བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས། ཁག་དང་པོ།
རྩོམ་པ་པོ།:བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲི
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-06-06
ཀློག་གྲངས།:
བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས།
བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲིག་བྱས།
1.དཔེ་ཆ་ཀློག་འདོན་བྱས་ནས་བྱིས་པར་ཉན་དུ་འཇུག་དགོས་ལ། དེ་ཡང་ཉི་མ་རེ་རེ་བཞིན། བར་མ་ཆད་པར། རྒྱུན་འཁྱོངས་ཀྱིས་འདོན་པ་དེ་གལ་ཆེ།
2.བྱིས་པ་ཁོ་ནར་དབང་བའི་ཀློག་འདོན་གྱི་བར་སྟོང་ཞིག་བསྐྲུན་དགོས། རང་ཉིད་ལ་དབང་བའི་བར་སྟོང་དེ་ནས། རང་ཉིད་ཀློག་པར་དགའ་བའི་དཔེ་ཆ་གང་རུང་བཀླག་ཆོག་པ་བྱ་དགོས།
3.ཀློག་འདོན་ཐད་ཀྱི་བསམ་ཚུལ་ཡག་པོ་དང་མཚར་སྣང་བསྐྱེད་པའི་ཀློག་དེབ། ཐ་ན་དགོད་གཏམ་དང་སྙན་ངག་སོགས། གང་ལྟར་བྱིས་པའི་སྤྲོ་སྣང་འདྲེན་པའི་སྐད་ཆ་ཅི་རིགས་བཤུ་འབྲི་དང་ཀློག་པ་སོགས་བྱས་ནས། མཚམས་མ་ཆད་པར་བྱིས་པར་དགའ་སྣང་འཕེལ་དུ་འཇུག་དགོས་ཏེ། མདོར་ན་ཀློག་འདོན་ཕྱོགས་ལ་སྤྲོ་བ་འཕེལ་བའི་ཐབས་ཤེས་ཁྱོད་ཀྱིས་དྲན་སྲིད་པ་དག་གིས་ཀློག་འདོན་གྱི་སྤྲོ་སྣང་སྐྱེད་སྲིང་བྱ་དགོས།
4.ཇི་ལྟར་དཔེ་ཀློག་གི་གོམས་སྲོལ་ཆགས་སུ་འཇུག་པ་དང་། ཐ་སྙད་གསར་པའི་སྐོར། བྱིས་པ་དང་མཉམ་དུ་སློབ་ཚན་ཀློག་འདོན་བྱེད་པ། ནང་དོན་ཡང་ཡང་བགྲོ་གླེང་བྱེད་པ་སོགས། བྱིས་པ་དང་མཉམ་དུ་ཀློག་འདོན་སྐོར་གྱི་དོན་དག་ཅི་རིགས་གླེང་མོལ་བྱེད་དགོས།
5.བྱིས་པར་སྟབས་བདེ་འབྲི་དེབ་ཆུང་ཆུང་ཞིག་གྲ་སྒྲིག་བྱེད་པ། སྟབས་བདེ་འབྲི་དེབ་ཆུང་ཆུང་དེ་བྱིས་པའི་ཉིན་ཐོ་འབྲི་དེབ་བྱེད་པ། བྱིས་པས་སྟབས་བདེ་ངང་ཉར་ཐུབ་པ་བྱས་ནས་ག་དུས་ཡིན་ཡང་ལྟ་ཞིབ་དང་ཐོ་འགོད་བྱེད་པ། ག་དུས་ཡིན་ཡང་འབྲི་འདོད་པ་ཚང་མ་བྲིས་ཆོག་པར་བྱེད་དགོས།
6.རྒྱུན་དུ་དཔེ་མཛོད་ཁང་དུ་འགྲོ་བ། དཔེ་མཛོད་ཁང་དུ་སོང་ནས་དཔེ་ཆ་གཡར་བ་དང་ཉོ་བ། གྲོགས་པོ་ཚོ་དང་མཉམ་དུ་དཔེ་ཆར་བལྟ་བ་སོགས་བྱེད་པ།
7.བྱིས་པར་ཁོ་ཚོ་སྤྲོ་བ་ཡོད་པའི་དཔེ་ཆ་གང་རུང་ཉོ་བ། བྱིས་པ་དེབ་གང་ལ་སྤྲོ་བ་ཡོད་ན་དེ་ཉོ་བ་ནི་ཆེས་དམའ་བའི་འགྲོ་སོང་ཡིན།
8.ཕ་མ་རང་ཉིད་ནས་དཔེ་ཆ་ཀློག་དགོས། ཕ་མ་ལ་ལས་རང་ཉིད་དཔེ་ཆ་ཀློག་རྒྱུར་ཤིན་ཏུ་སུན་ན་ཡང་། བྱིས་པ་དཔེ་ཀློག་ལ་དགའ་བར་རེ་བ་འཆང་བཞིན་ཡོད། སྤྱིར་ཕ་མའི་བྱ་སྤྱོད་ཀྱིས་བྱིས་པར་ངང་ངམ་ཤུགས་ཀྱིས་ཤན་ཤུགས་ཐེབས་བཞིན་ཡོད། རབ་ཡིན་ན་ཕ་མས་ཉིན་རེར་དུས་ཚོད་ངེས་ཅན་ཞིག་བཀོལ་ནས་བྱིས་པ་དང་མཉམ་དུ་དཔེ་ཆ་ཀློག་པའམ། ཡང་ན་བྱིས་པའི་རིས་སྒྲུང་ཀློག་པ་དང་ཕ་མས་རང་གི་དཔེ་ཆ་ཀློག་པ་སོགས་བྱེད་དགོས།
9.བྱིས་པ་ཉལ་ཁའི་དུས་ཚོད་ཇེ་སྔར་བཏང་ནས་གཉིད་མི་འདོད་ན་དཔེ་ཆར་བལྟས་ཆོག་པའི་དབང་ཆ་སྟེར་བ། གལ་ཏེ་བྱིས་པར་དཔེ་ཀློག་བྱེད་དམ་གཉིད་ཞེས་གདམ་གསེས་བྱིན་ཚེ། བྱིས་པ་ཕལ་ཆེ་བས་དེབ་ཀློག་རྒྱུ་གདམ་གསེས་བྱ་ངེས། འདིས་དཔེ་ཀློག་ལ་དགའ་བ་མཚོན་མི་ཐུབ་ནའང་བྱིས་པ་མང་ཤས་དེ་མ་ཐག་ཏུ་གཉིད་རྒྱུར་སུན་སྣང་སྐྱེ་བཞིན་ཡོད།
10.ཉིན་རེར་བྱིས་པར་དེབ་གཅིག་ཀློག་རྒྱུ་ཁས་ལེན་བྱེད་དགོས། ཕ་མ་གཉིས་ཀ་ལས་ཀར་འགྲོ་དགོས་ཚེ། ཁྱིམ་དུ་ལོག་དུས་ཤིན་ཏུ་ཐང་ཆད་ནས། གནའ་གཏམ་བཤད་རྒྱུར་ཤིན་ཏུ་སུན་པའང་འབྱུང་། འདི་ལྟར་སོང་ན་དཔེ་ཀློག་གོམས་གཤིས་ཆགས་པར་གནོད་པ་ཡོད་པས། ཉིན་རེར་བྱིས་པ་གཉིད་ཁར་དེབ་གཅིག་བཀླག་རྒྱུ་ཁས་བླངས་ནས་རང་ཉིད་ལའང་སྐུལ་མ་བྱེད་དགོས།
11.བྱིས་པར་སྟབས་བདེ་སྦྱར་བྱང་ཞིག་གྲ་སྒྲིག་བྱེད་དགོས། བྱིས་པར་རོགས་རམ་བྱས་ནས་སྟབས་བདེ་སྦྱར་བྱང་བཀོལ་ཚུལ་སློབ་པ་དང་། དཀར་ཆག་ཤོག་ལེབ་བཟོ་ཚུལ་སློབ་དགོས། དེ་ཡང་དཔེ་ཆའི་བར་དུ་འཇུག་པ་དང་། བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་དུས་སྤྱོད་པ། ཡང་ན་བྱིས་པ་དགའ་བའི་ཟིན་བྲིས་དེབ་གང་རུང་གི་བར་དུ་སྦྱོར་བ། ཐ་ན་བྱིས་པའི་སྒོ་སམ་དཀར་པོའི་སྟེང་དུའང་ཆོག་སྟེ། སྟབས་བདེ་སྦྱར་བྱང་སྤྱད་ནས། བྱིས་པར་གོ་རིམ་ལེགས་པོ་སྒྲིག་པར་གཞོགས་འདེགས་དང་དཔེ་ཀློག་གི་ནང་དོན་གནད་བསྡུས་ཤེས་པར་རོགས་རམ་བྱེད་དགོས།
12.ཀློག་འདོན་དང་སྤྲོ་སྣང་ལྡན་པའི་ཕྱི་རོལ་བྱ་འགུལ་གཉིས་མཉམ་དུ་སྦྲེལ་ན་བཟང་སྟེ། བྱིས་པ་ཁྲིད་ནས་རས་གུར་ནང་དུ་དཔེ་ཆ་བལྟ་བ་དང་། ཡང་ན་དཔྱངས་ཁྲིའི་སྟེང་ནས། ཡང་ན་གྲུ་ཆུང་དུ་བསྡད་ནས་དཔེ་ཆ་བལྟ་ཀློག་བྱེད་པ། བྱིས་པ་སྤྲོ་བ་ལྡན་པའི་དཔེ་ཀློག་གི་རྣམ་པ་དུ་མར་ཞུགས་པ་དང་འདི་ལྟ་བུའི་གོ་སྐབས་མང་དུ་བསྐྲུན་པ་སོགས་བྱས་ན། བྱིས་པ་ཀློག་འདོན་ལ་དགའ་བར་འགྱུར་ལ། ཡང་ན་འདི་ལྟ་བུའི་གོ་རིམ་ཁྱིམ་ཚང་ཞིག་གི་རྒྱུན་གོམས་སུ་གཏོང་ཐུབ་ན་རབ་ཡིན།
13.བྱིས་པ་ང་ཚོར་དཔེ་ཆ་འདོན་རྒྱུར་མི་དགའ་ནའང་། ཁོ་ཚོ་རང་གི་རྩེད་ཆས་རས་ཀྱི་ཨོ་ལོ་སོགས་ལ་དཔེ་ཆ་ཀློག་རྒྱུར་དགའ། རྩེད་ཆས་སམ་ཡང་ན་བྱི་ལ་དང་ཁྱི་ཕྲུག གལ་ཏེ་བྱིས་པར་སྤུན་ཟླ་ཡོད་ན་དེ་དག་ལ་དཔེ་ཆ་ཀློག་པར་སྐུལ་བ། ཡང་ན་བྱིས་པས་སུ་ལ་ཀློག་འདོན་བྱེད་འདོད་ན་དེ་ལ་བཀླག་ཆོག་པའི་ཁོར་ཡུག་བསྐྲུན་དགོས། ཐ་ན་གྲོག་མའམ་ཕྱེ་ལེབ་སོགས་སྲོག་ཆགས་སམ་དངོས་པོ་ཡ་མཚན་ཅི་ཡིན་ཡང་ཆོག
14.སྐར་ཆ་རེ་རེ་དམ་འཛིན་བྱས་ནས་དཔེ་ཀློག་བྱེད་མཁན་གྱི་ཕ་མ་ནི་བྱིས་པའི་མིག་དཔེ་བལྟ་ས་ཆེས་བཟང་ཤོས་དེ་ཡིན། ཁྱེད་ཀྱིས་དཔེ་ཆ་ཀློག་གིན་ཡོད་དམ།
15.བྱིས་པ་ཁྲིད་ནས་ཀློག་འདོན་གྱི་བྱ་འགུལ་གང་མང་ལ་ཞུགས་དགོས། དེང་སང་གང་ས་གང་དུ་རིས་སྒྲུང་ཁང་དང་། དཔེ་མཛོད་ཁང་། སྡེ་ཁུལ་གང་རུང་དུ་དུས་ཚོད་ངེས་ཅན་ནང་ཀློག་འདོན་གྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་དེ། ཀློག་འདོན་ཚོགས་འདུ། གནའ་གཏམ་འགྲན་བསྡུར། གཏམ་རྒྱུད་ཀློག་འདོན། རིས་སྒྲུང་འཁྲབ་སྟོན་སོགས་སྣ་མང་བྱེད་བཞིན་ཡོད་པས་དེ་དག་ལའང་ཉན་དུ་བཅུག་ན་བཟང་།
16.བྱིས་པའི་སྐྱེས་སྐར་རོལ་དུས་ཕན་ཚུན་ལ་དེབ་ཀྱི་ལེགས་སྐྱེས་སྟེར་རེས་བྱེད་པ། བྱིས་པའི་སྐྱེས་སྐར་རོལ་དུས་ལེགས་སྐྱེས་སྣ་ཚོགས་ཡོད་ཆོག་མོད། དཔེ་ཆ་ནི་མེད་དུ་མི་རུང་། འདིས་ངང་ངམ་ཤུགས་ཀྱིས་བྱིས་པར་ཤན་ཤུགས་ཐེབས་ལ། བྱིས་པར་དཔེ་ཀློག་གི་གལ་ཆེན་རང་བཞིན་ཤེས་སུ་འཇུག་ཐུབ།
17.ཁྱིམ་ཚང་ནང་ཁུལ་ནས་རོལ་རྩེད་རྣམ་པའི་ཀློག་འདོན་བྱ་འགུལ་སྤེལ་དགོས། དེའི་ནང་བྱིས་པ་ཞུགས་སུ་བཅུག་ནས་དུས་ཚོད་ངེས་ཅན་ནང་ནས་ཨ་ཁུ་ཨ་ནེ་ཨ་ཞང་སོགས་གཉེན་ཉེའི་སྐད་འཕྲིན་ཚོགས་པ་ལ་སོགས་བཙུགས་ནས་ཀློག་འདོན་བྱ་འགུལ་སྤེལ་བ། དུས་ཚོད་ངེས་ཅན་ནང་ཕན་ཚུན་ལ་ཀློག་འདོན་མྱོང་ཚོར་བརྗེ་རེས་བྱེད་དགོས། དེ་མིན་ད་དུང་ཕྱིའི་ཁོར་ཡུག་ནས་ཀློག་འདོན་དང་འབྲེལ་བའི་ཟ་མ་བཟའ་བ་སོགས་ཀྱི་བྱ་འགུལ་སྤེལ་ཆོག དུས་ཚོད་འགོར་ན་བྱ་འགུལ་འདི་ལྟ་བུར་བྱིས་པའི་དགའ་བསུ་ཐོབ་པས་མང་དུ་སྤེལ་འོས།
18.བརྙན་ཐུང་དང་སྐད་ལམ་བརྒྱུད་ནས་ཀློག་འདོན་གྱི་ཚོར་བ་རོལ་མྱོང་བྱེད་དགོས། བྱིས་པས་སྐད་དང་བརྙན་ཐུང་གི་རྣམ་པ་སྤྱད་ནས་གྲོགས་པོ་རྣམས་ལ་ཀློག་འདོན་མཉམ་རོལ་དང་སྙན་ངག་གྱེར་བ། ཡང་ན་བྱིས་པ་དགའ་བའི་ཀློག་འདོན་གང་རུང་མཉམ་རོལ་བྱས་ཆོག རང་རང་གི་ཕ་མར་མཉམ་རོལ་བྱེད་པ་ནས་མགོ་རྩོམ་དགོས། དུས་ཚོད་ངེས་ཅན་གྱི་ནང་དུ་མཉམ་རོལ་བྱས་པའི་གོ་རིམ་དེ་སྤྲོ་སྐྱིད་ལྡན་པའི་དོན་ཞིག་ཏུ་འགྱུར།
19.ཤེས་བྱའི་རྒྱབ་ལྗོངས་དང་འབྲེལ་བའི་ཁ་བརྡའི་ཁོར་ཡུག་བསྐྲུན་པ། ཕ་མ་མང་པོས་བྱིས་པར་དཔེ་ཆ་ཉོ་རྒྱུར་དགའ་བ་ལས་རང་ཉིད་ཀྱིས་ཀློག་པར་མི་བྱ། དེ་བས་རྣམ་པ་དེ་བསྒྱུར་ནས། བྱིས་པར་ཉོས་པའི་དཔེ་ཆ་ཚང་མ་བྱིས་པ་དང་མཉམ་དུ་བཀླགས་ན་ཅི་འདྲའི་བཟང་། ཡང་ན་རང་གིས་བཀླགས་ཚར་རྗེས་བྱིས་པར་འོས་སྦྱོར་བྱས་ན། ཁྱོད་ལ་འོས་སྦྱོར་གྱི་གཏམ་མང་དུ་མཆིས་པ་མ་ཟད། བྱིས་པར་ཁ་བརྡ་མང་དུ་ཡོད། ཁྱོད་ཀྱིས་ཤེས་བྱ་སྣ་མང་གི་སྣེ་དྲངས་ནས་བྱིས་པར་ཁ་བརྡ་བྱེད་ཐུབ་བམ།
20.བྱིས་པར་གདམ་གསེས་ཡོད་པའི་སྒོ་ནས་དཔེ་ཆའི་ནང་གི་ཚན་པ་ཁ་ཤས་ཀློག་འདོན་བྱ་རུ་འཇུག་དགོས། བྱིས་པར་དཔེ་ཆའི་ནང་གི་ཚན་པ་གལ་ཆེན་ཏེ་སེམས་འགྱུ་ཞིབ་འབྲི་བྱས་ཡོད་པ་དང་བྱིས་པ་ཀློག་པར་མོས་པ་དེ་ཀློག་ཏུ་འཇུག་དགོས། ཡང་ན་བྱིས་པས་ཀློག་མི་བསམས་པ་དེ་ཕ་མས་བྱིས་པར་བཀླག་ཆོག བྱིས་པ་དཔེ་ཀློག་ལ་མི་དགའ་བའི་ཆ་དེ་ཆེས་དམའ་བར་བཏང་སྟེ། དཔེ་ཀློག་གི་ལས་ལ་ཞུགས་པའི་ཆ་དེ་ཇེ་མཐོར་གཏོང་དགོས། དུས་ཚོད་འགོར་ན་བྱིས་པ་རང་བཞིན་གྱིས་དཔེ་ཆ་ཀློག་པར་དགའ་ལ། ག་ལེར་རང་འགུལ་གྱིས་ཀློག་ལ་དགའ་བར་ཆགས་འགྲོ།
21.དཔེ་ཆ་ཁོ་ན་མ་གཏོགས་ཀློག་འདོན་བྱས་མི་ཆོག་གམ། ཁྱེད་ཀྱིས་གང་ས་གང་དུ་ཡོད་པའི་པར་སྐྲུན་རིགས་ལ་མཉམ་འཇོག་བྱོས་དང་། དཔེར་ན་བྱིས་པ་དང་མཉམ་དུ་ཚོང་ཁང་དུ་འགྲོ་དུས་ཚོང་འཕྲིན་བརྡ་ཁྱབ་དང་ཡང་ན་ཚོང་ཁང་གི་ཁ་གཡང་སྒྲོག་ཡིག་ལྟ་བུ། འདི་དག་ཚང་མ་ནི་གསར་གཏོད་མཁན་དང་རྩོམ་འབྲི་ལ་བྱང་བའི་མི་རྣམས་ཀྱིས་བསྲེགས་བཅད་བརྡར་གསུམ་བྱས་པ་ལས་བྱུང་བ་ཡིན་ཞིང་། ཚོང་ཁང་ལས་གཞན་ད་དུང་ཚགས་པར་དང་། དུས་དེབ། ཁྱབ་བསྒྲགས་བྱང་བུ་སྣ་ཚོགས་ཀྱང་བཀླག་ཆོག་པ་རེད།
22.དཔེ་ཆ་གཅིག་ཐེངས་མང་དུ་ཀློག་པ། བྱིས་པ་མང་པོ་གཏམ་རྒྱུད་འབའ་ཞིག་ལ་ཤིན་ཏུ་དགའ་སྟེ། ཐ་ན་ལོ་གཅིག་ནས་ནར་སོན་པའི་བར་དུ་དགའ་མཁན་ཡོད་དེ། གལ་ཏེ་བྱིས་པ་དེབ་ཁ་ཤས་ལ་དེ་འདྲ་དགའ་པོ་ཡོད་ན། བྱིས་པ་དང་མཉམ་དུ་ཐེངས་མང་པོར་ཀློགས་ཤིག ཀློག་འདོན་ཐེངས་མང་པོར་བྱས་ན་བྱིས་པས་དཔེ་ཆ་དེར་གོ་བ་ཡག་པོ་ལེན་ཐུབ་ངེས་ཡིན་ལ། ཀློག་འདོན་ལ་བྱང་ཆུབ་པར་བྱེད་ཐུབ་པ་ནི་ཀློག་འདོན་ནུས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དུས་མཚུངས་སུ་བྱིས་པ་རང་ཉིད་ཀློག་པར་དགའ་བའི་དཔེ་ཆ་བར་མ་ཆད་དུ་ཀློགས་དང་དཔེ་ཀློག་གི་སྤྲོ་སེམས་ཀྱང་ཆེ་རུ་འགྲོ་ངེས། (མུ་འགོད།)
འབྲེལ་ཡོད་འོས་སྦྱོར།