logo

སྐུ་ཉིད་ཀྱིས་ཇི་ལྟར་དཔེ་ཀློག་བྱས་པ་ཡིན།

རྩོམ་པ་པོ།:བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-14 ཀློག་གྲངས།:
༄༅། །ང་ཚོས་ཇི་ལྟར་དཔེ་ཆ་ཀློག་དགོས་སམ།
ཀུ་ཅན་ཞང་གིས་བརྩམས།
བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར།

        ང་ཚོས་ཇི་ལྟར་དཔེ་ཆ་ཀློག་དགོས་སམ། མི་ཚང་མ་མི་འདྲ། ངས་སྤྱི་མཚན་དུ་མི་བཤད་པར་བྱེ་བྲག་ཏུ་བཤད་རྒྱུ་ཡིན། ཐོག་མར་དཔེ་ཆ་ཀློག་པ་ནི་ཅི་ཞིག་གི་ཆེད་དུ་ཡིན་པ་གསལ་བོར་ཤེས་དགོས། དམིགས་ཡུལ་མི་འདྲ་བས་དཔེ་ཆ་ཀློག་པའི་ཐབས་ལམ་དང་ཕན་འབྲས་མི་འདྲ་བ་ཐག་གཅོད་བྱས་འདུག
        སློབ་གཉེར་གྱི་ཆེད་དུ་ཀློག་པ། དཔེ་ཆ་ཀློག་ན་གདམ་གསེས་བྱེད་ཤེས་དགོས།
        གལ་ཏེ་ཤེས་བྱ་སྦྱོང་བའི་ཆེད་དུ་ཁྱོད་ཀྱིས་སྔོན་ལ་རེ་བའི་ཁྱབ་ཁོངས་དང་ཚད་གསལ་བོར་ཤེས་དགོས་པ་དང་། དེ་ནས་ཆེས་འོས་འཚམ་གྱི་དཔེ་ཆ་འཚོལ་དགོས་པ་ལས་མ་ལུས་ཀུན་འདུས་ཀྱི་དཔེ་ཆ་དེ་རིགས་ལ་བལྟ་མི་རུང་། དུས་རབས་དེ་འདས་ཟིན་པ་རེད། ད་ལྟའི་དཔེ་ཆ་ནི་ཤོག་བུ་དང་ཨང་ཀི་གང་ཡིན་རུང་། གྲངས་འབོར་ཐད་མི་སྒེར་གྱི་དང་ལེན་ནུས་པ་ལས་བརྒལ་ཡོད། ཁྱོད་ལ་ནུས་པ་ཆེན་པོ་ཡོད་རུང་མི་ཆོག སྔོན་ཆད་གླེགས་བམ་གླང་ཆེན་གྱི་རྒྱབ་ཁལ་ལ་ལྷུང་བའི་ཕྱུག་པོར་ཆགས་པའི་མི་ཞིག་ལ་ཡོན་ཏན་ཡོད་ཅེས་བསྟོད་བསྔགས་བྱས་ཀྱང་ད་ལྟ་གླང་ཆེན་ལྔ་བཅུ་ཙམ་གྱིས་མི་འདང་བའི་ཚོད་རེད། གནའ་དུས་སུ་ཁྱུང་དཀར་མཛོ་ཁལ། སྨུག་ཆུང་དྲེལ་ཁལ། བོང་སྐྱ་ལིའི་རྒྱབ་ཁལ། འབའ་འབའ་རེའུ་ཁལ་བཅས་ཁལ་ཆུང་གྲས་བཅས་ཡིན་པ་དང་། དཔེ་དེབ་ནི་ཤིང་ལེབ་དང་སྨྱུག་ལེབ་ཀྱི་ལག་བྲིས་དེབ་ཡིན་ཞིང་། དཔེ་དེབ་ཁྲི་སྟོང་མང་པོ་བཀླགས་ཟེར་བ་དེ་དོན་དངོས་ཐོག་ཤོག་ལྷེ་བརྒྱ་ལྷག་ཙམ་ལས་མེད། འོན་ཀྱང་ཤེས་བྱ་ནི་ཇི་ཙམ་དབྱེ་ན་དེ་ཙམ་གྱིས་ཞིབ་ཅིང་ཕྲ་བ་དང་། སྔོན་ཆད་རིག་གནས་ལོ་རྒྱུས་དང་། རྩིས་དངོས་རྫས་གསུམ་གྱི་རིག་པ་གཅིག་ཏུ་གྱུར་ཅིང་། ད་ལྟ་རྩིས་རིག་ཚན་ཁག་གཅིག་ལའང་ཡན་ལག་མང་པོ་དགར་ཡོད་པས་དཔེ་ཆ་ཀློག་སྐབས་གདམ་གསེས་བྱེད་ཤེས་པ་བྱ་དགོས།
        གདམ་གསེས་བྱེད་སྐབས་རིགས་དང་རྣམ་པ་རྐྱང་བ་མ་ཡིན་པར། ད་དུང་རང་ཉིད་ཀྱི་ཆུ་ཚད་གསལ་བོར་ཤེས་དགོས། ལས་དང་པོ་ཞིག་གིས་ཐོག་མར་དཀའ་གནད་སེལ་ཐུབ་མིན་ལ་མི་བལྟ་བར་གོམ་པ་རིམ་པར་བགྲོད་དགོས། གལ་ཏེ་རང་ཉིད་ཀྱི་ཆེད་ལས་མ་ཡིན་པའི་ཤེས་རྒྱ་ཆེ་རུ་གཏོང་འདོད་ན་རང་ཉིད་ཀྱི་ཆེད་ལས་ཀློག་པ་ནང་བཞིན་བྱེད་མི་རུང་། ལག་རྩལ་གསར་པ་ཁ་ཤས་ཤེས་རྟོགས་བྱེད་བསམས་ན་གཞི་རྩའི་ངོ་སྤྲོད་ཁ་ཤས་ལ་བལྟས་ཆོག་པའམ་ཡང་ན་ཁྱབ་ཁོངས་དེའི་ནང་གི་ལས་ཀ་བྱེད་མཁན་ལ་དྲིས་ནས་གཞི་རྩའི་རྩ་བའི་རིགས་པ་ཤེས་པས་ཆོག མི་ལ་ལས་རིག་གཞུང་ཚན་ཁག་འཕེལ་རྒྱས་གཏོང་རྒྱུ་དེ་རྙོག་དྲ་ཆེ་བ་ནས་སྟབས་བདེ་བར་གྱུར་པ་དང་། ད་ལྟ་ཡང་ཤེས་ཡོན་པ་ཆེན་པོ་དགོས་པའི་དུས་རབས་སུ་སླེབས་ཡོད་ཅེས་བཤད་ཀྱི་ཡོད་པས་སྐད་ཆ་དེ་འགྲིག་མི་འདུག
        ཤེས་ཡོན་གྱིས་ཕྱུག་པ་ནི་མུ་མཐའ་མེད་པ་ཞིག་མ་ཡིན་པར་རང་གི་ཆེད་ལས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་དགོས་མཁོ་ལྟར་རིག་ཚན་གཞན་དག་ཤེས་རྟོགས་བྱེད་པ་ཞིག་ཡིན། ད་ལྟ་མི་ལ་ལས་“འབུམ་རམས་པ་མང་པོ་མེད་”ཅེས་ལེ་བདའ་བྱེད་བཞིན་ཡོད། འདི་ནི་མི་རྣམས་ཀྱིས་འབུམ་རམས་པའི་གསོ་སྐྱོང་དམིགས་ཡུལ་ལ་གོ་ལོག་ཐེབས་པ་རེད། དོན་དམ་པར“འབུམ་རམས་པ”ཞེས་པ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ད་ཡོད་ཀྱི་ཐ་སྙད་ཐོག་ནས“PHD”ཞེས་པ་ཡིག་སྒྱུར་བྱས་པ་ཞིག་ཡིན་པ་ལས། འབུམ་རམས་པར་དངོས་གནས“འབུམ་རམས་པ”དགོས་པ་མཚོན་གྱི་མེད། འབུམ་རམས་པ་ནི་ཆེད་ལས་ཅན་ཞིག་ཡིན་དགོས་ཏེ། འབུམ་རམས་པས་བྲིས་པའི་དཔྱད་རྩོམ་གྱི་ཁ་བྱང་ལ་བལྟས་ཚེ་འཛམ་གླིང་ཡོངས་ཀྱི་འབུམ་རམས་པས་བྲིས་པའི་ཁ་བྱང་ནི་ཧ་ཅང་ཞིབ་ཕྲ་ཞིག་ཡིན་པ་ཤེས་ཐུབ།
        དེར་བརྟེན་སྨྱན་སྦྱོར་དང་ཡང་ན་མི་གཞན་གྱིས་ང་ལ་དཔེ་ཆ་རེ་ངོ་སྤྲོད་བྱས་ཞུ་མཁན་ཚང་མ་དང་ལེན་མི་བྱེད། རྒྱུ་མཚན་ནི་དཔེ་ཆ་ཀློག་པ་ནི་ཧ་ཅང་རང་གཤིས་ཅན་ཞིག་ཡིན་པས་རྒྱུས་མངའ་མེད་པའི་མི་ལ་ངོ་སྤྲོད་བྱས་ན་སྐབས་འགར་རོགས་རམ་གོ་ལྡོག་དུ་འགྲོ་སྲིད།
        ཞིབ་འཇུག་བྱེད་ཆེད་ཀློག དཔེ་ཀློག་བྱས་ཚེ་གཞི་ནས་གསར་གཏོད་བྱེད་ཐུབ།
        དཔེ་ཆ་ཀློག་པའི་དམིགས་ཡུལ་གཉིས་པ་ནི་ཞིབ་འཇུག་ཡིན། ཤེས་བྱ་སྦྱོང་བའི་ཆེད་དུ་ཀློག་ན་རང་ཉིད་ལ་འཚམ་པ་ཞིག་འདེམས་དགོས། འོན་ཀྱང་ཞིབ་འཇུག་གི་ཆེད་དུ་ཀློག་ན་གདམ་གསེས་བྱེད་མི་རུང་། ཀློག་ལ་དོ་སྣང་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་པའེ་ཅུས་དབྱི་ལ་ཞིབ་འཇུག་བྱེད་ན། པའེ་ཅུས་དབྱི་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་ཚང་མ་འཚོལ་སྡུད་དང་ཚང་མ་ལྟ་ཀློག་བྱེད་དགོས། འདི་ནི་དམིགས་ཡུལ་གྱིས་ཐག་གཅོད་བྱས་པ་ཡིན།
        ཅི་ཞིག་ལ་ཞིབ་འཇུག་ཟེར། ཅི་ཞིག་ལ་རིན་ཐང་ལྡན་པའི་ཞིབ་འཇུག་གྲུབ་འབྲས་ཟེར། དང་པོ། སྔོན་རབས་པའི་ནོར་འཁྲུལ་དང་མི་འདང་ས་རྙེད་པ། གཉིས་པ། ཞིབ་འཇུག་གི་ཁྱབ་ཁོངས་གསར་དུ་བཏོད་པའམ་ཡང་ན་གསར་རྙེད་གསར་པ་བྱུང་ནས་སྔོན་རབས་པས་བྱེད་མྱོང་མེད་པའམ་བྱེད་ལོང་མེད་པའི་བྱ་བ་བྱས་པ། གསུམ་པ། སྔོན་རབས་པའི་ཞིབ་འཇུག་ལ་ཕྱོགས་བསྡོམས་དང་། དབྱེ་ཞིབ། ཚོད་སྐོར་བཅས་བྱས་པ་དེ་ནི་རིམ་པ་ཅུང་དམའ་བའི་ཞིབ་འཇུག་རེད།
        ད་ལྟ་དཔྱད་རྩོམ་ཁ་ཤས་ཀྱི་ཆུ་ཚད་ཞིབ་འཇུག་བྱས་པར་མི་བརྩི་བར་བསྐྱར་ཟློས་ཡིན་ཞིང་། གོང་དུ་བཤད་པའི་རིན་ཐང་རིགས་གསུམ་པོ་དེ་དག་ཚང་མ་འཛོམས་མེད། སྔོན་ཆད་སློབ་མ་ཞིག་གིས་ནན་ཏན་གྱིས་ང་ལ་བཤད་རྒྱུར། རང་ཉིད་ལ་སད་རྟོག་ཡོད་ཟེར། དོན་དངོས་སུ་སད་རྟོག་འདི་ངས་མཐོང་མྱོང་། ཞིབ་འཇུག་འདི་རིགས་རིག་གཞུང་སྦྱོང་བརྡར་ཡིན་པའི་ཆ་ནས་གནད་དོན་མེད། འོན་ཀྱང་ཞིབ་འཇུག་གི་གྲུབ་འབྲས་ཡིན་པའི་ཆ་ནས་གནད་དོན་ཡོད། སྔོན་ཆད་ང་ཚོས་ཕྱི་རྒྱལ་དང་མཉམ་དུ་བསྐྱར་ཟློས་ཀྱིས་ཞིབ་འཇུག་འགའ་བྱས་པ་དང་། ད་དུང་ཁ་མཁས་འདྲ་ཆགས་ཆགས་ཀྱི་རྒྱུ་མཚན་ཡོད། ང་ཚོས་ཁོ་ཚོའི་དཔེ་ཆ་ཀློག་མི་ཐུབ། འོན་ཀྱང་ད་ལྟ་འདི་ལྟར་བཤད་མི་རུང་། རྒྱུ་མཚན་ནི་དྲ་ཐོག་ནས་ཀྱང་འཚོལ་ཐུབ། གལ་ཏེ་ཞིབ་བཤེར་མ་བྱས་པར་རང་ཉིད་སད་རྟོག་བྱུང་བ་ཡིན་ཟེར་ན་རྐུ་བཤུས་བྱས་པ་རེད།
        དེར་བརྟེན་ངས་ཞིབ་འཇུག་སློབ་མར་རེ་བ་འདོན་པའི་བྱ་བ་དང་པོ་ནི་སྔོན་རབས་པའི་གྲུབ་འབྲས་འཚོལ་སྡུད་བྱ་རྒྱུ་དེ་ཡིན་ཞིང་། མགོ་བརྗོད་དང་གླེང་གཞིའི་ནང་དུ་སྔོན་རབས་པས་གང་དག་བྱེད་མྱོང་བ་གསལ་པོར་འབྲི་དགོས། འདིས་ང་ཚོར་དཔེ་ཆ་ཞིག་ཀློག་དགོས་པའི་རེ་བ་བཏོན། དེར་ལྟ་དགོས་པ་མ་ཟད། ཐོག་མའི་པར་གཞི་རྙེད་གང་ཐུབ་བྱ་དགོས། པར་གཞི་གསར་པ་ཡོད་ན་ཁ་སྣོན་ནམ་བཟོ་བཅོས་རྒྱག་རྒྱུ་གང་ཡོད་པར་དོ་སྣང་བྱ་དགོས། མི་འགའ་ཞིག་གིས་དཔེ་དེབ་གཅིག་ལ་ཞིབ་འཇུག་ཡུན་རིང་བྱས་ནས་བསམ་འཆར་མི་མཐུན་པ་བྱུང་ཡོད་མོད། འོན་ཀྱང་རྩོམ་པ་པོས་དོན་དངོས་ཐོག་བཟོ་བཅོས་བརྒྱབ་ཡོད་ཅིང་། ནོར་འཁྲུལ་ཁ་ཤས་སྔ་ས་ནས་ཡོ་བསྲང་བྱས་ཡོད།
        ངས་ཞིབ་འཇུག་སློབ་མར་དཔྱད་རྩོམ་གྱི་ཁ་བྱང་འདེམས་རོགས་བྱེད་པ་སོགས་ཧ་ཅང་ཉུང་། ངས་ཁོ་ཚོར་རང་ཉིད་ཀྱིས་ཁྱད་ཆོས་ལྡན་པའི་ཁ་བྱང་རྙེད་ཐུབ་མིན་ནི་ཁྱོད་ཀྱི་རྒྱུགས་དང་པོ་ཡིན་ཞེས་བཤད་པ་ཡིན། མི་ལ་ལ་ཞིག་གི་ཁ་བྱང་གི་ཤོང་ཚད་ཧ་ཅང་ཆེ་བ་དང་། ཁ་བྱང་ལ་ལ་ཞིག་ཧ་ཅང་ཙག་ཙིག་ཡིན་པ་རེད། ཞིབ་འཇུག་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་དབྱེ་མཚམས་གསལ་པོ་འབྱེད་དགོས་པ་དང་། བརྗོད་གཞི་ཆེ་ཆུང་མི་འདྲ་བ་འཚོལ་དགོས་མོད། འོན་ཀྱང་ཁྱབ་ཁོངས་དེའི་ནང་དུ་གང་ཐུབ་ཅི་ཐུབ་ཀྱིས་ཞིབ་ཚགས་དང་རྫོགས་མཐའ་མེད་པར་བསྒྲུབ་དགོས།
        དཔེ་ཆ་ཀློག་པའི་བརྒྱུད་རིམ་ཁྲོད་ནམ་རྒྱུན་སྐབས་འཚོལ་མཇུག་འབྲས་ལ་འགན་ཁུར་དགོས། མི་ལ་ལས་དུས་ཡུན་རིང་པོར་རིག་གཞུང་ཐད་ཀྱི་ནོར་འཁྲུལ་རྒྱུན་མཐུད་བྱེད་སྲིད་པ་དང་། མི་ལ་ལ་རང་རྟོགས་དང་རང་རྟོགས་མིན་པའི་སྒོ་ནས་རིག་གཞུང་གི་ཚད་གཞི་དང་འགལ་བ་རེད།
        ཧྥུ་ཏན་དུ་དགེ་རྒན་ཆེན་མོ་ཞིག་ཡོད་པ་དེར་པེ་ཅིན་གྱི་སྐུ་ཞབས་ཤིག་གིས་རྩོམ་ཡིག་བྲིས་ནས་རྐུ་བཤུས་དང་རིག་གཞུང་མི་ལེགས་པ་རེད་ཅེས་དགག་པ་བརྒྱབ་པ་རེད། དེའི་ནང་གི་ལྟ་ཚུལ་ཁག་གཅིག་ལ་ངས་མོས་མཐུན་བྱེད་ཀྱི་མེད། ཁོས་རང་ཉིད་རྐུ་བཤུས་བྱས་པ་རེད་ཅེས་བཤད་པ་དང་། ནང་དོན་ཁ་ཤས་དེ་རིང་ཐོན་པ་དང་སང་ཉིན་ཡང་ཐོན་གྱི་རེད། ངས་བལྟས་ན་དེ་ནི་གནས་ཚུལ་ལ་བལྟ་དགོས་ཤིང་། གལ་ཏེ་སྤྱི་ཚོགས་ལ་དགོས་མཁོ་ཡོད་ན་བྱེད་སྟངས་དེ་རིགས་ནོར་མེད་པས་ཁོས་གསལ་པོར་འབྲི་དགོས་པ་སྨོས་ཅི་དགོས། ཡིག་ཆའི་ནང་དུ་བདེན་དཔང་ཞིག་ཡོད་པ་ནི་རྩོམ་ཡིག་ནང་དུ་ཁོས་གཞན་བརྒྱུད་ཀྱིས་རྩོམ་ཡིག་ཅིག་དྲངས་པ་དང་། རང་ཉིད་ཀྱིས་མ་གཞིའི་ཚད་ལྡན་ཡིག་ཆ་ཞིག་དྲངས་པ་རེད་ཅེས་པའི་བདེན་དཔང་ཞིག་ཡོད་པ་རེད། གནད་དོན་དེ་བྱུང་བ་རེད། ཁོས་དྲངས་པའི་དཔེ་ཆའི་ནང་དུ"Dover Strait"ཞེས་པ་དེ"street"ཞེས་པར་བསྒྱུར་བ་དང་། "ཏའོ་ཧྥུར་སྲང་ལམ"ཞེས་པར་བསྒྱུར་པ་རེད། གལ་ཏེ་ཁོས་དོན་དངོས་ལྟར་བཤད་ན་རྒྱུ་ཆ་རྙིང་བ་ལས་དྲངས་པ་ཡིན་ན་གནད་དོན་ཅི་ཡང་མེད་པ་རེད། འོན་ཀྱང་ཁོས་ངེས་པར་དུ་རྫུན་བཤད་དགོས་པ་རེད། དེ་ནས་མི་གཞན་གྱིས་ཧྥུ་ཏན་སློབ་ཆེན་གྱི་འབུམ་རམས་པ་ཁྱོད་ཀྱི་དབྱིན་ཡིག་གི་ཆུ་ཚད་འདི་འདྲ་ཞན་ནམ། དོན་དངོས་སུ་ནོར་འཁྲུལ་འདི་ང་ཚོ་མི་རེ་རེས་བཟོས་མྱོང་། ངས་ཅུང་ཙམ་མིན་ན་བཟོས་མྱོང་། འོན་ཀྱང་མ་མཐར་ཡང་མ་ཡིག་ལ་ཞིབ་བཤེར་བྱ་དགོས་ཤིང་། མ་ཡིག་ཚང་མར་ཞིབ་བཤེར་མ་བྱས་ན་ནོར་འཁྲུལ་ཤོར་ནའང་སྡུག་གྱོང་རེད།
        ཚེ་སྲོག་གི་དོན་འཚོལ་ཆེད་ཀློག དཔེ་ཀློག་དེ་ཚེ་སྲོག་གི་དགོས་མཁོར་གྱུར།
        དོན་དངོས་སུ། དཔེ་ཆ་ཀློག་པའི་བྱ་སྤྱོད་འདི་རིགས་ནི་ཆེས་བཟང་ལ། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། མི་ཚང་མས་ནམ་ཡིན་རུང་འདི་ལྟར་ཀློག་ཐུབ་པ་ཞིག་མིན། གལ་ཏེ་ཁྱོད་ཀྱིས་རང་སྣང་གང་ཤར་ཁོ་ནས་དཔེ་ཀློག་ལ་བཅུག་ན་ལོ་མཇུག་གི་དཔྱད་ཞིབ་ཁྲོད་དང་ཡང་ན་ལོ་ལྔ་ལོན་པའི་དཔྱད་ཞིབ་བྱེད་པའི་དུས་སུ་སླེབས་སྐབས་གལ་ཏེ་ད་དུང་འདི་ལྟར་དཔེ་ཆ་ཀློག་བཞིན་ཡོད་ན་ཕལ་ཆེར་འགྲིག་གི་མ་རེད། ཤེས་རབ་ཀྱི་སྤྱན་མངའ་བའི་འགོ་ཁྲིད་ཀྱིས་ཁྱོད་ནི་མི་འཇོན་ཐང་ཅན་ཞིག་ཡིན་པ་ཤེས་པ་མ་གཏོགས། ན་ཧྲི་དང་འདྲ་བར། ཁོའི་བསམ་བློ་རྒྱུན་ལྡན་མིན་རུང་ཁོ་མི་བསྐྱུར་བ་དང་། མཇུག་མཐར་ན་ཧྲི་ལ་ནོ་པེར་བྱ་དགའ་ཐོབ་པ་རེད།
        ཧྥུ་ཏན་དཔེ་མཛོད་ཁང་དུ་དུས་རྒྱུན་ཕེབས་པའི་མགྲོན་པོ་ཁ་ཤས་ཡོད་པའི་ནང་ནས་ལོ་དགུ་བཅུ་ལྷག་ཙམ་ལ་སླེབས་པ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་ཞིག་གིས་ཉིན་ལྟར་རྐང་འཁོར་བསྐོར་ནས་དཔེ་ཁང་གི་སྒོ་ཕྱེ་མ་ཐག་སླེབས་ཀྱི་ཡོད། ཉིན་གུང་ཟ་མ་ཟ་བའི་དུས་ཚོད་ལ་སླེབས་པ་རག་བར་དུ་ཤང་ཀང་དང་ཐའེ་ཝན་གྱི་ཚགས་པར། དུས་དེབ་ཀྱི་ཉེ་འགྲམ་དུ་བསྡད་དེ་ཉིན་གང་བོར་བལྟས་མོད་དཔེ་ཆ་ཀློག་ན་ཕན་ཐོགས་གང་ཡོད་པ་ཤེས་ཀྱི་མེད། ད་དུང་ལོ་བརྒྱད་ཅུ་གྱ་གཅིག་ལ་སླེབས་པའི་རྒད་པོ་ཞིག་གིས་ཉིན་ཞིག་དཔེ་ཆ་ལྟ་བཞིན་དུ་གློ་བུར་དུ་ས་ལ་འགྱེལ་ནས་སྙིང་ནད་འཕར་བ་རེད། ཁོ་དཔེ་ཆ་བལྟ་རུ་མ་ཡོང་ན་ཤི་བ་ལས་ཀྱང་སེམས་སྡུག ལུས་ཕུང་ཇེ་བཟང་དུ་སོང་ན་ད་དུང་ཡོང་ཁོ་ཐག་ཡིན། ཁོས་དཔེ་ཆ་ཀློག་པ་ནི་ཅི་ཞིག་གི་ཆེད་དུ་ཡིན་ནམ། ཁོང་གིས་ལས་ཀའི་གོ་མིང(职称)དཔྱད་བསྡུར་བྱེད་མི་དགོས་པའམ་ཡང་ན་རྩོམ་ཡིག་སོགས་ཚགས་པར་དང་དུས་དེབ་ཀྱི་སྟེང་དུ་གང་ཡང་སྤེལ་བའི་བསམ་པ་མེད། གཞན་ཤེས་བྱ་མང་པོ་འཚོལ་ཆེད་ཀྱང་མིན་པར་དཔེ་དེབ་ཀློག་རྒྱུ་དེ་མི་ཚེའི་ཆ་ཤས་ཤིག་དང་སྤྲོ་སྣང་ཞིག་ཏུ་བརྩི་བཞིན་འདུག གལ་ཏེ་ཉིན་ཞིག་སྟབས་མ་ལེགས་པར་དཔེ་སྒྲོམ་ཐོག་འགྱེལ་ནའང་དེ་ནི་ཁོང་གི་འདོད་པའི་ཕུགས་འབྲས་དང་སེམས་ཀྱི་ལོག་མལ་ལོ། །
        མི་རེ་འགའ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་ཡོད་ཅིང་། ལ་ལ་ནི་སྔ་མོ་ནས་ལས་འཁྱུར་ངལ་གསོ་བྱས་ཡོད། རྒྱུ་མཚན་ནི་སྒོར་མོ་བསགས་ནས་འདང་ཡོད་པས། རྗེས་མར་མི་ཚེའི་ལོངས་སྤྱོད་བྱེད་དགོས། ཁོ་ཚོའི་མི་སྐོར་ཞིག་ཡུལ་སྐོར་ལ་འགྲོ་བའམ་མི་སྐོར་ཞིག་དཔེ་ཀློག་བྱེད་དུ་སོང་། ཉིན་འདི་གཉིས་ལ་ཨ་མེ་རི་ཁའི་ཐང་ཞིབ་འཇུག་ཐེབས་རྩ་ཚོགས་པའི(The Tang Reseach Foundomon)ཀྲུའུ་ཞི་སྐུ་ཞབས་ལོ་ཅེ་ཝེ་སྐུ་གཤེགས། དགུང་ལོ་ང་བརྒྱད་རེད། མི་དེ་ནི་དང་ཐོག་རྩིས་འཕྲུལ་ལ་མཁས་པ་ཞིག་ཡིན་པ་དང་ཁེ་ལས་མཁས་ཅན་ཞིག་རེད། རྗེས་སུ་ཀྲུང་གོའི་རིག་གནས་དང་ལྷག་པར་དུ་ཐང་རྒྱལ་རབས་ཀྱི་རིག་གནས་ལ་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་ཁེ་ལས་གཉེར་ནས་ཡོང་འབབ་མང་པོ་བསགས་ཡོད། རྗེས་སུ་ཕྱིར་འཐེན་བྱས་ཏེ་ཀྲི་ཅ་ཀོ་སློབ་ཆེན་དུ་འཆད་ཁྲིད་དགེ་རྒན་བྱས་ནས་ཐང་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་བཙུགས་པ་དང་ཐང་ཞིབ་འཇུག་དུས་དེབ་མང་པོར་རྒྱབ་སྐྱོར་བྱས།
        མི་ཚེའི་སྤྲོ་སྣང་དང་ཚེ་སྲོག་གི་དགོས་མཁོའི་ཆེད་དུ་དཔེ་ཆ་ལྟ་མཁན་ཇི་ཙམ་མང་ན་སྤྱི་ཚོགས་གཞི་ནས་དེ་ཙམ་གྱིས་དར་རྒྱས་ཆེ་བ་དང་མིའི་ཡར་ཐོན་གྱི་ཆུ་ཚད་ཀྱང་དེ་ཙམ་གྱིས་མཐོ་བ་ཡོད། ཀྲུང་གོ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་ཚང་མས་རང་དབང་གི་དུས་ཚོད་མང་པོ་བཀོལ་ནས་དཔེ་ཆ་ཀློག་པ་དང་། དཔེ་ཆ་ཀློག་པ་ནི་མི་ཚེའི་ལོངས་སྤྱོད་ཅིག་ཏུ་བརྩི་དགོས།
ཀུ་ཅིན་ཞང་གི«དཔེ་ཀློག་བྱེད་ཐབས་ཀྱིས་ཁྱོད་ཀྱི་ལས་དབང་ཐག་གཅོད་ཐུབ།»ལས་ཁོལ་ཏུ་ཕྱུང་ནས་བསྒྱུར།
འབྲེལ་ཡོད་འོས་སྦྱོར།