logo

སློབ་གསོའི་རྒྱལ་ཁབ་ཆེན་པོ་ཁོ་སི་ཐ་རི་ཁ།

རྩོམ་པ་པོ།:ཁྲང་ཙོ་དབྱིན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-09 ཀློག་གྲངས།:
སློབ་གསོའི་རྒྱལ་ཁབ་ཆེན་པོ་ཁོ་སི་ཐ་རི་ཁ།
ཁྲང་ཙོ་དབྱིན་གྱིས་བརྩམས། སྒོམ་པ་ཚེ་རིང་གིས་བསྒྱུར།

        ཁོ་སི་ཐ་རི་ཁ(Costa Rica)སྤྱི་མཐུན་རྒྱལ་ཁབ་ནི་མེ་གླིང་དབུས་མའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5.1ལས་མེད། ཤར་ཅ་ལི་པིའི་མཚོ་དང་ནུབ་ཞི་བདེ་རྒྱ་མཚོ་ཆེན་པོ། བྱང་ནེ་ཅ་ལ་ཀ་དང་འབྲེལ་བ་ལ། ཤར་ལྷོ་ནི་ཕ་ན་མ་དང་འདབས་འབྲེལ་དུ་ཡོད། མི་གྲངས་ལ་ཁྲི་སུམ་བརྒྱ་ལྷག་ཙམ་ཡོད་པ་དང་། གཞུང་ཕྱོགས་ཀྱིས་སྤྱོད་པའི་སྐད་ཆ་ནི་སི་ཕེན་གྱི་སྐད་ཡིན་ཞིང་། སྡོད་དམངས་བརྒྱ་ཆའི་དགུ་བཅུ་གོ་ལྔས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་ཀྱིན་ཡོད། རྒྱལ་ས་ནི་སན་ཇོ་སེ་ཞེས་པ་དེ་ཡིན། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལོ་མང་པོའི་རིང་ལ་ང་ཚོས་རྒྱལ་ཁབ་ཆུང་ཆུང་འདིའི་གནས་ཚུལ་གྱི་སྐོར་ལ་དགོས་ངེས་ཀྱི་ཤེས་རྟོགས་གསལ་པོ་ཞིག་བྱུང་མེད། རྒྱལ་ནང་གི་སྨྱན་གཟུགས་དག་ལས་ཤེས་རྟོགས་བྱུང་བ་ལྟར་ན་དེ་ནི་ངང་ལག་དང་ཁོ་ཧྥེ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཅིག་རེད། ཡིན་ནའང་རྒྱལ་ཁབ་དེའི་ཁྱད་ཆོས་གལ་ཆེ་ཤོས་གཉིས་ཤེས་མཁན་ནི་ཧ་ཅང་ཉུང་བ་ཞིག་སྟེ། རྒྱལ་ཁབ་འདི་ནི་དམག་དཔུང་མེད་པའི་རྒྱལ་ཁབ་ཅིག་ཡིན་ལ། དགེ་རྒན་གྱི་འཇིག་རྟེན་ཞིག་དང་སློབ་གསོའི་ལས་དོན་རབ་ཏུ་དར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན།
དམག་དཔུང་དང་སློབ་གསོ།
        1948ལོར་ཁོ་སི་ཐ་རི་ཁ་ཡིས་དམག་དཔུང་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པས། ཨ་མེ་རི་ཀ་གླིང་དབུས་མར་ཆེས་ཐོག་མར་དམག་དཔུང་མེད་པའི་རྒྱལ་ཁབ་གཅིག་པུ་དེ་ཆགས་པ་རེད། དེ་ལྟར་བྱས་ན་རྒྱལ་སྲུང་གི་འགྲོ་སྒོ་ཆེས་ཆེར་ཉུང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་ཕྱིན་པ་རེད།         
        2003ལོའི་སྲིད་གཞུང་གི་སྔོན་རྩིས་གཞིར་བྱས་ན་རྒྱལ་ཁབ་འདིས་སྤྱི་པའི་བདེ་འཇགས་ལ་བཀོལ་བའི་འགྲོ་སོང་གིས་སྔོན་རྩིས་ཡོངས་ཀྱི་བརྒྱ་ཆའི2.16མ་གཏོགས་ཟིན་མེད་པ་རེད། 1998ལོའི་ཟླ9པར་རྒྱལ་ཁབ་དེའི་སྲིད་འཛིན་སང་ཆའེ་སིས་གཏམ་བཤད་ཐེངས་དང་པོའི་ནང“མཚོན་ཆ་ཉོ་རྒྱུར་ཚོད་འཛིན་བྱ་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད། འཛམ་གླིང་ཐོག་གི་དབུལ་ཞིང་ཕོངས་པའི་མི་རྣམས་ལ་མཚོན་ན་ཆེས་དགོས་མཁོ་ཆེ་བ་ནི་སློབ་གྲྭ་དང་ནད་བཅོས་སྨན་རྫས་ཡིན་པ་ལས་མེ་མདའ་མེ་སྒྱོགས་དང་དམག་དཔོན་མིན”ཞེས་གསུངས་ཡོད་པ་རེད། ཁོང་གིས་སློབ་གསོ་དང་རིག་གནས་ཀྱི་སྟོབས་ཤུགས་ནི་དམག་དཔུང་དང་དྲག་ཤུགས་ལས་འགོངས་པའི་ངོས་འཛིན་གནང་གིན་ཡོད། སློབ་གྲྭ་གཅིག་ཇེ་མང་དུ་སོང་ན་བླུན་རྨོངས་དང་ཀླ་ཀློ་ཉུང་དུ་འགྲོ་བ་སྨོས་ཅི་དགོས། དགེ་རྒན་དང་སློབ་གྲྭ་པ་མང་ན་དམག་མི་གཅིག་རང་ཤུགས་སུ་ཇེ་ཉུང་དུ་འགྲོ་བ་དང་། བཟོད་སྒོམ་དང་བརྩེ་སེམས་མང་ཙམ་ཡོད་ན་གུ་དོག་པོ་དང་འཐབ་རྩོད་ཇེ་ཉུང་དུ་འགྲོ་བ་སྨོས་མེད་རེད། ཞི་བདེར་རེ་འདོད་ཆེན་པོ་བྱེད་པ་ཇི་ལྟར་མང་ན་དམག་འཁྲུག་གི་ཉེན་ཁ་ཡང་དེ་ལྟར་ཉུང་དུ་འགྲོ་བ་སྨོས་མ་དགོས།
        རྒྱལ་ཁབ་དེས་དགེ་རྒན་གྱི་ལས་འགན་ལ་མཐོང་ཆེན་དང་བརྩི་བཀུར་བླ་ལྷག་བྱེད། དགེ་རྒན་ལ་དཔལ་འབྱོར་དང་ཆེད་ལས་ཐད་སྐུལ་མ་གཏོང་བ་ཕུད། ཐ་ན་ལོ་རེའི་ཟླ་དགུ་པར་དགེ་རྒན་ཁག་ཅིག་གི་གླ་ཕོགས་སྐལ་གསུམ་ཙམ་ལྷག་མ་ལེན་ཆོག་པའམ་ཡང་ན་དགེ་རྒན་ཡོངས་ཀྱིས་ཀྱང་སྐལ་ལྷག་མ་གཅིག་མང་ཙམ་ལེན་ཆོག
        རྒྱལ་ཁབ་དེས་སློབ་གསོར་མ་དངུལ་གཏོང་ཚད་ཧ་ཅང་མཐོ། སྐབས་རིམ་བྱུང་གི་སྲིད་གཞུང་གིས་སློབ་གསོ་པུའུ་ལ་མཐོང་ཆེན་བླ་ལྷག་བྱེད། 2003ལོའི་སྲིད་གཞུང་གི་སྔོན་རྩིས་ནང་སྲིད་གཞུང་གི་སློབ་གསོའི་གཏོང་སྒོས་སྔོན་རྩིས་ཀྱི་བརྒྱ་ཆའི18.4ཙམ་ཟིན་ཡོད་པ་དང་། སློབ་གསོ་ནི་སྤྱི་པའི་སྔོན་རྩིས་ནང་མ་དངུལ་འཇོག་གྲངས་མང་ཤོས་སུ་གྱུར་ཡོད། ལ་ཏིང་མེ་གླིང་གི་ས་ཁུལ་ཧྲིལ་པོ་དང་འཛམ་གླིང་ཡོངས་ཀྱི་ངོས་ཐད་ནས་བལྟས་ནའང་ཁོ་སི་ཐ་རི་ཁ་ཡི་སློབ་གསོའི་མ་དངུལ་གཏོང་ཚད་ནི་ཆེས་མདུན་གྲལ་དུ་སླེབས་ཡོད། དེ་བཞིན་དུ་ཁོ་སི་ཐ་རི་ཁའི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་སློབ་གསོས་ཀྱང་ནུས་པ་གལ་ཆེན་ཐོན་ཡོད།
        ཁོ་སི་ཐ་རི་ཁ་ནི་འཛམ་གླིང་ཐོག་གི་ལོ་དགུའི་འོས་འགན་སློབ་གསོ་དང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཨང་དང་པོ་ཡིན་ལ། དེ་ནི་རང་རྒྱལ་གྱི་ཆིང་རྒྱལ་རབས་ཀྱི་ཏའོ་ཀུང་དུས་སྐབས་དང་མཉམ་པས། ད་བར་དུ་ལོ་ངོ120ལྷག་གི་ལོ་རྒྱུས་ལྡན། རྒྱལ་ཡོངས་མི་དམངས་ཀྱིས་ཡི་གེ་ཤེས་ཚད་བརྒྱ་ཆའི93ཟིན་པ་དང་། སློབ་གསོའི་ཆུ་ཚད་དེ་ལ་ཏིང་མེ་གླིང་ས་ཁུལ་གྱི་ཨང་དང་པོར་སླེབས་ཤིང་། རྒྱལ་ཡོངས་ཀྱི་སློབ་གསོ་དང་རིག་གནས་ཀྱི་གྲོན་དངུལ་གྱིས་ཀྱང་རྒྱལ་ཡོངས་ཀྱི་སྤྱིའི་སྔོན་རྩིས་ཀྱི་བརྒྱ་ཆའི32ཟིན་ཡོད། དེ་ལས་ང་ཚོས་ཁོ་སི་ཐ་རི་ཁ་སྲིད་གཞུང་གིས་སློབ་གསོའི་རིག་གནས་ལ་མཐོང་ཆེན་བྱེད་བཞིན་པ་རྟོགས་ཐུབ། ཁོ་སི་ཐ་རི་ཁའི་སློབ་གསོ་ཁྱབ་གདལ་གཏོང་ཚད་མཐོ་བ་དང་། དགེ་རྒན་ཕུལ་དུ་བྱུང་བ། གཞུང་སྒེར་གཉིས་ཀྱིས་སློབ་གྲྭ་བཙུགས་པ། མིག་སྔར་ལོ་བཅུ་གཅིག་ལམ་ལུགས་ཀྱི་རྒྱལ་དམངས་འོས་འགན་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་བཞིན་ཡོད་པ་རེད། སི་ཕེན་གྱི་སྐད་ཡིག་སློབ་ཁྲིད་བྱེད་པ་ཕུད། སློབ་གྲྭར་འགྲོ་སའི་སློབ་གྲྭ་མི་འདྲ་ནའང་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཀྲུང་གོ་རྒྱལ་ཁབ་བཅས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད། ཁོ་སི་ཐ་རི་ཁའི་རྒྱལ་ཁབ་ལ་མིག་སྔར་མཐོ་རིམ་སློབ་གསོའི་སློབ་གྲྭ་ཆེན་མོ16དང་། ཞིབ་འཇུག་ཁང6། ཆེད་སྦྱོང་སློབ་གྲྭ4། ལས་རིགས་སློབ་གྲྭ30ལྷག སློབ་འབྲིང251། སློབ་ཆུང3267བཅས་ཡོད་པ་རེད། སྐད་གྲགས་ཆེ་བའི་སྐད་གཉིས་སམ་སྐད་གསུམ་ཕྱིར་སྡོད་རང་མིའི་སློབ་གྲྭ་སོ་སོར་ཨ་རིའི་སློབ་གྲྭ་དང་། འཇར་མན་གྱི་སློབ་གྲྭ། དབྱིན་ཇིའི་སློབ་གྲྭ། ཧྥ་རན་སིའི་སློབ་གྲྭ། འཇར་པན་གྱི་སློབ་གྲྭ་སོགས་ཡོད། སློབ་གྲྭ་དེ་དག་གི་སྒྲིག་ཆས་འཐུས་སྒོ་ཚང་བ་དང་སློབ་ཁྲིད་གཟབ་ནན་ཡིན། ཀྲུང་གོའི་བུ་ཕྲུག་རྣམས་ཁོ་སི་ཐ་རི་ཁའི་རྒྱལ་ཁབ་ནས་མཐོ་འབྲིང་མཐར་ཕྱིན་རྗེས་མང་ཆེ་བ་བདེ་བླག་གི་ངང་ནས་ཨ་རིའི་སློབ་གྲྭ་རྩེ་གྲ་རུ་སློབ་སྦྱོང་དུ་འགྲོ་ཐུབ།
སྲིད་འཛིན་དང་སློབ་གསོ།
        «དུས་རབས20པའི་རྒྱལ་སྤྱིའི་གཙོ་འཛིན་མི་སྣའི་རྣམ་ཐར»ནང་བཀོད་པའི་རྒྱལ་ཁབ་ཆུང་ཆུང་དེའི་སྲིད་འཛིན་ལ་མི་རྣམས་ཀྱིས་བརྩི་བཀུར་བླ་ལྷག་ཞུ་བཞིན་ཡོད། ཁོང་ནི1987ལོར་ནོ་པེར་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཁོ་སི་ཐ་རི་ཁའི་སྲིད་འཛིན་ཨོ་སི•ཨ་ལི་ཡ་སི•སང་ཆའེ་སི་ལགས་རེད། ཁོང་གི་རྣམ་ཐར་ཀློག་སྐབས་མི་རྣམས་ཀྱིས་གནད་དོན་འདི་འདྲ་ཞིག་ལ་འདང་རྒྱག་བཞིན་ཡོད་དེ། རྒྱལ་ཁབ་ཀྱི་མངའ་ཁོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི5ལྷག་ཙམ་ལས་མེད་པ་དང་། མི་འབོར་ཡང་ཁྲི་སུམ་བརྒྱ་ལྷག་ཙམ་ལས་མེད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་གི་སྲིད་འཛིན་ལ་འཛམ་གླིང་གིས་བརྩི་འཇོག་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ། དེབ་དེའི་ནང་དུ་འགྲེལ་བརྗོད་ཞིབ་མོ་བྱས་ཡོད་དེ།
        སང་ཆའེ་སི་སྲིད་འཛིན་ལ་བདམས་ཐོན་བྱུང་རྗེས་ཕྱོགས་གཅིག་ནས་ཨ་མེ་རི་ཀའི་གླིང་དབུས་མར་ཞི་བདེའི་འཆར་གཞི་ཁྱབ་སྤེལ་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་གསོ་འཕེལ་རྒྱས་སུ་བཏང་ནས་ལས་ཤོར་བྱུང་ཚད་ཇེ་ཉུང་དུ་བཏང་བ་རེད། སྲིད་འགན་བཞེས་པའི་ལོ་དང་པོར་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་པོར་གཏོང་བ་དང་། རྒྱལ་ནང་གི་དམངས་གཙོ་དང་རང་དབང་རྒྱ་བསྐྱེད་གཏོང་བར་འབད་བརྩོན་བྱས་ཏེ་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་པའི་བྱ་བ་མང་པོ་བསྒྲུབས་ཡོད། དུས་ཚོད་ཐུང་ཐུང་གི་ལོ་ཤས་ནང་སང་ཆའེ་སིའི་རྒྱལ་ནང་གི་གོ་གནས་དང་ཁོ་སི་ཐ་རི་ཁའི་རྒྱལ་སྤྱིའི་ཐོག་གི་གོ་གནས་ཧ་ཅང་མཐོན་པོར་འཕགས།
        དེ་དང་ཆབས་ཅིག་སང་ཆའེ་སི་ཡིས་ཀྱང་སྦ་གསང་མེད་པར་རྒྱལ་དམངས་དང་འཛམ་གླིང་སྐྱེ་བོ་ཀུན་ལ་ཁོ་སི་ཐ་རི་ཁ་ནི་བདེ་བ་ཅན་གྱི་ཞིང་ཁམས་ཤིག་མིན་པར་ད་དུང་དཔལ་འབྱོར་གྱི་གནད་དོན་ངེས་ཅན་ཞིག་གནས་ཡོད་པ་དང་། འབྱུང་འགྱུར་འཚོ་བའི་ཁྲོད་དུ་ད་དུང་རྒྱུན་ཆད་མེད་པར་བསྒྱུར་བཅོས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས། ཡིན་ནའང་། སང་ཆའེ་སི་སློབ་གསོ་དང་རིག་གནས་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་བརྟན་ཡོད་པ་རེད། ཁོང་གིས་ནོ་པེར་ཞི་བདེའི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྟེང“ང་ཚོའི་རྒྱལ་ཁབ་ནི་སློབ་གསོའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ང་ཚོས་དམག་སྒར་གྱི་སྒོ་བརྒྱབ་ཡོད་པ་དང་། ང་ཚོའི་ཕྲུ་གུས་མཆན་འོག་ཏུ་དཔེ་དེབ་འཁྱེར་ནས་འགྲོ་བ་ལས་ཕྲག་ཏུ་མེ་མདའ་དང་མེ་སྒྱོགས་འཁུར་ནས་འགྲོ་ཡི་མེད། རྒྱུ་མཚན་ནི། ང་ཚོའི་རྒྱལ་ཁབ་ནི་དགེ་རྒན་གྱི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོས་ང་ཚོའི་འགྲན་ཡ་ལ་གོ་སྐོན་བློ་འགུག་བྱེད་དགོས་པ་ལས་ཁོ་ཚོ་ཕམ་པར་གཏོང་མི་རུང་། ང་ཚོས་ཐང་ལ་འགྱེལ་བ་རྣམས་སྐྱོར་དགོས་པ་ལས་ཁོ་ཚོ་སིལ་བུར་གཏོང་མི་རུང་། དེའི་རྒྱུ་མཚན་ནི་སུས་ཀྱང་བལྟོས་མེད་ཀྱི་བདེན་དོན་ཞིག་ཁོང་དུ་ཆུད་མི་ཐུབ་པ་ལ་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད་པས་ཡིན”ཞེས་གསུངས་ཡོད་པ་རེད། སྐད་ཆ་དེ་འདྲ་བཤད་ཐུབ་པའི་སྲིད་འཛིན་ནི་དངོས་གནས་ཧ་ལས་དགོས་པའི་ཆབ་སྲིད་པ་ཞིག་རེད། ཁོང་ལ་ནོ་པེར་ཞི་བདེའི་གཟེངས་རྟགས་ཐོབ་ན་ཤིན་ཏུ་ནས་འོས་ཤིང་འཚམ། ཁོང་ནི་ས་སྤར་མཐིལ་ཙམ་གྱི་རྒྱལ་ཁབ་ཆུང་ཆུང་ཞིག་ནས་སྐྱེས་མོད། འོན་ཀྱང་ཁོང་གི་བསམ་བློ་དང་སྙིང་སྟོབས་ནི་རང་ཉིད་གནས་སའི་རྒྱལ་ཁབ་དེ་ལས་ཆེས་ཆེར་བརྒལ་ཡོད་པར་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་གཏིང་ཟབ་པ་ཐེབས་ཡོད།
བྱིས་པ་ནི་རྒྱལ་ཁབ་ཅིག་གི་ཆེས་གལ་ཆེ་བའི་ཐོན་ཁུངས་དེ་ཡིན།
        ཁོ་སི་ཐ་རི་ཁ་ནི་རང་བྱུང་ཐོན་ཁུངས་བལྟོས་བཅས་ཀྱིས་ཅུང་ཉུང་བའི་རྒྱལ་ཁབ་ཅིག་ཡིན་ལ། སྲིད་འཛིན་སང་ཆའེ་སིས“བྱིས་པ་ནི་ད་གཟོད་རྒྱལ་ཁབ་ཅིག་གི་ཆེས་གལ་ཆེ་བའི་ཐོན་ཁུངས་ཡིན”ཞེས་གསུངས་པ་རེད། ཁོ་སི་ཐ་རི་ཁའི་སློབ་གསོ་ལེགས་འགྲུབ་བྱུང་བ་དེ་ནི“ཐོན་ཁུངས”དེ་ལེགས་པར་སྔོག་འདོན་བྱས་པ་ལས་བྱུང་བ་རེད། རྒྱལ་ཁབ་དེ་ནི་ཐོན་ཁུངས་ཧ་ཅང་ཆུང་ཞིང་ཐོན་ཁུངས་ཀྱིས་དབུལ་བའི་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་དེ་ནི་འཛམ་གླིང་ཡོངས་ཀྱི་ཕྱོགས་བསྡུས་གློག་ལམ་ཕྱིར་གཏོང་གི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན། ཉེ་སྔོན། ས་ཁམས་དུས་དེབ་ཅིག་གིས་བཀོད་པའི་འབྲེལ་ཡོད་རྩོམ་ཡིག་གིས་སང་ཆའེ་སིའི་ལྟ་ཚུལ་ཡང་བསྐྱར་བདེན་དཔང་བྱས། ང་ཚོས་ཧྥེ་གླིང་བྱང་མའི་ཁྱིམ་མཚེས་རྒྱལ་ཁབ་ཨར་ཅི་རི་ཡ་དང་ཐུ་ནི་ཞི་ཡ་ལ་བསྡུར་བ་ཞིག་བྱེད། ཨར་ཅི་རི་ཡ་ལ་རྡོ་སྣུམ་ཡོད་ཅིང་ཐུ་ནི་ཞི་ཡ་ལ་མེད་མོད། འོན་ཀྱང་ཐུ་ནི་ཞི་ཡའི་འཕེལ་རྒྱས་ཀྱི་ཚད་ནི་ཨར་ཅི་རི་ཡ་ལས་ཆེས་ཆེར་བརྒལ་ཡོད་པ་རེད། དེའི་རྒྱུ་མཚན་ནི། ཁོ་ཚོས“བྱིས་པ”ཞེས་པའི“ཐོན་ཁུངས”གལ་ཆེ་ཤོས་དེ་གསར་སྤེལ་ཡག་པོ་བྱས་པ་དང་། དངོས་ཤུགས་དང་རྒྱུ་ཤུགས། མི་ཤུགས་འབོར་ཆེན་བཏང་ནས་ཕུལ་དུ་བྱུང་བའི་ཡོན་ཏན་ཅན་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད་པས་རེད། ད་དུང་ང་ཚོས་ཡ་གླིང་ལ་ལྟོས་དང་། སིང་གྷ་ཕོར་གྱི་འཕེལ་རྒྱས་ནི་སློབ་གསོ་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། འཇར་པན་ཡང་དེ་འདྲ་རེད། དེ་བཞིན་དུ་ལྷོ་ཁོ་རེ་ཡའང་དེ་བཞིན་རེད། ལྷོ་ཁོ་རེ་ཡའི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་བ་དེ་ཡང་བྱིས་པ་རྣམས་ལ་དཀའ་སྤྱད་སྟོབས་སྤེལ་བྱེད་པའི་སྙིང་རུས་དང་སློབ་སྦྱོང་ལ་དགའ་ཞིང་ངལ་དུབ་མེད་པའི་སྙིང་སྟོབས་སྐྱེད་སྲིང་བྱས་པས་རེད། ཐ་ན་དམག་མིས་སྲིད་དབང་འཛིན་པའི་མུན་ནག་གི་དུས་རབས་ཡིན་ནའང་། སློབ་གསོ་ནི་ལྷོ་ཁོ་རེ་ཡའི་ནོར་སྲིད་ཀྱིས་མ་དངུལ་གཏོང་བ་ཆེས་མང་བའི་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན། སྤྱི་ལོ2000ལོའི་ཟླ5པའི་ཚེས14ཉིན། ལྷོ་ཁོ་རེ་ཡའི་སྲིད་འཛིན་ཅིན་ཏ་ཀྲུང་གིས་རྒྱལ་ས་སེ་འུལ་གྱི་སློབ་ཆུང་ཞིག་ནས“ཉིན་གཅིག་གི་དགེ་རྒན”གྱི་འགན་བཞེས་མྱོང་། ཁོང་གིས་མདུན་དུ་ལམ་བཤང་ཞིང་རྒྱབ་ཏུ་སྲུང་དམག་གིས་བསྐོར་ནས་བྲེལ་བྲེལ་འཚུབ་འཚུབ་ངང་སློབ་གྲྭར་གཟིགས་ཞིབ་གནང་བ་དེ་འདྲ་མ་ཡིན་པར་དངོས་གནས་དྲང་གནས་ཀྱི་སྒོ་ནས་སློབ་ཆུང་དཀྱུས་མ་དེའི་སྣེ་ཁྲིད་དེ་སློབ་མ་ཚོར་ཉིན་གང་བོར་སློབ་ཁྲིད་བྱས་པ་རེད། དེ་ལས་ང་ཚོས་རྒྱལ་ཁབ་ཡོངས་ཀྱིས་སློབ་གསོ་ལ་མཐོང་ཆེན་བྱེད་པའི་ཚད་དེ་བསམ་བློ་བཏང་ན་ཤེས་ཐུབ།
        བལྟས་ཡོང་ན། རང་བྱུང་ཐོན་ཁུངས་ནི་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་དེ་མིན་པར། གལ་ཆེ་བ་ནི་སེམས་ཤུགས་ཇི་ལྟར་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་ཐོག་འཇོག་པ་དང་།“བྱིས་པ”ཞེས་པའི་རིན་ཐང་བྲལ་བའི“ཐོན་ཁུངས”དེ་ལེགས་པར་བེད་སྤྱད་ཚེ། ཐོན་ཁུངས་གཞན་དག་གི་ཞན་ཆ་ཁ་གསབ་བྱེད་ཐུབ་པ་དང་། ཐ་ན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱང་མངོན་འགྱུར་འབྱུང་བ་རེད།
༢༠༠༩ལོའི«དེང་རབས་སློབ་གསོ»འདོན་ཐེངས༧—༨པ་ལས་བདམས་བསྒྱུར་བྱས།
འབྲེལ་ཡོད་འོས་སྦྱོར།