དཔེ་ཀློག་དང་མི་ཚེ།
རྩོམ་པ་པོ།:ཀྲིག་ཀོ་ཕིང་གིས་བརྩམས། སྒོམ་པ
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-07-07
ཀློག་གྲངས།:
དཔེ་ཆ་ཅིའི་ཕྱིར་བཀླག་དགོས།
དོན་དངོས་སུ་ང་ཚོས་དུས་རྒྱུན་དཔེ་ཆ་ཀློག་བཞིན་ཡོད་སྲིད་མོད། འོན་ཀྱང་དམིགས་ཡུལ་མི་འདྲ། ངས་དབྱེ་ཞིབ་བྱས་པ་ལྟར་ན་ཧ་ལམ་དམིགས་ཡུལ་རིགས་གསུམ་ཡོད་པར་འདོད་པ་གཤམ་གསལ་ལྟར།རིགས་དང་པོ་ནི་བཀོལ་སྤྱོད་བྱེད་པའི་དམིགས་ཡུལ་གྱི་ཆེད་དུ་ཡིན་ཏེ། དཔེར་ན། ཁྱོད་ཀྱི་ཆེད་ལས་དང་ལས་རིགས་ཀྱི་དོན་དུ་ཁྱོད་ཀྱིས་དཔེ་ཆ་འགའ་བཀླག་དགོས་པ་དང་། ཡང་ན་ཁྱོད་ཀྱིས་མ་རྐང་ཉོ་བའི་དཔེ་ཆ་འགའ་བཀླག་དགོས་པ། ལུས་ཟུངས་གསོ་བའི་དཔེ་ཆ་བཀླག་དགོས་པ་ལྟ་བུ་རེད། གལ་ཏེ་ཁྱོད་ལ་འདི་ལྟ་བུའི་དཔེ་ཆ་ལས་མེད་ཚེ། ངས་ནི་ཁྱོད་རང་དཔེ་ཀློག་གི་གོམས་གཤིས་ཡོད་པའི་མི་ཞིག་ཏུ་མི་མཐོང་། རིགས་གཉིས་པའི་དམིགས་ཡུལ་ནི་སྐྱོ་བ་བསང་ཆེད་དུ་ཡིན་ལ། བྱ་བ་བསྒྲུབས་ནས་ཐང་ཆད་པའི་སྐབས་དང་ལས་ཞོར་གྱི་དུས་ཚོད་ལ་ཚགས་པར་སོགས་ཕར་སློག་ཚུར་སློག་བྱེད་པ། དྲ་ཐོག་ཏུ་མྱུལ་བ། ཉི་མ་འཁྱོལ་ཐབས་ཀྱི་གསར་འགྱུར་ལ་བལྟ་བ། ཡང་ན་དམིགས་ཡུལ་གང་ཡང་མེད་པར་དཔེ་ཆ་ཞིག་ལག་ཏུ་འཛིན་པ་བཅས་ནི་ལྷོད་གཡེང་ཁོ་ནའི་ཆེད་དུ་ཡིན། འདིའང་ངས་འདོད་ཅིང་བཤད་བཞིན་པའི་དཔེ་ཀློག་གི་རིགས་ལ་མི་གཏོགས། དེ་བས། ངས་བལྟས་ན་དཔེ་ཀློག་རིགས་གསུམ་པ་ནི་ད་གཟོད་དོན་ངོ་མའི་དཔེ་ཀློག་ཡིན་ཏེ། དཔེ་ཀློག་བྱས་པ་བརྒྱུད་བསམ་པའི་སྟེང་གི་སྤྲོ་སྣང་དང་བློ་ལ་སྦྱོང་བ་ཐོབ་པར་བྱེད་པ་རེད། དཔེ་ཆའི་ནང་ནས་བསམ་པའི་འཚོ་བཅུད་བླངས་ཏེ་རང་ཉིད་འཚར་ལོངས་ཡོང་བར་བྱས་ནས། ནང་སེམས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེ་ནི་ད་གཟོད་ང་རང་ཚོས་དར་སྤེལ་གཏོང་དགོས་པའི་དཔེ་ཀློག་ཅིག་ཏུ་འཁུམས།
མི་རྣམས་ཀྱི་ངག་ཏུ། དཔེ་ཀློག་གིས་མི་ཚེའི་ཁ་ལོ་བསྒྱུར་ཞེས་པའི་ཚིག་གཅིག་ཤིན་ཏུ་གོམས་པར་གྱུར་ཡོད། དཔེ་ཀློག་གིས་ཡང་སྙིང་མི་ཚེའི་ཅི་ཞིག་བསྒྱུར་བ་རེད་དམ། ངས་བལྟས་ན་གཙོ་བོ་མི་ཚེའི་ཕྱིའི་རྣམ་པ་བསྒྱུར་རྒྱུ་དེ་མ་ཡིན་པར། བསྒྱུར་ཡ་ངོ་མ་དེ་ནི་མི་ཚེའི་གོ་རྟོགས་དང་གཤིས་སྤྱོད་རེད་སྙམ། ཁྱོད་ཀྱི་འཚོ་བར་འགྱུར་ལྡོག་བྱུང་མེད་ལ། ཁྱོད་ཀྱིས་སྔར་བཞིན་སྔོན་ཆད་བསྒྲུབས་མྱོང་བའི་བྱ་བ་དེ་སྒྲུབ་བཞིན་ཡོད་ཀྱང་། དཔེ་ཀློག་གི་རྟོགས་པ་ཐོབ་མིན་གྱིས་དོན་དེའི་སྙིང་པོ་མི་འདྲ་སྟེ། རྒྱུ་མཚན་ནི་ཁྱོད་ཀྱི་བྱང་ཚད་ཀྱང་མི་འདྲ་བས་སོ། །
མི་དང་མིའི་བར་གྱི་ཁྱད་པར་གཙོ་བོ་ནི་དོན་དུ་བཤད་ན་ལས་རིགས་ལ་རག་ལས་མེད་པར་ནང་སེམས་ཀྱི་གོ་རྟོགས་དང་། ཁྱོད་ཀྱི་རིན་ཐང་གི་ལྟ་བ། ཁྱོད་ནི་ཅིའི་ཕྱིར་དུ་གསོན་ཡོད་པ། ཁྱོད་ཀྱིས་ཅི་ཞིག་ནི་ཆེས་གལ་ཆེ་བར་བརྩི་བ་སོགས་དང་འབྲེལ་ཆེ། ལས་རིགས་ཀྱི་ཁྱད་པར་དེ་གཙོ་བོ་ཞིག་མ་རེད། ལས་རིགས་གཅིག་པའི་མིས་འཚོ་བ་རྩ་བ་ནས་མི་འདྲ་བ་རོལ་གྱིན་ཡོད་སྲིད་པ་རེད། རྒྱུ་མཚན་ནི། ཁོ་ཚོའི་སེམས་ཁམས་མི་འདྲའོ།།
ངས་མཐོང་བ་ལྟར་ན་ལས་རིགས་སོ་སོའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་མི་ནི་ཏག་ཏག་དཔེ་ཀློག་ལ་དགའ་བ་རྐྱང་རྐྱང་རེད། ད་ལྟ་ང་ཚོས་ཤེས་ཡོན་ཅན་གྱི་དཔོན་རིགས་དང་ཤེས་ཡོན་ཅན་གྱི་ཁེ་ལས་པ་དར་སྤེལ་གཏོང་བཞིན་ཡོད། དོན་དངོས་ཐོག་ལས་རིགས་སོ་སོའི་ཕུལ་དུ་བྱུང་བའི་མི་ཚང་མ་ཤེས་ཡོན་ཅན་ཡིན་པ་དང་། ཚང་མ་དཔེ་ཀློག་ལ་དགའ་ཞིང་རང་སྦྱོང་གི་གོམས་གཤིས་ཡོད་པའི་མི་ཡིན། ང་ནི་ཨ་རིའི་དམངས་ཁྲོད་ཀྱི་སྤྱི་ཕན་བྱ་གཞག་གི་གསར་གཏོད་པ་ཁཱ་ནེ་ཅི་ལ་ཧ་ཅང་དགའ་སྟེ། ཁོ་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་གི་རྣོ་ལྕགས་ཀྱི་རྒྱལ་པོ་ཡིན་ལ། ཆེས་ཐོག་མར་ཕྱུག་པོར་གྱུར་བའི་མིའང་ཡིན། ད་ལྟ་ཨ་རིའི་ཕྱུག་བདག་པེལ.ཀེ་ཚི་སོགས་ཀྱིས་དགེ་ལས་སྒྲུབ་པའི་སྲོལ་རྒྱུན་དེ་ཡང་ཁཱ་ནེ་ཅིས་རྨང་གཞི་བཏིང་བ་ཞིག་རེད། ཁཱ་ནེ་ཅི་མི་འདི་འདྲ་ཞིག་ཏུ་གྱུར་བ་ནི་སྟེས་དབང་ཞིག་གཏན་ནས་མིན། ཁོ་རང་ལོ་བཅུ་གསུམ་གྱི་སྐབས་སུ་སློབ་གྲྭར་འགྲོ་མ་ཐུབ་པར་འཕྲིན་སྐྱེལ་སྦྲག་པ་ཆུང་ཆུང་ཞིག་བྱས་ཤིང་། སྐབས་དེར་ས་གནས་དེ་གའི་དམག་ཁོངས་ནས་ཕྱིར་ལོག་པའི་དཔག་དཔོན་ཞིག་གིས་སློབ་གྲྭ་ནས་དཔེ་མཛོད་ཁང་ཆུང་ཆུང་ཞིག་བཙུགས་ནས། རང་ཉིད་ཀྱིས་ཉར་ཚགས་བྱས་པའི་རྩོམ་རིག་བརྩམས་ཆོས་གྲགས་ཅན་བཞི་བརྒྱ་ཙམ་དབུལ་ཕོངས་ཀྱི་བྱིས་པ་ཚོར་སྐྱེས་སུ་ཕུལ་བ་རེད། ཁཱ་ནེ་ཅི་གཟའ་མཇུག་རེ་རེར་དཔེ་ཆ་གཡར་དུ་སོང་ཞིང་། དེ་ནས་བཟུང་སྟེ་ཁོ་རང་དཔེ་ཆ་ཀློག་པར་དགའ་བར་གྱུར། དེར་མ་ཟད་ཁོའི་དཔེ་ཀློག་གི་སྤུས་ཚད་ཀྱང་ཧ་ཅང་མཐོན་པོ་ཡིན་ཏེ། ཐོག་མར་བཀླགས་པ་ནི་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་གྱི་སྐོར་ཡིན། ཁོས་རང་རྣམ་དུ་བཤད་རྒྱུར། ངས་ནམ་ཡང་དམག་ཁོངས་ནས་ཐོན་པའི་དམག་དཔོན་ཁོང་གི་བློ་གྲོས་ཀྱིས་ཁེངས་པའི་གཏོང་ཕོད་ལ་བཀའ་དྲིན་ཞུ་བཞིན་ཡོད། ང་རང་རྩོམ་རིག་ལ་དགའ་བ་དང་རྩོམ་རིག་ལ་སྦྱོང་བ་ཐོབ་པ་ནི་ཁོང་གི་བཀའ་དྲིན་ཡིན། འདི་ནི་ངའི་ཆེས་རྩ་ཆེ་བའི་ཚེ་ནོམ་སྟེ། མིའི་རིགས་ཀྱི་རྒྱུ་ནོར་ཡོད་ཚད་ལ་བརྗེ་དགོས་ཀྱང་ང་དེ་ལ་གཏན་ནས་འཐད་པ་མེད། ངས་བལྟས་ན་འདི་ལ་ད་གཟོད་དཔེ་ཀློག་གིས་མི་ཚེ་ལ་ཁ་ལོ་བསྒྱུར་བ་ཞེས་བསྙད་རུང་། དཔེ་ཆ་ཀློག་པ་ནི་ཚེ་གང་གི་དོན་དག་ཅིག་ཡིན་པས། དཔེ་ཀློག་གི་གོམས་གཤིས་ཆགས་པའི་མི་ཞིག་དང་དཔེ་ཀློག་ལ་མི་དགའ་བའི་མི་ཞིག་དོན་དངོས་སུ་འཇིག་རྟེན་མི་འདྲ་བ་གཉིས་སུ་འཚོ་བ་རོལ་བཞིན་ཡོད་པ་དང་། དཔེ་ཀློག་གི་གོམས་གཤིས་ཆགས་པའི་མི་ཞིག་ཡིན་ཚེ་ཁོའི་འཇིག་རྟེན་ནི་སྔར་ལས་རྒྱ་ཆེ་ལ་སྔར་ལས་ཕུན་སུམ་ཚོགས་པ་ཞིག་ཡིན།
དཔེ་ཆ་ཅི་ཞིག་བཀླག་དགོས།
མི་ཞིག་གིས་བཀླག་ཐུབ་པའི་དཔེ་ཆ་ནི་ཚད་ཡོད་པ་ཞིག་ཡིན། དེའི་ཕྱིར་དཔེ་ཆ་ཀློག་ན་ངེས་པར་དུ་གདམ་གསེས་ཡོད་པའི་སྒོ་ནས་དཔེ་ཆ་བཟང་པོ་དག་བཀླག་དགོས། ངས་བཤད་པའི་དཔེ་ཆ་ནི་གཙོ་བོ་ཚད་ཐུབ་ཀྱི་གསུང་རབ་དེ་དག་གམ་ཡང་ན་མ་མཐའ་ཡང་དཔྱད་གཏམ་གཏན་འཁེལ་ཚད་དང་ལྡན་པ་ཡོད་པའི་དཔེ་དེབ་ལེགས་པོ་དེ་དག་ལ་ཟེར་གྱིན་ཡོད། གལ་ཏེ་ཁྱོད་ལ་དཔེ་ཆ་ལེགས་པོ་ཀློག་པའི་གོམས་གཤིས་ཆགས་ཡོད་ཚེ། རྒྱུན་དུ་མཁས་པ་ཆེན་པོ་དེ་དག་གི་དཔེ་ཆ་བཀླགས་ན་ཁྱོད་ཀྱིས་དེ་དག་དང་སྤྱིར་བཏང་གི་དཔེ་ཆ་གཉིས་ཀྱི་ཁྱད་པར་ནི་འོབས་དོང་ཆེན་པོ་ཞིག་ཡིན་པ་དང་། རྩ་བ་ནས་མི་འདྲ་བ་ཚོར་ཐུབ་པ་ཡིན། མི་བདེན་ན་ཁྱོད་ཀྱིས་ཁ་ཕྱིར་འཁོར་ཏེ་སྤྱིར་བཏང་གི་དཔེ་ཆ་དེ་དག་ཀློགས་དང་བྲོ་བ་ཏིལ་ཙམ་ཡང་མི་འདུག
འོ་ན་ཅི་ཞིག་ནི་ཚད་ཐུབ་ཀྱི་གསུང་རབ་ཡིན་ནམ་ཞེ་ན། ཨ་མེ་རི་ཀའི་རྩོམ་པ་པོ་མར་ཁུ.ཐུའུ་ཝུན་ལགས་ཀྱིས་ཚད་ཐུབ་ཀྱི་གསུང་རབ་ཅེས་པ་ནི་རང་ཉིད་ཀྱིས་བཀླགས་མྱོང་བའི་རེ་བ་བྱེད་ཀྱིན་ཡོད་ཀྱང་སུས་ཀྱང་ནུས་ཤུགས་གང་ཡོད་བཏོན་ནས་ཀློག་ཏུ་མ་འདོད་པའི་དཔེ་ཆ་དེའི་རིགས་རེད་ཅེས་བཤད་ཡོད་པ་རེད། འདི་ནི་ཀུ་རེའི་ཚུལ་དུ་ལབ་པ་ཞིག་ཡིན་མོད། འོན་ཀྱང་མི་མང་ཆེ་བའི་སེམས་ནང་གི་ཚད་ཐུབ་ཀྱི་གསུང་རབ་ཀྱི་ཁྱད་ཆོས་གཉིས་བཤད་ཡོད་དེ། དང་པོ་ནི་དེ་ཚོ་གལ་ཆེན་པོ་ཡིན་པ་གོ་ཐོས་བྱུང་དུ་བཅུག་པ་དང་། གཉིས་པ་ནི་དེ་ཚོ་བཀླག་དཀའ་བར་སྙམ་པ་དེ་རེད།
དཔེ་ཆ་ཅི་ཞིག་བཀླག་རྒྱུ་ནི་ཆེས་གལ་ཆེན་པོ་ཡིན་ཏེ། དཔེ་ཆས་མི་ལ་ཤུགས་རྐྱེན་ཐེབས་སྲིད་པས་རེད། ཁྱོད་ཀྱིས་རྒྱུན་དུ་སྤྱིར་བཏང་གི་དཔེ་ཆ་དག་བཀླགས་ན་ཁྱོད་ཀྱང་སྤྱིར་བཏང་གི་མི་ཞིག་ཏུ་འགྱུར་སྲིད་པ་དང་། ཁྱོད་ཀྱིས་རླབས་ཆེ་བའི་དཔེ་ཆ་དག་བཀླགས་ན་ཁྱོད་རང་རླབས་ཆེན་གྱི་མི་ཞིག་ཏུ་འགྱུར་འགྲོ་བའི་ངེས་པ་མེད་མོད། ཡིན་ནའང་ཁྱོད་ཀྱི་སེམས་སུ་རླབས་ཆེན་གྱི་ཤེས་བྱ་དེ་དག་དང་དམིགས་འབེན་ཡོད་ན། ཁྱོད་ལ་མ་མཐའ་ཡང་རེ་སྙེག་མཐོན་པོ་ཞིག་ཡོད་སྲིད་པ་རེད། མི་ཞིག་བསམ་པའི་ཐོག་ནས་མི་ཅི་འདྲ་ཞིག་ཏུ་འགྱུར་སྲིད་པ་དེ་ཁོས་བསམ་པའི་འཚོ་བཅུད་ཅི་འདྲ་ཞིག་བསྡུ་ལེན་བྱས་ཡོད་མེད་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། བསམ་པའི་ཟས་བཅུད་ཀྱིས་ཁོའི་བསམ་བློའི་འཚར་ལོངས་འབྱུང་སྲིད་པའི་མཐོ་ཚད་དང་བཟང་ཚད་དེ་ཐག་གཅོད་བྱས་པ་རེད། དེའི་ཕྱིར། ངས་ནི་བཤད་ཚུལ་འདི་འདྲ་ཞིག་ལ་མོས་མཐུན་བྱེད་ཀྱིན་ཡོད་དེ། མི་ཞིག་གི་དཔེ་ཀློག་གི་ལོ་རྒྱུས་ནི་ཁོ་རང་གི་བསམ་པའི་འཕེལ་རྒྱས་དང་འཚར་ལོངས་ཀྱི་ལོ་རྒྱུས་ཀྱང་ཡིན་ཞེས་པ་དེའོ། །
དཔེ་ཆ་ཇི་ལྟར་བཀླག་དགོས།
ངའི་འདོད་ཚུལ་ནི་ཚད་ཐུབ་ཀྱི་གསུང་རབ་བཀླག་དགོས་པར་མ་ཟད་ཐད་ཀར་མ་རྩོམ་བཀླག་དགོས་པ་དང་། ལྷད་འདྲེས་པ་དང་ལག་བརྒྱུད་མང་བའི་ཀློག་དེབ་དེ་དག་མི་ཀློག་པའམ་ཡང་ན་ཉུང་དུ་བཀླག་དགོས་པར་འདོད། དཔེར་ན། ཁྱོད་ཀྱིས་ཁུང་ཙི་ལ་རྒྱུས་མངའ་ལོན་པར་འདོད་པའི་ཚེ་ན་ཁྱོད་རང་དངོས་སུ་སོང་ནས«ཁུང་ཙིའི་འབེལ་གཏམ»བཀླག་ན་འོས་པར་སྙམ།
མི་མང་པོ་ཞིག་ཚད་ཐུབ་གསུང་རབ་ཀྱི་མ་རྩོམ་ཀློག་པར་འཇིགས་སྣང་ཞིག་སྐྱེ་བཞིན་ཡོད་པ་རེད། དོན་དངོས་སུ་ཚད་ཐུབ་གསུང་རབ་ཀྱི་མ་རྩོམ་བཀླག་རྒྱུ་དེ་ཧ་ཅང་དཀའ་མོ་ཞིག་མ་རེད། ཁྱོད་ཀྱིས་དངོས་སུ་བཀླགས་ནས་སོང་ན་དོན་སྙིང་ཆེན་པོ་ལྡན་པ་རྟོགས་ཐུབ། མཁས་པ་ཆེན་པོས་ནི་ཆེས་ཡང་དག་ཅིང་ཚད་དང་ལྡན་པའི་སྐད་ཆ་ལ་བརྟེན་ནས་རང་གི་བསམ་བློ་བརྒྱུད་བསྒྲགས་བྱས་ཡོད་པ་གདོན་མི་ཟ། དེ་བས། ཁོང་གི་རྩོམ་གཤིས་བབ་ཆགས་ལ་ནུས་སྟོབས་ཀྱང་ཆེས་ཆེར་ལྡན་པ་ཡིན་ནོ།།
ཚད་ཐུབ་གསུང་རབ་ཀྱི་མ་རྩོམ་ཇི་ལྟར་ཀློག་པའི་སྐོར་ལ་ངས་བྱེད་ཐབས་གཉིས་འདོན་རྒྱུ་ཡིན་ཏེ། དང་པོ་ནི་གོ་བ་གཏིང་ཟབ་ལེན་མི་དགོས་པ་དང་། བཀླགས་ནས་ནང་དོན་གོ་མིན་ལ་དེ་འདྲའི་དོ་སྣང་མི་བྱེད་པར་རང་ཉིད་ཀྱིས་ཧ་ལམ་གོ་སོང་སྙམ་པ་དེས་འཐུས། ཁྱོད་ཀྱིས་རིག་གཞུང་ཞིབ་འཇུག་གི་ལས་གཉེར་གྱིན་མེད་ན་དཀའ་གནད་ཀྱི་སྟེང་ནས་རྙོག་འཛིང་དུ་གཏོང་དོན་མེད། དོན་དངོས་སུ་ཁྱོད་ཀྱིས་འདི་ལྟར་བཀླགས་པའི་བརྒྱུད་རིམ་ཁྲོད་དུ་ཁྱོད་ལ་ཤུགས་རྐྱེན་བཟང་པོ་ཐེབས་བཞིན་ཡོད། ཁྱོད་ཀྱིས་ཚད་ཐུབ་གསུང་རབ་ཀྱི་ཐོན་ཁུངས་གསོག་འཇོག་བྱེད་བཞིན་ཡོད། ཉིན་ཞིག་ལ་ཁྱོད་ཀྱི་དཔེ་ཀློག་གི་ཚོར་བ་དེ་ཧ་ཅང་སྐྱིད་པོ་ཞིག་ཏུ་འགྱུར་ངེས་པས། བྲེལ་བ་མ་ལངས་དང་། ནམ་ཞིག་གི་ཚེ་འདི་འདྲའི་བརྒྱུད་རིམ་ཞིག་ལ་བསླེབ་ཡོང་། གཉིས་པ་ནི་རང་གི་དགོས་པའི་ཆེད་དུ་སྟེ། ཁྱོད་ཀྱིས་རང་ཉིད་ཀྱི་བསམ་པའི་འཚར་སྐྱེ་བསམས་ནས་ཚད་ཐུབ་ཀྱི་གསུང་རབ་བཀླགས་པ་ཡིན་ན། ཁྱོད་རང་དགའ་བ་དང་སྤྲོ་བོ་བྱུང་བ་དེས་ཆོག་སྟེ། གོ་བ་ལེན་སྟངས་འགྲིག་མིན་ལ་སྣང་དོགས་ཆེ་མི་དགོས། གཙོ་བོ་རང་གི་བསམ་བློའི་གོ་རྟོགས་ལ་སྐྱེད་ཐོན་རྒྱུ་དེ་ཡིན། “བག་ཆགས་ཡག་པོ་ཐོབ་པ”ཞེས་པའི་ཚིག་འདི་ཧ་ཅང་གནད་དུ་ཁེལ་བ་ཞིག་འདུག་ཅིང་། དཔེ་ཆ་བཟང་པོའི་ཤུགས་རྐྱེན་ཐེབས་པ་ནི་ཤོག་བུ་སྣུམ་གྱིས་ཟོས་པ་ལྟ་བུའི་གོ་རིམ་ཞིག་ཡིན་པ་དང་། གོ་རིམ་དེ་ནི་ཤེས་མེད་ཚོར་མེད་དང་ངང་ངམ་ཤུགས་ཀྱི་གོ་རིམ་ཞིག་ཡིན་པས། དཔེ་ཆ་གང་ཞིག་དང་སྐད་ཆ་གང་ཞིག་གིས་ཁྱོད་ལ་ཤུགས་རྐྱེན་ཅི་ཐེབས་པ་སོགས་ངེས་པར་དུ་གསལ་པོར་དབྱེ་བ་ལ་དགོས་པ་མ་མཆིས་ཤིང་། དེ་འདྲ་ཡོང་བའང་མི་སྲིད། །
2014ལོའི«ཆབ་སྲིད་ལས་དོན་དུས་དེབ»འདོན་ཐེངས་དང་པོ་ལས་བདམས་བསྒྱུར་བྱས།
འབྲེལ་ཡོད་འོས་སྦྱོར།