logo

བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས། ཁག་བཞི་པ།

རྩོམ་པ་པོ།:བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲི ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-08-08 ཀློག་གྲངས།:
བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས།
བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲིག་བྱས།
(2022ལོའི་ཟླ6པའི་ཚེས24ཉིན་གྱི་པར་ངོས19པར་མཐུད་པ།

59. ཀློག་འདོན་ལ་དུས་ཚོད་ཆེད་དུ་བསྐྱུར་དགོས། དགོང་ཟས་རོལ་རྗེས་ལྟ་བུའང་ཆོག་སྟེ། ཁྱོད་ཀྱི་བརྙན་འཕྲིན་དང་དྲ་སྒོ་བརྒྱབ་རྗེས། ཆེད་དུ་དུས་ཚོད་གཅིག་བཀོལ་ནས་དཔེ་ཀློག་བྱས་ཆོག ཁྱོད་ཀྱིས་ཀྱང་ཁྱོད་ཀྱི་ཁྱིམ་མི་དང་མཉམ་དུ་དུས་ཚོད་གཅིག་ལ་དཔེ་ཆར་བལྟ་བ་ལས་ལས་ཀ་གཞན་ཅི་ཡང་མི་བྱེད་པའི་གྲོས་བྱས་ཆོག ཉིན་གཅིག་ཆེད་དུ་དཔེ་ཀློག་གི་ཉིན་མོར་གཏན་འཁེལ་བྱེད་པའང་ཐབས་ཤེས་དགའ་ཞིག་ཡིན་ཏེ། ཁྱིམ་མི་ཚང་མའང་ནང་དུ་ཞུགས་པར་སྐུལ་མ་བྱོས་དང་། དོན་སྙིང་ཤིན་ཏུ་ལྡན། དེ་ལས་བྱིས་པར་དཔེ་ཀློག་གི་གོམས་གཤིས་ཆགས་པར་ཕན།
60. བདག་དབང་གསལ་ཁ་འབྱེད་དགོས། བྱིས་པའི་ཁང་པའི་ནང་དུ་ངེས་པར་དུ་དཔེ་སྒྲོམ་ཆུང་ཆུང་ཞིག་གམ་ཅོག་ཙེ་ཞིག་དགོས། དེ་དག་གི་བདག་དབང་བྱིས་པར་སྤྲོད་དགོས། ཡང་ན་བྱིས་པའི་དཔེ་ཆའི་ངོས་སུ་རང་ཉིད་ཀྱི་མིང་འབྲི་རུ་འཇུག་དགོས།བདག་དབང་ཧ་ཅང་གལ་ཆེ། ཕ་མ་ལ་ལས་བྱིས་པར་དཔེ་བྱང་བཟོ་ཚུལ་དང་བཀོལ་སྤྱོད་བྱེད་ཚུལ་འོས་སྦྱོར་བྱེད་པ་ཡིན།
61. གང་དུ་འགྲོ་ནའང་དཔེ་ཆ་ཞིག་འཛིན་དགོས། དཔེ་ཆ་ནི་ལྡེ་མིག་བཞིན་ཁྱོད་ཀྱི་གམ་དུ་གནས་པར་གྱིས་ཤིག ང་ཚོས་བྱིས་པ་ཁྲིད་ནས་ཕྱིར་དོན་དག་བསྒྲུབ་ཏུ་འགྲོ་དུས་སམ། ཡང་ན་མི་ལ་སྒུག་པ་དང་གྲལ་བསྒྲིགས་པ་སོགས་ཀྱི་དུས་སུ། རྒྱུན་དུ་ཁ་པར་བྱིན་ནས་བྱིས་པར་དུས་ཚོད་བསྐྱལ་དུ་འཇུག ད་ནས་བཟུང་ཁ་པར་དཔེ་ཆ་ལ་བརྗེས་ནས། དུས་ཚོད་དེ་དག་དཔེ་ཆར་བལྟ་བ་ལ་སྤྱད་ན། དེ་ནི་ཁོམ་སྐལ་སྐྱེལ་བྱེད་ཀྱི་ཐབས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན།
62. དཔེ་ཀློག་གི་བྱ་དགའ་སྟེར་བ། བྱིས་པར་དཔེ་ཀློག་གི་བྱ་དགའ་སྟེར་བ་ལས་གཞན། ད་དུང་བྱིས་པར་དཔེ་ཀློག་གི་དངུལ་བྱང་ཞིག་ཀྱང་གྲ་སྒྲིག་བྱས་ཆོག་སྟེ། ཟླ་རེའི་ནང་དུ་བྱང་བུའི་ནང་ལ་དངུལ་སྒོར་སིལ་མ་རེ་ཉར་ནས། དེ་དག་རང་གིས་ཀློག་འདོད་པའི་དཔེ་ཆ་ཉོ་བྱེད་དུ་སྤྱོད་པའི་ཆོག་མཆན་སྤྲད་ཆོག གལ་ཏེ་དཔེ་ཀློག་རྒྱུན་མ་བསྐྱངས་པར་དུས་བཅད་ལས་འགོར་ན་དངུལ་མེད་པར་བཟོས་ཆོག
63. ཁྱིམ་ཚང་གང་བོར་འབྲེལ་བ་ཡོད་པའི་བརྗོད་བྱ་ཞིག་རྙེད་ཚེ། འགྲུལ་བཞུད་དམ་གུང་གསེང་གི་སྐབས་དང་བསྟུན་ནས། བྱིས་པ་དང་མཉམ་དུ་བརྗོད་བྱ་དེ་ལ་འབྲེལ་བ་ཡོད་པའི་དཔེ་ཆ་འཚོལ་བ་དང་། དེ་ཡང་ཁྱིམ་མི་ཕན་ཚུན་ལ་མཉམ་རོལ་བྱེད་པ་བརྒྱུད། འགྲུལ་བཞུད་ལམ་གུང་གསེང་གི་དུས་སྐབས་དེ་ཇི་ལྟར་རོལ་བ་མཉམ་དུ་གཏན་འཁེལ་བྱེད་པ་ལྟ་བུ་ཡོང་ཆོག་ལ། དེ་ལས་ཀློག་འདོན་གྱི་ནང་དོན་དང་སྤྲོ་སྣང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ་ཡིན།
64. བྱིས་པར་ཤེས་བྱའི་དགེ་མཚན་ཤེས་སུ་འཇུག་དགོས། བྱིས་པ་དང་མཉམ་དུ་དོན་དག་ཅིག་སྒྲུབ་པའི་སྐབས་སུ། དཔེར་ན་བརྙན་འཕྲིན་ཞིག་གསོ་བྱེད་དུས་ལྟ་བུ་ལ། བྱིས་པར་གསལ་བཤད་ཡི་གེ་འདོན་དུ་འཇུག་དགོས། དེ་ལྟར་བྱས་ན་ལག་ཆ་བཀོལ་སྤྱོད་བྱེད་དུས་སྟབས་ཇེ་བདེར་འགྲོ་བར་མ་ཟད། བྱིས་པར་མཚོན་ནའང་ཤེས་བྱའི་དགེ་མཚན་ལག་ལེན་གྱི་ཐོག་ནས་ངོ་འཕྲོད་པ་ལྟ་བུ་ཤར་ཡོང་།
65. བྱིས་པར་ཆེད་དུ་དུས་དེབ་མངགས་ཉོ་བྱེད་པ། ཆེད་དུ་བྱིས་པར་བྱིས་པའི་དུས་དེབ་སོགས་མངགས་ཉོ་བྱེད་པ་དེ་ཡང་ཐབས་དགའ་ཞིག་ཡིན་ཏེ། བྱིས་པར་རང་ཉིད་ལ་དགའ་བའི་དངོས་པོ་ཡོད་ན། རང་བཞིན་གྱིས་དེ་ལ་འདང་ཆགས་པར་འགྱུར་བ་ཡིན། གལ་ཏེ་ཁྱོད་ཀྱི་བྱིས་པipadསོགས་གློག་རྡུལ་ཐོན་རྫས་བཀོལ་བར་ལོབས་ཡོད་ན། ཁྱོད་ཀྱིས་ཁོ་ལ་གློག་རྡུལ་དུས་དེབ་བམ་ཚགས་པར་ཉོས་ཆོག སློབ་མ་མང་ཤས་ནི་གློག་རྡུལ་འཕྲིན་ཡིག་སོགས་འབྱོར་ན་ཤིན་ཏུ་དགའ་བ་ཡིན།
66. དུས་ཚོད་ངེས་ཅན་ནང་གྲོགས་པོ་དང་དཔེ་ཆ་རྙིང་པ་བརྗེ་རེས་བྱས་ཆོག དེ་ལྟར་བྱས་ན་གཅིག་ནས་དཔེ་ཆའི་མ་རྩ་གྲོན་ཆུང་བྱེད་ཐུབ་ལ། དེ་བཞིན་དཔེ་ཆ་བརྗེ་རེས་བྱེད་དུས་བྱིས་པ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཇེ་མང་དུ་འགྲོ་བ་ཡིན། གཞན་དེ་དང་བསྟུན་ནས་བྱིས་པ་ཕན་ཚུན་བར་ལ་དཔེ་ཀློག་གི་ནང་དོན་ཐད་ནས་ཀྱང་བརྗེ་རེས་ཡོང་ཐུབ་ལ། བྱིས་པའི་ཀློག་འདོན་གྱི་སྣ་ཁ་ཇེ་མང་དུ་འགྲོ་བ་དང་། འབྲེལ་འདྲིས་ཀྱི་ནུས་པ་ཇེ་བཟང་དུ་འགྲོ་བར་ཕན།
67. བྱིས་པར་དེབ་མཆོག་གྲགས་ཅན་མང་པོ་ཀློག་ཏུ་འཇུག་དགོས། དེ་ནི་ཀློག་སྤྲོ་བའི་རིགས་ཡིན་པའི་ངེས་པ་མེད་ཀྱང་། གཏུབ་གཅོད་དང་སྒྲིག་བཅོས་མ་འདྲེས་པའི་མ་དཔེའི་རིགས་ཡིན་དགོས། བྱིས་པའི་དཔེ་ཀློག་གི་ནུས་པ་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པར་མཐོང་ཆུང་མ་བྱེད། བློ་རིག་ལ་ཉམས་སད་ཐེབས་སྲིད་པའི་དཔེ་ཆ་གོ་དཀའ་བའམ་དོན་ཟབ་པའི་རིགས་བཀླགས་རྗེས། གསོག་གསོབ་ཆེ་བའི་དཔེ་དེབ་གོ་སླ་བའི་རིགས་ཀྱིས་ཀླད་པ་ལ་གཙུབ་བརྡར་ཅི་ཡང་བཟོ་མི་ནུས་པས། དེབ་མཆོག་གྲགས་ཅན་རིགས་ཀྱང་བྱིས་པར་ཀློག་ཏུ་འཇུག་དགོས།
68. བྱིས་པས་དཔེ་ཀློག་བྱེད་དུས་ཀྱི་འདུག་སྟངས་ལ་དེ་འདྲའི་དང་དོད་ཆེན་པོ་མི་བྱེད་པར། བྱིས་པར་རང་དབང་སྟེར་དགོས། བྱིས་པས་དཔེ་ཆ་ཀློག་དུས་ཁྱད་ཆོས་ཤིག་ཡོད་པ་ནི། ཇི་ལྟར་བདེ་ན་དེ་ལྟར་འདུག་ངེས། མཚམས་རེར་འབོལ་ཁྲིའི་སྒང་ནས་ཁ་སྦུབས་སུ་འདུག དེ་ལྟར་མ་འདུག་ཟེར་ན་དཔེ་ཆ་གཡུག་ངེས་ཡིན། དེ་བས་བྱིས་པས་དཔེ་ཀློག་བྱེད་སྐབས་ཐེ་གཏོགས་མང་ན་བར་ཆད་བཟོ་བ་ལས་མེད། དཔེ་ཀློག་གི་རྒྱུན་དལ་ནའང་ཁ་ཡ་མ་བྱེད། དཔེ་ཀློག་གི་སྐབས་སུ་ཁོ་ཚོར་རང་དབང་སྟེར་བ་གལ་ཆེ།
69. བྱིས་པའི་སྤྲོ་སྣང་གི་མགུ་གང་བར་བྱེད་དགོས། ཨ་མ་ཚོས་ཉིན་རྒྱུན་དོན་དག་ཅིག་བརྗེད་སྲིད། དེ་ནི་སྒྲུང་གཏམ་མ་ཡིན་པའི་དཔེ་ཆ་ཀློག་ནའང་དཔེ་ཀློག་ཡིན་ཏེ། མཚམས་རེར་བྱིས་པར་ཁོ་ཚོ་དགའ་བའི་དཔེ་ཆ་ཀློག་ཏུ་བཅུག་ནའང་ཁོ་ཚོའི་ཀློག་འདོན་གྱི་ནུས་པ་མཐོར་འདེགས་གཏོང་བར་རམ་འདེགས་ཡོང་བ་ཡིན།
70. བྱིས་པའི་མལ་ཁྲི་དང་སྒྲོག་ཙེ། ཡང་ན་འགྲུལ་ཁང་གི་འབོལ་ཁྲི་སོགས་སུ་བྱིས་པར་འཚམ་པའི་དཔེ་ཆ་གང་རུང་བཞག་ཆོག་སྟེ། བྱིས་པར་ག་དུས་ཡིན་ཡང་དཔེ་ཆ་ལག་སོན་ཡོང་བ་བྱ་དགོས།
71. ཟ་མ་ཟ་བའི་དུས་སུ། ཁྱིམ་བདག་གིས་བྱིས་པར་གཏམ་རྒྱུད་བཤད་ཆོག་ལ། གལ་ཏེ་གཏམ་རྒྱུད་དེས་བྱིས་པའི་སྤྲོ་བ་འདྲེན་ནུས་ཚེ། ཁྱོད་ཀྱིས་བྱིས་པར་གཏམ་རྒྱུད་དེ་དཔེ་ཆ་གང་གི་ནང་ནས་བཀླགས་པ་སོགས་བཤད་ན། བྱིས་པའི་དཔེ་ཆ་དེ་ཀློག་འདོད་ཀྱི་སྤྲོ་བའང་སློང་ཐུབ་པས། ཡུན་གྱིས་བྱིས་པ་དཔེ་ཀློག་ལ་སྤྲོ་བ་འཕེལ་བའི་གྲོགས་སུ་འགྱུར་བ་ཡིན།
72. ཁྱོད་ཀྱིས་བྱིས་པའི་དགེ་རྒན་ལ་རམ་འདེགས་བྱས་ནས། མཉམ་དུ་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱས་ཆོག སྤྱིར་བྱིས་པས་དགེ་རྒན་གྱི་ཁ་ལ་ཉན་པས། ཁྱིམ་བདག་གིས་དགེ་རྒན་བཙལ་ནས་གྲོས་བྱས་ཆོག་སྟེ། དཔེར་ན་བྱིས་པའི་ཁྱིམ་ནས་བཀླག་ཆོག་པའི་དཔེ་ཆ་དགེ་རྒན་ལ་ངོ་སྤྲོད་བྱེད་དུ་འཇུག་པ་དང་། ཡང་ན་བྱིས་པས་དཔེ་ཀློག་གི་གནས་ཚུལ་དགེ་རྒན་ལ་བཤད་དེ། དགེ་རྒན་གྱིས་འཛིན་གྲྭའི་ནང་ནས་སློབ་མར་བསྟོད་བསྔགས་བྱེད་པ་ལྟ་བུ།
73. གལ་ཏེ་བྱིས་པ་གློག་ཀླད་ངོས་ཀྱི་རོལ་རྩེད་ལ་དགའ་ན། ཀློག་འདོན་མང་པོ་བརྒྱུད་ན་ད་གཟོད་རྩེ་ཐུབ་པའི་རོལ་རྩེད་ཀྱི་མ་ལག་རེ་ཉོ་དགོས། དཔེར་ན་མི་མང་པོ་རྩེ་བའི་རོལ་རྩེད། འགྲིམ་འགྲུལ་རོལ་རྩེད། ལྷ་སྒྲུང་རོལ་རྩེད་སོགས་ལྟ་བུ། ཤིན་ཏུ་རྩེ་སླ་བའི་རོལ་རྩེད་དང་རྒྱང་དུ་བཀྱེད་དགོས།
74. བྱིས་པར་སྔས་མགོ་ནས་བཀོལ་ཆོག་པའི་གློག་སྒྲོན་ཆུང་ངུ་ཞིག་གམ་ཡང་ན་དཔེ་ཆ་བཀླག་ཆོག་པའི་གློག་གཞུ་ཆུང་ངུ་ཞིག་ཉོས་ཆོག དེ་ཉོས་རྗེས། བྱིས་པར་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ནས་གཉིད་ལོག་པ་དང་དཔེ་ཀློག་བྱེད་དགོས་པ་གཉིས་ལས་གཅིག་གདམ་གསེས་བྱེད་དུ་འཇུག་དགོས། བྱིས་པ་མང་ཆེ་ཤོས་གཉིད་ཀྱི་ཕན་ཆད་ནས་དོན་དག་གང་རུང་བསྒྲུབ་པར་དགའ། འདི་ལྟར་ཁྱོད་ཀྱིས་ཁོ་རང་གཉིད་མ་ལོག་སྔོན་གྱི་ཀློག་འདོན་གོམས་གཤིས་གསོ་སྐྱོང་བྱས་ཆོག
75. བྱིས་པ་མང་ཆེ་ཤོས་ནི་ཞོར་ཟས་ཟ་ཞོར་དཔེ་ཀློག་བྱེད་པར་མོས་ཏེ། ཟས་ཅོག་འགྲམ་ནས་དཔེ་ཆ་མང་པོ་དང་དུས་དེབ་མང་པོའི་སྒམ་ཞིག་བཞག་ན། བྱིས་པས་ཞོར་ཟས་ལ་རོལ་བཞིན་དཔེ་ཀློག་བྱས་ཆོག
76. བྱིས་པའི་སེམས་ཤུགས་གཅོག་པ་དང་ཚིག་རྣོན་པོས་ཟུར་ཟ་བྱེད་པ་སོགས་སྤངས་ཏེ་ཇི་ལྟར་རོགས་རམ་བྱ་ཐུབ་ན་དེ་ལྟར་བྱས་ཆོག
77. བྱིས་པའི་ངོས་ཟིན་གྱི་ཁྱད་ཆོས་ནས་མགོ་བརྩམས་ནས་བྱིས་པའི་དཔེ་ཆ་ཡག་པོ་གདམ་པར་རོགས་རམ་བྱེད་དགོས། བྱིས་པར་དཔེ་ཆ་ངོ་སྤྲོད་བྱེད་དུས་ཐོག་མར་དེའི་ནང་གི་ཡིད་འགུག་གི་ཆ་དེ་གསལ་པོར་བཤད་པའམ་ཡང་ན་བྱིས་པ་དང་མཉམ་དུ་དཔེ་ཆ་ཡག་པོ་ཉར་ཚགས་བྱེད་དགོས། བྱིས་པ་ལ་ལ་ཚན་རིག་གི་སྐོར་བཀླག་པར་དགའ་ན་ཕ་མས་ཐོག་མར་བྱིས་པར་དེའི་རིགས་བཀླག་ཏུ་བཅུག དེས་བྱིས་པར་དཔེ་ཀློག་གི་འདུན་པ་ཆེས་ཆེར་བསྐྱེད་པ་མ་ཟད་རང་གི་ཤེས་བྱའི་ཞན་ཆའང་རྟོགས་སུ་འཇུག་ཐུབ། ཕ་མས་དེའི་ནང་གི་ཤེས་བྱ་ལེན་པར་སྣེ་ཁྲིད་བྱས་ནས་བྱིས་པའི་ཤེས་བྱའི་ཞན་ཆ་ཁ་གསབ་བྱེད་དགོས།
78. བྱིས་པར་ཀློག་འདོན་གྱི་རང་དབང་སྟེར་དགོས། བྱིས་པའི་ཀློག་འདོན་གྱི་སྤྲོ་སེམས་ནི་ཡུན་གྱིས་འཕེལ་རྒྱས་སུ་འགྲོ་བ་ཡིན་ཏེ། བྱིས་པའི་ཀློག་འདོན་གྱི་སྤྲོ་བ་འཕེལ་རྒྱས་སུ་གཏོང་ན། ཕ་མས་བྱིས་པར་ཀློག་འདོན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཏེ། མཆོད་རྟེན་ལ་འགྲོགས་ན་ཀ་རག་དང་། སླ་ངར་འགྲོགས་ན་དྲེག་མོག་ཅེས་པའི་དཔེ་ལྟར། ཀློག་འདོན་ཡང་དེ་ལྟ་བུ་རེད། དཔེ་ཀློག་གི་མཁའ་དབུགས་སྟུག་པོ་ཞིག་གི་ཁྲོད་ནས་བྱིས་པའི་ཀློག་འདོན་གྱི་འདུན་པ་རང་དབང་མེད་པར་ཇེ་ཆེར་འགྲོ་ངེས།
79. བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་དུས། བྱིས་པར་དུས་ཚོད་ཀྱི་འདུ་ཤེས་ཞན་པས། དུས་ཚོད་བཀོད་སྒྲིག་འོས་འཚམ་ཞིག་མི་ཡོང་། ཁྱིམ་བདག་གིས་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཁྱིམ་ཚང་ནང་ནས་དཔེ་ཀློག་གི་ཉིན་མོའམ་དཔེ་ཀློག་གི་དུས་ཚོད་གཏན་འཁེལ་བྱེད་དགོས། དེ་ནི་དཔེ་ཀློག་ལ་ཕན་པ་མ་ཟད། ཁྱིམ་མིའི་འབྲེལ་བ་ཇེ་ཡག་ཏུ་འགྲོ་བར་ཡང་ཕན། (མུ་འགོད།)
འབྲེལ་ཡོད་འོས་སྦྱོར།