྟོང་ཕྲག་དུ་མ་སྐྱེད་སྲིང་བྱས་ཏེ་ས་གནས་སོ་སོར་དགེ་རྒན་གཙོ་བྱས་པའི་ལས་རིགས་མི་འདྲ་བའི་སྟེང་ཁྱབ་ཡོད་ཅིང་། དེ་ཚོ་ཚང་མ་རང་རང་གི་ལས་གནས་སྟེང་རྐང་འཛིན་པར་གྱུར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ནུས་པ་བཏོན་དང་འདོན་བཞིན་ཡོད། དཔྱད་རྩོམ་གྱི་ཐད་ནས། བོད་ཀྱི་ལོ་རྒྱུས་དང་། བརྡ་སྤྲོད། རྩོམ་རིག དམངས་སྲོལ་རིག་གནས། སློབ་གསོ། ལོ་ཙཱ། བོད་སོག་རིག་གནས་འབྲེལ་བ། ས་གནས་ལོ་རྒྱུས་བཅས་ཀྱི་དཔྱད་རྩོམ50ལྷག《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》《རྩེར་སྙེག》སོགས་ཀྱི་སྟེང་དུ་སྤེལ་ཡོད། བརྩམས་ཆོས་དང་ཞིབ་འཇུག་གི་ཐད་ནས《བོད་ཀྱི་ལོ་རྒྱུས་སློབ་གཞི་བློ་གསར་འཇུག་པའི་འབབ་སྟེགས》དང 《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང》《བོད་ཀྱི་ལོ་རྒྱུས》《བོད་ཀྱི་ལོ་རྒྱུས་སྤྱི་དོན་རབ་གསལ་སྐལ་བཟང་འཇུག་ངོགས》《བོད་ཀྱི་སྐད་ཡིག》བཅས་བརྩམས་ཆོས་ལྔ་སྔ་ཕྱིས་སུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་མི་རིགས་སློབ་གྲྭ་ཆེན་མོ་འགའ་དང་དགོན་སྡེ་སྐོར་ཞིག་གི་སློབ་དེབ་ཏུ་གྱུར་ཡོད། གཞན་ཡང《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང《བོད་སྤྱི་བཤད》《མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་མདོར་བསྡུས》སོགས་མཉམ་འབྲེལ་བརྩམས་ཆོས་དྲུག་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ལ་ཐེངས་མང་ཞུགས་ཤིང་དཔྱད་རྩོམ་གྱི་ལྟ་བ་བརྗེས་རེས་བྱས།
མིག་སྔར་རྒྱལ་ཁབ་རིམ་པའི་ལས་གཞི《མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སོག་མི་རིགས་གཉིས་ཀྱི་རིག་གནས་འབྲེལ་བ་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་སྐོར་ཀྱི་ཞིབ་འཇུག》ཅེས་པའི་ཞིབ་འཇུག་བྱ་བ་ལེགས་གྲུབ་བྱུང་སྟེ་པར་སྐྲུན་བྱེད་གྲབས་ཡོད་ལ། ད་ལྟ་སློབ་ཁྲིད་ཀྱི་ཞོར་དུ་རྒྱལ་ཁབ་རིམ་པའི་ལས་གཞི《དགེ་ལུགས་པའི་བསྟན་པ་མཚོ་སྔོན་པོའི་སོག་ཡུལ་དུ་དར་སྤེལ་བཏང་བའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་སྐོར་ཀྱི་ཞིབ་འཇུག》ཅེས་པ་ཞིབ་འཇུག་བྱེད་པ་སོགས་དཔེ་ཁྲིད་གཤིས་སྐྱོང་དང་ཞིབ་འཇུག་གི་ལས་ལ་འབད་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།