logo

བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས། ཁག་གསུམ་པ།

རྩོམ་པ་པོ།:བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲི ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-06-26 ཀློག་གྲངས།:
40. བྱིས་པའི་སྤྲོ་སེམས་ཀྱི་རྗེས་ལ་བསྙེགས་ཏེ། ཁོ་ཚོར་དགོས་ངེས་ཀྱི་རོགས་རམ་བྱས་ཆོག
41. དཔེ་ཀློག་དང་འབྲེལ་བའི་སྐད་ཆ་མི་ལེགས་པ་དང་ཡང་ན་སེམས་ཁམས་མི་དྭངས་པའི་རྣམ་འགྱུར་སྟོན་པ་སོགས་སྤྲོ་སེམས་ཡལ་བར་བྱེད་པའི་བྱ་སྤྱོད་མཚམས་འཇོག་དགོས། བྱིས་པ་ཡུན་གྱིས་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཡོད་དགོས་ལ། བྱིས་པར་སྐུལ་མ་དང་བསྟོད་བསྔགས་མང་དུ་བྱེད་དགོས།
42. ཀློག་འདོན་ཁྲོད་ནས་འཁྲབ་སྟོན་བྱེད་ཚུལ་བསླབ་དགོས། བྱིས་པ་དང་མཉམ་དུ་ཀློག་འདོན་བྱེད་དུས་གནའ་གཏམ་གྱི་འགྱུར་བ་དང་བསྟུན་ནས་སེམས་ཀྱི་འཆར་སྒོ་ལུས་ངག་གི་ཐོག་ནས་ཕྱིར་མངོན་ན་དཔེ་ཀློག་གི་གོ་རིམ་ལ་གསོན་ཤུགས་ལྡན་ངེས།
43. བྱིས་པས་ཀློག་འདོན་ལ་མི་དགའ་བའི་རྒྱུ་མཚན་གླེང་དུས་ཞིབ་ཏུ་མཉན་དགོས། བྱིས་པས་དཔེ་ཀློག་བྱེད་མི་འདོད་དུས། ཁྱོད་ཀྱིས་ངེས་པར་དུ་བྱིས་པའི་སྐད་ཆ་བཤད་ཚར་བར་བསྒུག་དགོས། བྱིས་པར་སེམས་གཏམ་བཤད་ས་ཞིག་ཡོད་པའི་གོ་སྐབས་བསྐྲུན་པ་ནི་འབྲེལ་འདྲིས་ཀྱི་འཕེལ་རྒྱས་ཆེན་པོ་ཞིག་སྟེ། བྱིས་པའི་ཁ་བརྡའི་ནང་དུ་བྱིས་པ་དཔེ་ཀློག་ལ་མི་དགའ་བའི་རྒྱུ་མཚན་ངེས་ཅན་ཡོད་དེ། གལ་ཏེ་དེ་བརྗོད་ཚར་ན་ང་ཚོས་ད་གཟོད་གནད་དོན་ཐག་གཅོད་པར་ཐབས་ཤེས་འཐེན་ཆོག
44. དཔེ་ཀློག་ནི་ལོངས་སྤྱོད་ཅིག་ཡིན། བཙན་པོ་བྱ་མི་རུང་། ངེས་པར་དུ་སྤྲོ་སྣང་ཡོད་པ་ཞིག་ལས་སེམས་ལ་ཁུར་བོ་ཞིག་ཏུ་གྱུར་ཚེ། གཏན་ནས་མི་རུང་།
45. བྱིས་པར་དཔེ་ཀློག་གི་དུས་ཚོད་སྟེར་དགོས། བྱིས་པ་ཞིག་དཔེ་ཀློག་ལ་གཏན་ནས་མི་དགའ་བ་ནས་དགའ་བར་འཇུག་དགོས་ན། ཡུན་རིང་གི་གོ་རིམ་ཞིག་དགོས་ཏེ། བྱིས་པར་གནོན་ཤུགས་མེད་པ། ལེ་བདའ་དང་བཙན་སྐུལ་མི་བྱེད་པ། བྱིས་པ་རང་ཉིད་དགའ་བའི་དཔེ་ཆའི་རིགས་དང་། བྱིས་པ་རང་ཉིད་དགའ་བའི་རྣམ་པ་སོགས་བྱིས་པར་འཚམ་པའི་ཁོར་ཡུག་ཅིག་བསྐྲུན་ན། བྱིས་པ་ལའང་འགྱུར་ལྡོག་འབྱུང་སྲིད།
46. བྱིས་པ་རང་རང་གིས་དགའ་བའི་མི་དང་། སྲོག་ཆགས། རྩེད་ཆས་སོགས་ལ་ཀློག་འདོན་བྱས་ཆོག བྱིས་པར་རང་གིས་སྙོར་བའི་སྲོག་ཆགས་ལ་ཀློག་འདོན་བྱེད་དུ་བཅུག་ན། མི་རྒན་པས་རང་གི་བྱིས་པར་དཔེ་ཀློག་བྱེད་པའི་ནུས་པ་དེ་འདྲ་ཐོན་ཡོང་ལ། གལ་ཏེ་བྱིས་པས་སྲོག་ཆགས་ལ་དཔེ་ཀློག་བྱེད་པ་དེ་སྤྲོ་སེམས་ཤིག་ཏུ་བརྩི་ནུས་པ་དང་རྒྱུན་འཁྱོངས་བྱེད་ཐུབ་ན་ཡག་པོ་ཡོད། ཀློག་འདོན་གྱི་རྣམ་པ་དེ་བབ་ཆགས་པ་དང་། སྲོག་ཆགས་དང་རྩེད་ཆས་སོགས་ཕན་ཚུན་བར་གྱི་རྩེད་མོའི་རང་བཞིན་ལྡན་པ་ཞིག་ཡོང་ན། དེ་ནི་བྱིས་པའི་སྐད་ཆ་དང་རིག་པའི་སྦྱོང་བརྡར་ལེགས་པོ་ཞིག་ཀྱང་ཡིན།
47. དོན་སྙིང་ཡོད་པའི་སྒོ་ནས་བྱིས་པར་འདུག་རོགས་བྱེད་དགོས། ཉིན་རེར་དུས་ཚོད་རེ་བེད་སྤྱད་ནས་གཏམ་རྒྱུད་ཀློག་འདོན་བྱེད་དགོས། བྱིས་པའི་ལོ་ཆུང་དུས་ཀྱི་ཀློག་འདོན་ནུས་པ་གསོ་སྐྱོང་བྱ་དགོས།
48. བྱིས་པར་ཚོན་སྨྱུག་གྲ་སྒྲིག་བྱེད་དགོས། ཆུང་དུས་ནས་ཀློག་འདོན་གྱི་གོམས་གཤིས་སློབ་དགོས། འཚོ་བའི་ཁྲོད་ནས་བར་མ་ཆད་པར་སྦྱོང་བརྡར་བྱས་ནས། བྱིས་པ་རང་ཉིད་ལ་འཚམ་པའི་ཀློག་འདོན་ཐབས་ཤེས་རྙེད་དུ་འཇུག་དགོས། ལྷག་པར་དུ་ཀློག་འདོན་བྱེད་པར་དཀའ་ལས་ཡོད་པ་དང་ཀློག་འདོན་བྱེད་པར་མི་དགའ་བའི་བྱིས་པ་ཡོད་ན། ཚོན་སྨྱུག་སྣ་ཚོགས་བེད་སྤྱད་ནས་བྱིས་པའི་ཀློག་འདོན་གྱི་གོ་རིམ་ཁྲོད་རིག་པ་སྒྲིམ་ཐུབ་པར་རམ་འདེགས་བྱེད་དགོས།
49. ཀློག་འདོན་རྒྱུན་འཁྱོངས་བྱེད་དགོས་པ་ཤེས་སུ་འཇུག་དགོས། གོམས་གཤིས་ཤིག་ཆགས་རྒྱུ་ཤིན་ཏུ་དཀའ་ནའང་། གོམས་གཤིས་ཤིག་མེད་པར་གཏོང་རྒྱུ་ཤིན་ཏུ་སླ། གལ་ཏེ་བྱིས་པའི་ཀློག་འདོན་གྱི་མགོ་བརྩམས་ཚེ། ངེས་པར་དུ་ཉིན་རེར་རྒྱུན་འཁྱོངས་བྱེད་དགོས། རྒྱུན་འཁྱོངས་བྱས་ན་མི་དར་མའམ་བྱིས་པ་གང་ཡིན་རུང་། མཐའ་མཇུག་གི་འབྲས་བུ་བསམ་གྱིས་མི་ཁྱབ།
50. བྱིས་པའི་ཀློག་འདོན་ལ་ངང་རྒྱུད་རིང་པོས་ཉན་དགོས། བྱིས་པར་སྐད་ཆེན་པོས་ཀློག་འདོན་བྱེད་པར་སྐུལ་མ་བྱེད་དགོས། བྱིས་པས་ཚན་པ་གཅིག་བཏོན་ན། ཁྱོད་ཀྱིས་ཀྱང་ཚན་པ་གཅིག་འདོན་དགོས། བྱིས་པས་སྐད་གསེང་མཐོན་པོའི་ངང་བཀླགས་ན།ཁྱོད་ཀྱིས་ནན་ཏན་གྱིས་ཉན་པ་དང་། འཛུམ་དང་བཅས་ཏེ་བྱིས་པར་བལྟས་ནས་རམ་འདེགས་བྱེད་དགོས།
51. ཀློག་འདོན་གྱི་དུས་ཚོད་རྩི་དགོས་དོན་མེད། བྱིས་པས་ཀློག་འདོན་བྱེད་དུས་ཁོ་ཚོ་སྤྲོ་བ་ཡོད་པར་འཕྲད་ཚེ་ཤོག་ངོས་གཅིག་ལ་སྐར་མ་གསུམ་རིང་ཅེར་ཏེ། གད་མོ་ཤུགས་ཆེར་དགོད། ཁོ་ཚོ་སྤྲོ་བ་མེད་པར་འཕྲད་ཚེ། མགྱོགས་པོའི་ངང་ཤོག་ལྷེ་ཕར་རྫོགས་ངེས། སྐབས་དེར་ཁྱོད་ཀྱིས་ངེས་པར་དུ་བྱིས་པར་དབང་ཆ་སྟེར་དགོས། རྒྱུ་མཚན་ནི་རང་ཉིད་ཀྱི་འདུ་ཤེས་སྨིན་མ་ཐག་པའི་བྱིས་པར་མཚོན་ན། དེ་ནི་ཁོ་ཚོས་དཔེ་ཀློག་གི་བྱ་བ་དེར་བཅངས་པའི་བསམ་པ་དང་ལྟ་སྟངས་ལ་འབྲེལ་བ་ཡོད་དོ། །
52. བྱེ་བྲག་ནུས་རྩལ་ཞིག་ཤེས་པའི་ཆེད་དུ་ཀློག་འདོན་མི་བྱ། དགའ་སྤྲོའི་ཆེད་དུ་ཀློག་འདོན་བྱེད་པའི་མི་ཞིག་གིས་ཀློག་འདོན་གྱི་གོམས་གཤིས་གསོ་སྐྱོང་བྱ་བར་ཤིན་ཏུ་སླ། ཟུར་གཞན་ཞིག་ནས་བཤད་ན། ཀློག་འདོན་གྱིས་ང་ཚོར་བསྣམས་འོང་བའི་བཟང་ཆ་ནི་ཤེས་བྱ་གསར་པ་ཞིག་བསླབ་པའམ་ནུས་པ་ཞིག་སློབ་པ་ལྟ་བུའི་ལས་སླ་མོ་ཞིག་མིན། དབྱིན་ཇིའི་ཀློག་འདོན་ཚོགས་པའི་མགོ་བSue Wilkinsonལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། དགའ་སྤྲོའི་ངང་ཀློག་འདོན་བྱས་ན། མི་རྣམས་ལ་གནོན་ཤུགས་ཀྱིས་ཁེངས་ཏེ། ཡིད་མུག་པ་དང་ཧོན་ལོག་པ་སོགས་ཀྱི་ནད་རྟགས་ལས་རིང་དུ་འགོངས་པར་བྱ་རྒྱུར་རམ་འདེགས་བྱ་ཐུབ།
53. ཡི་གེ་ཉུང་འབྲི་དང་རི་མོ་མང་འབྲི་བྱ། ལོ་རིམ་ལྔ་པའི་དགེ་རྒན་ཞིག་གིས་ཐའེ་ཐན་ཉི་ཁོ་རྟགས་ཅན་ཞེས་པ་དེ་འཁྲིད་དུས། བསམ་གཞིག་འདྲེན་པའི་རི་མོ་སྤྱད་ནས་དྲི་བ་སྣ་ཚོགས་བཏོན། དཔེར་ན་ཐའེ་ཐན་ཉི་ཁོ་རྟགས་ཅན་རྒྱ་མཚོར་ནུབ་པར་རྒྱུ་རྐྱེན་གང་དག་ཡོད་ཅེས་པ་རི་མོའི་བར་དུ་བྲིས། སློབ་མ་ཚོར་དྲིས་ལན་སྣ་མང་འདོན་དུ་བཅུག་ནས་གཡོན་ཕྱོགས་ཀྱི་རེའུ་མིག་ནང་དུ་བསྐངས། ཀློག་འདོན་དོན་ཅན་ནི་གཏམ་རྒྱུད་ཀྱི་བརྒྱུད་རིམ་གསེད་པ་དེ་ཙམ་མ་ཡིན་པར། གཏམ་རྒྱུད་བྱུང་རིམ་གྱི་ནང་གི་རིགས་ལམ་དང་། རྩོམ་པ་པོའི་བསམ་བློ་སོགས་ལ་དབྱེ་ཞིབ་བྱེད་ཤེས་དགོས།
54. བྱིས་པ་ཁྲིད་ནས་དཔེ་ཀློག་གི་ནང་དོན་དང་འབྲེལ་བའི་ཡུལ་དངོས་ལ་རྟོག་ཞིབ་བྱེད་པ། དཔེར་ན། བྱིས་པ་ཀ་ར་ཟ་རྒྱུར་དགའ་ན། ཏག་ཏག་ཀ་རའི་བཟོ་གྲྭ་དང་འབྲེལ་བའི་རིས་སྒྲུང་ཀློག་པ་དང་། རིས་སྒྲུང་བཀླགས་ཚར་རྗེས། བྱིས་པ་ཁྲིད་ནས་ཀ་རའི་བཟོ་གྲྭར་འགྲོ་བ་དང་། ཀ་རའི་རྒྱུ་ཆ་ནས་མགོ་བརྩམས་ཏེ་ཀ་ར་བཟོ་བའི་གོ་རིམ་དང་སྤུས་ཡག་གི་ཐུམ་བཟོ་ཚུལ། ཐ་ན་ཚོང་རར་ཕྱི་འགྲེམས་བྱེད་པའི་གོ་རིམ་ཡོད་ཚད་ལ་རྟོག་ཞིབ་བྱ་ཆོག
55. ཀློག་འདོན་གྱི་བྱ་བ་དེ་རོལ་རྩེད་ཆུང་ཆུང་ཞིག་ལ་བསྒྱུར་ཆོག་སྟེ། གྲངས་ཀ་རྩི་དུས་མཛུབ་མོ་སྤྱད་ཆོག་པ་བཞིན། ཀློག་འདོན་བྱེད་དུས་ཀྱང་མཛུབ་མོས་ནུས་པ་དེ་བཞིན་ཐོན་ཐུབ། དཔེ་ཆ་གཅིག་བཀླགས་ཚར་རྗེས། མཛུབ་མོ་བསྲིངས་ནས། ཕ་མ་དང་བྱིས་པས་སོ་སོར་དྲི་བ་བཏོན་ཆོག དྲི་བ་དྲིས་ལན་གྱི་གོ་རིམ་ཁྲོད་ནས་མཛུབ་མོ་འཐེན་རེས་དང་མཛུབ་མོས་གཏུག་རེས་བྱེད་པ་སོགས་བྱས་ན། ཀློག་འདོན་གྱི་གོ་རིམ་ཤིན་ཏུ་སྐྱིད་པོ་ཡོང་བར་མ་ཟད། དེ་ནི་མ་གཞི་ནས་ཕ་མ་བུ་ཕྲུག་བར་གྱི་འབྲེལ་འདྲིས་བྱེད་སྟངས་ཡག་པོ་ཞིག་ཀྱང་ཡིན།
56. ཉམས་རོལ་དང་ལོངས་སྤྱོད་ཀྱི་ཡུལ་དུ་མི་རུང་བའི་དཔེ་ཆ་དེ་དགོས་དོན་མེད། གལ་ཏེ་དཔེ་ཆ་གཅིག་ཤོག་ངོས100ཙམ་བཏོན་ཚར་དུས་སམ། རྩོམ་ཡིག་གང་རུང་གི་ཚན་པ་འགའ་ཤས་བཀླགས་ཀྱང་། ད་དུང་ཁྱེད་ཀྱི་སྤྲོ་བ་འདྲེན་མི་ནུས་ན་དེ་རང་གཡུག་ནས་དཔེ་ཆ་གཞན་ལ་བལྟས་ཆོག དཔེ་ཆ་གང་ཡིན་རུང་ཀློག་པའི་གོ་རིམ་ཁྲོད་ཉམས་རོལ་དང་ལོངས་སྤྱོད་ཀྱི་ཚོར་བ་མི་སྐྱེས་ན། དཔེ་ཆ་དེ་ངེས་པར་དུ་ཀློག་ཚར་དུ་འཇུག་དགོས་དོན་ཅི་ཡང་མེད།
57. རིས་སྒྲུང་གི་ནང་དོན་འཁྲབ་ཚུལ་བསླབ་ན་བཟང་སྟེ། འཁྲབ་སྟོན་ནི་རྫུ་འཕྲུལ་ཆེན་པོ་ཞིག་དང་འདྲ། དཔེ་དེབ་ནང་གི་རྣམ་འགྱུར་གཅིག་གམ། སྟངས་སྟབས་གཅིག་གཙོ་གནད་དུ་བཟུང་ནས་འཁྲབ་པ་གལ་ཆེ། དཔེར་ན་ནང་དོན་གཅན་གཟན་དང་རི་དྭགས་ལ་འབྲེལ་ན། བཟའ་ཚང་གང་བོས་གཅན་གཟན་གྱི་སྐད་འབོད་རྒྱག་ཚུལ་ལྟ་བུ་འཁྲབ་ཆོག ལོ་མང་པོའི་རྗེས་སུ། བྱིས་པས་དཔེ་ཆ་དེ་བརྗེད་ཟིན་ནའང་། བཟའ་ཚང་གང་བོ་གཅན་གཟན་དུ་བརྫུས་ནས། མཚན་མོའི་ཟླ་ངོགས་ལ་གད་རྒྱངས་སྒྲོག་པའི་དུས་ཚོད་ཡག་པོ་དེ་ནམ་ཡང་བརྗེད་མི་སྲིད།
58. རིས་སྒྲུང་ནང་གི་མི་སྣའི་སྟངས་སྟབས་ལ་ལ་སེམས་སུ་འཛིན་དགོས། དཔེ་ཆ་རེ་རེ་བྱས་ནས་འཁྲབ་དགོས། གནའ་གཏམ་ཁྲོད་ཀྱི་མི་སྣའི་འཁྲབ་སྟངས་ལ་ལས་སེམས་ཚོར་སྣ་མང་བསྐྱེད་སྲིད། བྱིས་པས་མགོ་སྒུར་བ་དང་། མགོ་བོ་དགྱེ་བ། མགོ་རྟིང་ལྡོག་པ། ཡར་འདེགས་པ་དང་ལག་པས་འཛིན་པ་སོགས་ཀྱི་མིང་ཚིག་བཀོལ་སྟངས་ཤེས་པར་ཕན། (མུ་འགོད།)
འབྲེལ་ཡོད་འོས་སྦྱོར།