དཔེ་ཀློག་དང་འཚར་ལོངས། ཀྲིག་གོ་ཕིང་གིས་བརྩམས།
རྩོམ་པ་པོ།:ཀྲིག་གོ་ཕིང་གིས་བརྩམས། བན་ཤུལ་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-19
ཀློག་གྲངས།:
དཔེ་ཀློག་དང་འཚར་ལོངས།
ཀྲིག་གོ་ཕིང་གིས་བརྩམས།
བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར།
བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར།
དེ་རིང་ངས་ཁྱེད་རྣམས་ལ་དཔེ་ཀློག་གི་སྐོར་གྱི་གནད་དོན་ཅིག་བཤད་འདོད་སྐྱེས་སོང་། ང་ནི་མི་ཚེ་གང་བོར་དཔེ་ཀློག་བྱས་ཏེ་འོངས་པ་ཞིག་ཡིན་ཅེས་ན་ཕལ་ཆེར་མི་ཆོག་རྒྱུ་མེད། ཇི་ལྟར་བྱས་ན་ད་གཟོད་སློབ་འབྲིང་ཡག་པོ་ཞིག་གི་ཚད་ལ་ཐོན་ཐུབ་བམ། སྤྱིར་བཏང་གི་དཔྱད་འཇོག་ནི་ཁྱེད་ཀྱི་སློབ་འཕར་གྱི་ཚད་ལས་འཇོག་པ་མ་ཟད། སློབ་གྲྭའི་མིང་གི་ཚད་ལས་འཇོག་པ་རེད། དེ་ནི་ཚད་ལྡན་གྱི་དཔྱད་འཇོག་ཅིག་ཏུ་བརྩིས་ཆོག་མོད། འོན་ཀྱང་ངས་བལྟས་ན་དེ་ཁོ་ནས་ཚད་ལྡན་གྱི་ཚད་གཞི་ལོངས་ཀྱིན་མི་འདུག སློབ་གྲྭ་ཞིག་ཡིན་ཕྱིན་སློབ་གྲྭ་དེ་གའི་བསླབ་ཕྱིའི་དཔེ་ཀློག་གི་གནས་བབས་བཟང་མིན་དེ་ཧ་ཅང་གལ་ཆེན་རེད་སྙམ། སློབ་མའི་སྤུས་ཚད་ནི་ཇི་ལྟར་མཐོ་བ་ཡིན་ཞེ་ན། ངས་རིགས་གཉིས་ནས་ཕྱོགས་བསྡུས་ཤིག་བྱས་ཡོད་པ་སྟེ། གཅིག་ནི་ཁོ་ལ་སློབ་སྦྱོང་གི་སྤྲོ་སྣང་ནུས་པ་དང་སློབ་གཉེར་གྱི་དུངས་ཞེན། ཤེས་བྱར་དགའ་སྣང་གིས་ཁེངས་པའི་འདོད་བློ་ཡོད་པ་དེའོ། །གཞན་ཞིག་ནི་རང་རྟོག་གི་སློབ་སྦྱོང་ནུས་པ་ཡོད་པའི་མི་ཚད། རང་ཉིད་ཀྱི་དགའ་ཕྱོགས་གང་ན་ཡོད་པ་ཤེས་པར་བྱས་ཏེ་འདོད་མོས་ལྟར་སློབ་གཉེར་བྱེད་ཐུབ་པའི་སློབ་མ་ནི་སྤུས་ཚད་མཐོ་བའི་སློབ་མ་ཡིན། འདི་ལྟ་བུའི་སློབ་སྦྱོང་བྱེད་ཤེས་པ། རང་སྦྱོང་གི་ནུས་པའི་ཚད་དེ་གནས་གང་དུ་མངོན་དགོས་པ་བཅས་ཀྱི་མངོན་སྟངས་དེ་ནི། སློབ་ཚན་གྱི་བཀག་རྒྱ་ལས་ཐར་ཡོད་པ་ལྟོས་མེད་ཡིན་པས་ཁོ་ལ་རང་ཉིད་ཀྱི་དཔེ་ཀློག་དང་དགའ་ཁ་འཁྱེར་ཕྱོགས་ཡོད་པ་ཁོ་ཐག་རེད། དེ་བས་ངས་བལྟས་ན་ཀུན་གྱིས་གླེང་བཞིན་པའི་སློབ་གྲྭ་ཞིག་ཡིན་ཚེ། དེ་ནི་བསླབ་ཕྱིའི་དཔེ་ཀློག་གཙིགས་སུ་འཛིན་པ་ཞིག་ཡིན་པ་སྨོས་མེད་ཡིན་ལ། བསླབ་ཕྱིའི་དཔེ་ཀློག་དང་རང་རྟོག་གི་སློབ་གཉེར་ལ་བརྩོན་པའི་ནུས་ལྡན་གྱི་སློབ་མ་མང་པོ་ཡོད་པ་ཡིན་ན། དེ་ནི་བཟང་ཤོས་ཀྱི་སློབ་གྲྭ་ཞིག་རེད་འདོད། དེ་གས་སྐྱེད་སྲིང་བྱས་པའི་སློབ་མ་ནི་རྒྱུགས་སྐར་ཙམ་མ་ཡིན་པར་ངེས་དོན་གྱི་སྤུས་ཚད་མཐོ་བའི་སློབ་མ་དག་ཡིན།
སློབ་མ་ཚོར་མཚོན་ན་ད་ལྟའི་དུས་སྐབས་ནི་མི་ཚེ་ཡི་ཆེས་ལེགས་པོའི་དུས་ཚོད་དང་ལང་ཚོ་དར་ལ་བབས་ཡོད་པའི་དུས་ཡིན་པས། ལང་ཚོ་དར་བའི་དུས་སྐབས་ལ་མཛེས་སྡུག་ལྡན་པའི་དོན་དག་རེ་ཡོད་སྲིད། དེ་ནི་ཅི་ཞིག་ཡིན་ནམ། དགའ་རོགས་སྒྲིག་རྒྱུ་རེད།༼དགོད་སྒྲ།༽ ངས་རང་གི་ལང་ཚོས་ཕྱུག་པའི་དུས་ལ་ཕྱིར་དྲན་རེ་བགྱིས་ཚེ། ཅུང་གསལ་བོ་ཞིག་ཡིད་ལ་དྲན་པ་ནི་པེ་ཅིན་སློབ་ཆེན་སྐབས་རེད། སྐབས་དེར་ང་ལོ་བཅུ་བདུན་ཡིན། སློབ་གྲྭར་ཞུགས་རྗེས་ཀྱི་ཉིན་ཞིག་ལ། གློ་བུར་དུ་འཇིག་རྟེན་སྟེང་དུ་ཡིད་དབང་འཕྲོག་པའི་བུ་མོ་མཛེས་མ་ཤིན་ཏུ་མང་བ་རྟོགས་བྱུང་། སྐབས་དེའི་ཚོར་བ་ཞིག་ལ་འཇིག་རྟེན་དང་མི་ཚེ་ནི་ཇི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་འདོད་མོད། སྤྲོ་སྐྱིད་ལྡན་པའི་བྱ་བ་ཞིག་གི་ཚོར་སྣང་ཡོད་མེད་གང་དེས་ང་ལ་ཇི་ལྟར་སྒུག་ཡོད་པ་གསལ་བོར་མ་ཤེས། དོན་ངོ་མར་བཤད་ན། ངས་དགའ་རོགས་སྒྲིག་པའི་དུས་ཚོད་ཧ་ཅང་འཕྱི། འོན་ཏེ་ངས་བཤད་བཞིན་པའི་དགའ་རོགས་ཀྱི་དོན་ནི་ཕོ་མོ་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་ཁོ་ན་མིན། ལང་ཚོའི་དུས་སྐབས་ཀྱི་ཆེས་ཡ་མཚན་པའི་ཚོར་བ་ནི་ཅི་ཞིག་ཡིན་ནམ། ཁྱེད་ཀྱིས་འཇིག་རྟེན་དང་མི་ཚེ་ལ་ལྟ་བའི་དགའ་རོགས་སྒྲིག་སྟངས་ཀྱི་སེམས་ཁམས་ཤིག་གིས་འཇིག་རྟེན་ཡོངས་ལ་དགའ་རོགས་སྒྲིག་བཞིན་ཡོད། མིག་ལམ་དུ་ཡོད་ཚད་ཡིད་འཕྲོག་གིས་ཁེངས་པའི་སེམས་ཁམས་འདི་ཆེས་ཡ་མཚན་ནོ། །དེ་ན་འདིའི་ནང་གི་རིགས་གཅིག་ནི་དགའ་རོགས་ཀྱི་སེམས་པ་སྦྲུམ་པའི་དཔེ་ཆའོ། །སྐབས་དེར་ཕལ་ཆེར་ངས་དཔེ་ཆ་ཡི་འཇིག་རྟེན་ཞིག་ཡོད་པ་གློ་བུར་དུ་རྟོགས་སོང་། འདི་འདྲའི་སེམས་ཁམས་ནི་བུ་མོ་ཞིག་དང་འཕྲད་པ་དང་གཉིས་སུ་མ་མཆིས། གཞོན་པའི་དུས་སྐབས་ཀྱི་དཔེ་ཀློག་ནི་དགའ་རོགས་སྒྲིག་སྟངས་ཀྱི་ཁྱད་ཆོས་དང་ཆེས་ལྷད་མེད་པའི་དྭངས་གཙང་ཞིག་གམ་ཁེ་ཕན་མེད་པའི་བསམ་གཞིགས་ཅིག་ཡིན་ལ། མགོ་འཐོམ་དུ་འཇུག་པའི་དགའ་རོགས་སྒྲིག་སྟངས་ཤིག་དང་མཚུངས། དཔེ་ཀློག་གི་གོ་རིམ་ཁྲོད་དུ་གློ་བུར་གྱི་སྤྲོ་སྣང་དང་ཤེས་རྟོགས་བྱུང་བ་ནི་དཔེ་ཆ་ལེགས་ཤོས་ཤིག་དང་རང་ཉིད་དགའ་བའི་རྩོམ་པ་པོ་ཞིག་རེད། སྐབས་དེའི་སེམས་འགུལ་ཐེབས་པའི་དགའ་སྣང་གང་གིས་མཚོན་ཐབས་མེད་ལ་སྨྲ་མི་ཤེས་པ་ཞིག་རེད།
ངས་ཧྲང་ཧེ་སློབ་འབྲིང་ནས་མཐོ་འབྲིང་འདོན་པའི་སྐབས་ང་ཚོའི་དཔེ་ཀློག་ཁང་གི་གྱང་ངོས་སུ་མཁས་པའི་གསུང་ཚིག་གྲགས་ཅན་འགའ་སྦྱར་ཡོད་པ་ལས་ང་ལ་ཆེས་བག་ཆགས་ཟབ་པ་ནི་ཀོ་འར་ཅི(高尔基)ཡི་གསུང་དུམ་ཚན་པ་ཞིག་ཡིན། དེ་ནི“དཔེ་ཀློག་བྱེད་ཚུལ་ནི་བཀྲེས་སྐོམ་གྱིས་མནར་བའི་མི་ཞིག་ཟོས་ལ་རོལ་བ་དང་མཚུངས། ”ངས་བསམ་ན་སྐད་ཆ་འདི་ཡིས་སྐབས་དེའི་ངའི་སེམས་ཁམས་ཡོངས་སུ་མཚོན་འདུག སློབ་གྲོགས་རྣམས་ཀྱིས་ཤེས་རྒྱུ་ཞིག་ནི་གཞོན་དུས་ཀྱི་དཔེ་ཀློག་ནི་སྤྲོ་སྣང་དང་དྭངས་གཙང་གིས་ཁེངས་པ་ཞིག་ཡིན་པས། རྗེས་ཕྱོགས་འདི་འདྲ་ཡོད་དཀའ། ཁྱོད་རང་ནར་སོན་རྗེས་ད་རུང་དཔེ་ཀློག་ལ་དགའ་བའི་མི་ཞིག་ཏུ་འགྱུར་སྲིད་ཀྱང་ཁེ་ཕན་དང་བྱ་བ། ངལ་དུལ་སོགས་ཀྱིས་བར་ཆད་བཟོ་སྲིད་ལ་ཁྱེད་ཀྱིས་འཚོ་བའི་གནོན་ཤུགས་དང་བྱ་བ་སྣ་ཚོགས་ལ་གདོང་གཏོད་དགོས་པས་ད་ལྟ་ནང་བཞིན་དྭངས་གཙང་གིས་སེམས་རྣལ་དུ་ཕབ་ནས་དཔེ་ཀློག་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། ལང་ཚོའི་སྐབས་ཀྱི་དཔེ་ཀློག་ནི་དགའ་རོགས་སྒྲིག་པ་དང་མཚུངས་ཞེས་བཤད་ན་དགའ་རོགས་སྒྲིག་པ་ནི་ཧ་ཅང་རྣམ་དག་ཁོ་ན་ཡིན། དེ་བས་དར་མའི་སྐབས་ཀྱི་དཔེ་ཀློག་བྱེད་པ་ནི་གཉེན་སྒྲིག་པ་དང་ཕལ་ཆེར་འདྲ་བས་ན་གཉེན་སྒྲིག་གི་ཁེ་ཕན་ཅུང་རེག་སོང་བའོ། །ང་ནི་དཔེ་ཀློག་ལ་དགའ་བའི་མི་ཞིག་ཡིན་ཞེས་བཤད་ཆོག སྔོན་ཆད་མཐོ་འབྲིང་དང་སློབ་ཆེན་གྱི་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ། དཔེ་ཆ་ཞིག་ལག་ཏུ་ཐོན་ཚེ་བྱ་བ་གཞན་རྣམས་རང་བཞིན་གྱིས་བརྗེད་འགྲོ་བ་ལ་ཐབས་མི་འདུག་མོད། ད་ལྟ་དེ་འདྲ་མ་ཡིན།
དེ་བས་སློབ་གྲོགས་རྣམས་ཀྱིས་ད་ལྟའི་དུས་ཚོད་འདི་ལ་གཅེས་སྤྲས་དང་དམ་འཛིན་བྱེད་དགོས། མི་ཞིག་གི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ལང་ཚོའི་དཔེ་ཀློག་བྱས་ཡོད་མིན་ནི་ཁོའི་རྗེས་ཕྱོགས་ཀྱི་འཚོ་བར་ཤུགས་རྐྱེན་ཧ་ཅང་ཟབ། ཁྱོད་ཀྱིས་མི་སྐོར་ཞིག་ལ་ལྟོས་དང་། ཁོ་ཚོ་སློབ་གྲྭ་ནས་ཕྱིར་བུད་རྗེས་ཆེད་ལས་རང་བཞིན་གྱི་དཔེ་ཆ་ལས་དཔེ་ཀློག་གཞན་མི་བྱེད་པས་དེས་བསྐྱེད་པའི་འབྲས་བུ་ནི་ཇི་འདྲ་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་སྲིད། མི་འདི་དག་ལང་ཚོའི་དཔེ་ཀློག་གི་བརྒྱུད་རིམ་མེད་པ་དང་དཔེ་ཀློག་ལ་གོམས་མེད་པའི་མི་རེད། ཁོ་ཚོའི་འཇིག་རྟེན་ནི་ཧ་ཅང་ཆུང་ལ། ཉམ་ང་བ་ཞིག་ཡིན། དེ་ལས་ལྡོག་སྟེ་ཁྱོད་ཀྱིས་མཐོ་འབྲིང་དང་སློབ་ཆེན་སྐབས་སུ་དཔེ་ཀློག་གི་སྤྲོ་སྣང་ལ་རོལ་མྱོང་བྱས་ཡོད་ཚེ། དཔེ་ཀློག་གི་གོམས་གཤིས་ཡག་པོ་ཆགས་ཡོད་པ་དེ་ནི་ཚེ་གང་བོའི་ནོམ་རེད།
དཔེ་ཀློག་དང་ནར་སོན་གྱི་བར་དུ་ནང་ཁུལ་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད། ན་ཆུང་གཞོན་ནུའི་དུས་སྐབས་ནི་ནར་སོན་གྱི་གནད་འགག་གི་དུས་སྐབས་ཡིན། ནར་སོན་ཟེར་བ་ནི་སྐྱེས་གཟུགས་ཀྱི་འཚར་ལོངས་ཡིན་པ་མ་ཟད། བསམ་བློའི་འཚར་ལོངས་ཀྱང་ཡིན། བསམ་བློའི་འཚར་ལོངས་ནི་བསམ་བློའི་འཚོ་བཅུད་ལེགས་པོ་ལ་བརྟེན་དགོས། དེ་ནི་བདེ་འཇགས་དང་བདེ་ཐང་གི་ཟས་རིགས་ཤིག་སྟེ་དཔེ་ཆ་ལེགས་ཤོས་སོ། །མི་ཞིག་གི་བསམ་བློའི་ནར་སོན་གྱི་གནད་འགག་གི་དུས་སྐབས་ཡིན་ལ། དེར་མཚུངས་དཔེ་ཀློག་གི་གོམས་གཤིས་དང་སྤུས་ཀ་སྐྱེད་བསྲིངས་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། གནད་འགག་གི་དུས་སྐབས་འདི་གཉིས་བར་དུ་ནང་ཁུལ་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད། མི་ཞིག་དུས་སྐབས་འདིར་དཔེ་ཀློག་གི་གོམས་གཤིས་སྤུས་ཀ་སྐྱེད་བསྲིངས་བྱེད་མ་ཐུབ་པར། དཔེ་ཀློག་ལ་མི་དགའ་བའམ་ཡང་ན་སྤྱིར་བཏང་གི་དཔེ་ཆ་མ་ཀློག་ཚེ་བསམ་བློ་ནར་སོན་པར་བཀག་རྒྱ་ཐེབས་པ་རེད། གལ་ཏེ་དུས་སྐབས་འདིར་དཔེ་ཀློག་གི་གོམས་གཤིས་དང་སྤུས་ཀར་སྐྱེད་བསྲིངས་བྱེད་ཐུབ་ན་ཚེ་གང་བོའི་བསམ་བློར་རྨང་གཞི་བཏིང་ཡོད།
མིའི་རིགས་ཀྱི་བསམ་བློའི་རྒྱུ་ནོམ་གཙོ་བོ་ནི་དཔེ་ཆའི་རྣམ་པ་དེ་ཉར་ཚགས་ལས་ཐོན་ལ་དཔེ་ཆ་ནི་མིའི་རིགས་ཀྱི་སྲོལ་རྒྱུན་འཚོ་བའི་བསམ་བློའི་ཐེག་གཟུགས་གཙོ་བོ་ཡིན། ཅིཞིག་ལ་བསམ་བློ་ནར་སོན་པ་ཟེར། ང་ཚོ་མི་རེ་རེར་ཁྱོད་ཀྱི་བསམ་བློའི་འཚོ་བ་དང་བསམ་བློ་ནར་སོན་པ་ནི་མིའི་རིགས་ཀྱི་སྲོལ་རྒྱུན་གྱི་བསམ་བློའི་འཚོ་བ་དང་བྲལ་མི་རུང་། ཁྱེད་རང་མིའི་རིགས་ཀྱི་སྲོལ་རྒྱུན་བསམ་བློ་དང་ཁ་བྲལ་ནས་ཁེར་ཆགས་གླིང་ཕྲན་དུ་འཚོ་བ་རོལ་ན་ཁྱེད་ལ་བསམ་བློའི་འཚོ་བ་ངོ་མ་ཞིག་ཡོད་མི་སྲིད། དེ་བས་ཁྱེད་རང་མིའི་རིགས་ཀྱི་སྲོལ་རྒྱུན་བསམ་བློའི་འཚོ་བའི་ནང་དུ་འཛུལ་ནས་སློབ་སྤྱོང་དང་བསམ་གཞིགས་བྱེད་དགོས། གོ་རིམ་དེའི་ཁྲོད་ནས་ཁྱེད་ཀྱི་བསམ་བློའི་སྙིང་སྟོབས་ནར་སོན་ནས་ཕུན་སུམ་ཇེ་ཚོགས་སུ་སོང་པ་ཡིན། དེ་བས་མིའི་རིགས་ཀྱི་སྲོལ་རྒྱུན་འཚོ་བའི་བསམ་བློའི་ཐེག་གཟུགས་གཙོ་བོ་ནི་དཔེ་ཆ་ཡིན་པ་མ་ཟད། དཔེ་ཀློག་བསམ་བློའི་ནར་སོན་གྱི་འབྱུང་ཁུངས་དང་གོ་རིམ་གཙོ་ཤོས་དེ་ཡིན།
མི་ཚེ་ཡི་དམིགས་ཡུལ་ནི་ཅི་ཞིག་ཡིན་འོས། ངས་བལྟས་ན་ང་ཚོས་ངོས་དོན་གྱིས་འཚོལ་སྙེག་བྱེད་ས་གཉིས་ཡོད་དེ། གཅིག་ནི་སྔོན་ཐོན་དང་ཅིག་ཤོས་ནི་བདེ་སྐྱིད་ཡིན། སྔོན་ཐོན་དང་བདེ་སྐྱིད་ནི་ན་ཆུང་གཞོན་ནུའི་དུས་སྐབས་ཀྱི་འཚར་ལོངས་ལ་འབྲེལ་བ་དམ་པོ་ཡོད་ལ་བསམ་བློའི་ནར་སོན་ལ་རྨང་གཞི་བསྐྱེད་ཐུབ། ན་ཆུང་གཞོན་ནུའི་དུས་སྐབས་སུ་མི་ཞིག་གི་སྐྱེས་གཟུགས་ནར་སོན་པ་དང་བསམ་བློའང་མྱུར་དུ་ནར་སོན་བཞིན་ཡོད་ལ། ནང་སེམས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བ་ནི་མི་ཚེ་ཡི་ཆེས་གནད་འགག་གི་དུས་སྐབས་ཤིག་ཡིན། གལ་ཏེ་དུས་སྐབས་འདིར་ཁྱེད་ཀྱི་བསམ་བློ་ནར་སོན་པ་བཟང་ཚེ་ཁྱེད་ཀྱི་ཚེ་གང་བོའི་སྔོན་ཐོན་ལ་རྨང་གཞི་བཏིང་ཟིན། མི་ཚེ་ཡི་བདེ་སྐྱིད་ཁྲོད་དུ་ཆེས་གལ་ཆེ་བའི་ཆ་ཤས་ཤིག་ནི་བསམ་བློའི་ཕྱོགས་ཀྱི་ལོངས་སྤྱོད་ཡིན་ལ། ཁྱེད་ཀྱི་བསམ་བློ་ནར་སོན་བཟང་མིན་ལ་ཐག་གཅོད་བྱེད་རྒྱུ། དེ་བས་ན་ཆུང་གཞོན་ནུའི་དུས་སྐབས་སུ་དཔེ་ཀློག་ལ་བརྟེན་ནས་བསམ་བློ་ཡག་པོ་ནར་སོན་དུ་འཇུག་དགོས། བསམ་བློའི་ནར་སོན་ལ་བྱེ་བྲག་ཏུ་བཤད་ན་ཕྱོགས་གང་དག་ཡོད་དམ། མཚན་ཉིད་རིག་པ་ཚོས་མི་ཡི་བསམ་བློའི་ངོ་བོ་ལྟོས་བཅས་ཀྱིས་ཕྱོགས་གསུམ་ནས་དབྱེ་ན། རིག་སྟོབས་དང་བརྩེ་དུང་། ཀུན་སྤྱོད་བཅས་ཡིན། ང་ཚོ་སློབ་གྲྭའི་ནང་གི་སློབ་གསོ་ནི་བསམ་བློའི་ངོས་ནས་བཤད་ན་རིགས་གསུམ་ཡོད་དེ། གཅིག་ནི་ཤེས་རིག་སློབ་གསོ་ཡིན། ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་ལས་རིག་སྟོབས་ཀྱི་ནར་སོན་རང་དབང་གིས་ཀླད་པ་འགུལ་རྒྱུ་ནི་དམིགས་ཡུལ་ཡིན། གཉིས་ནི། མཛེས་དཔྱོད་སློབ་གསོ་ཡིན། རི་མོ་དང་གླུ་དབྱངས་ཀྱི་སྒྱུ་རྩལ་གསོ་སྦྱོང་བྱེད་རྒྱུ་ཙམ་མ་ཡིན་པར་མཛེས་དཔྱོད་སློབ་གསོ་ནི་བརྩེ་དུང་གི་སློབ་གསོ་ཡིན་ལ་བསམ་པའི་འཚར་ལོངས་ཀྱང་ཡིན་པས་རིག་པ་ཕུན་སུམ་ཚོགས་པ་ལྡན་དགོས། གསུམ་ནི། ཀུན་སྤྱོད་ཀྱི་སློབ་གསོ་ཡིན། ཕྱིའི་རྣམ་པའི་ཚད་ལྡན་རང་བཞིན་གྱི་སློབ་གསོ་མ་ཡིན་པར་ཀུན་སྤྱོད་སློབ་གསོ་ནི་བླ་སྲོག་ཡིན་ལ། བླ་སྲོག་ནི་ནར་སོན་གྱི་དམིགས་ཡུལ་ཡིན་པས་གཤིས་བཟང་དང་མཆོག་བཀུར་གྱི་བླ་སྲོག་ལྡན་དགོས།
རིག་སྟོབས་ཀྱི་འཚར་ལོངས་ནི་ང་ཚོས་སློབ་གྲྭའི་ནང་དུ་སློབ་སྦྱོང་གི་དུས་ཚོད་མང་ཤོས་ཤེས་རིག་གི་སློབ་གསོའི་ཤེས་བྱའི་བསླབ་ཚན་སྟེང་བཀོལ་བཞིན་ཡོད། ངས་བལྟས་ན་ཤེས་རིག་སློབ་གསོའི་དམིགས་ཡུལ་ནི་རང་དབང་དང་སྤྱང་གྲུང་ལྡན་པའི་བློ་རིག་སྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་འོས་ལ་དེ་ལས་ཀྱང་ཤེས་བྱར་སློབ་སྦྱོང་བྱེད་རྒྱུ་གལ། སློབ་ཁྲིད་སྐབས་ཀྱི་སློབ་སྦྱོང་དང་བསླབ་ཕྱིའི་དཔེ་ཀློག་གང་ཡིན་རུང་དམིགས་འབེན་གཙོ་བོ་ནི་རང་ཉིད་ལ་ཆེས་ལེགས་པོའི་རིག་སྟོབས་ཀྱི་སྤུས་ཀ་ལྡན་པར་བྱེད་རྒྱུ་དེ་ཡིན། སློབ་མ་ཞིག་གི་རིག་སྟོབས་ཀྱི་སྤུས་ཀ་བཟང་མིན་དེ་གང་ལ་བལྟ་དགོས་པ་དང་ཆེས་གལ་ཆེ་བའི་རིག་སྟོབས་ཀྱི་སྤུས་ཚད་ནི་ཅི་ཞིག་ཡིན་ཞེ་ན། ངའི་ལྟ་ཚུལ་གཅིག་ནི་ཁྱད་མཚར་བོའི་སྣང་བ་དང་ཅིག་ཤོས་ནི་སྒེར་ཚུགས་ཀྱི་བསམ་གཞིག་ནུས་པའོ། །ཁྱད་མཚར་པོའི་སྣང་བ་ནི་འཇིག་རྟེན་དང་ཤེས་བྱ་ལ་སྤྲོ་སྣང་གིས་ཁེངས་པ་ཡིན། གལ་ཏེ་དེ་མེད་ཚེ་རིག་སྟོབས་ཀྱི་རྩ་བ་ནི་ཆད་ལྷག་ཐེབས་འདུག་པས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཚད་བཀག་བྱུང་ཡོད། ང་ཚོས་ཚན་རིག་ལ་བརྟེན་ནས་ཁྱད་མཚར་པོའི་བསམ་པའི་བྱེ་བྲག་གི་སྣང་ཚུལ་གྱི་རྒྱབ་ལོགས་སུ་གནས་པའི་རྒྱུ་མཚན་གསལ་འདོན་བྱེད་དགོས། ང་ཚོས་མཚན་ཉིད་རིག་པར་བརྟེན་ནས་ཁྱད་མཚར་པོའི་བསམ་པའི་འཇིག་རྟེན་གྱི་ངོ་བོ་དང་མི་ཚེའི་དོན་སྙིང་ཤེས་དགོས། མཚན་ཉིད་རིག་པ་ནི་བསླབ་ཚན་རྐྱང་བ་མ་ཡིན་པར་མིའི་རིགས་ལ་ངེས་པར་དུ་ཡོད་འོས་པའི་ཀུན་སྤྱོད་རིགས་ཤིག མི་ཞིག་ཡིན་ན་འཇིག་རྟེན་དང་མི་ཚེ་ཡི་བདེན་པར་འཚོལ་སྙེག་བྱས་ཏེ་དོན་སྙིང་ལྡན་པར་འཚོལ་དགོས།
བྱིས་པ་ཚང་མར་ཁྱད་མཚར་པོའི་སྣང་བ་ལྡན་པས་དྲི་བ་མང་པོ་འདོན་སྲིད། བྱིས་པའི་ཁྱད་མཚར་པོའི་བསམ་པ་ནི་མི་རྒན་པ་ལས་ཤུགས་ཆེ། ཁྱོད་ཚོའི་ཆུང་དུས་ཀྱི་ཁྱད་མཚར་གྱི་བསམ་པ་དེ་ད་ལྟ་ལས་ཤུགས་ཆེ། ངས་རང་གི་བུ་མོའི་སྟེང་ནས་གསལ་བོར་མཐོང་བ་ནི་མོའི་ཁྱད་མཚར་གྱི་བསམ་བློ་ཆེས་ཤུགས་ཆེ་བའི་སྐབས་ནི་ལོ་བཞི་ལྔའི་སྐབས་ཡིན། དེ་དུས་མོས་ང་ལ་དྲི་བ་སྣ་ཚོགས་དྲིས་མྱོང་། དེའི་ནང་དུ་མང་ཆེ་ཤོས་ནི་མཚན་ཉིད་རིག་པའི་གནད་དོན་ཏག་ཏག་ཡིན་པས་དེ་ནི་ཧ་ཅང་རིན་ཐང་ལྡན་ནོ། །ང་ནི་ཁྱིམ་བདག་ལ་ཤོས་བཞིན་བྱིས་པས་བཏོན་པའི་དྲི་བར་ཁྱེད་ཀྱིས་ཀློའུ་འདང་མ་རྒྱག་ཅེས་མི་ཟེར་བར་ད་རུང་སྤྱོད་སྒོ་ཡོད་པའི་དྲི་བར་བསམ་བློ་ཐོངས་ཞེས་བཤད་པ་ཡིན། ཅི་ཞིག་ལ་སྤྱོད་སྒོ་ཡོད་པ་ཟེར་ཞེ་ན། སྤྱོད་སྒོ་མེད་པ་ལྟ་བུའི་གནད་དོན་འདིའི་རིགས་ལ་འདང་རྒྱག་པ་ནི་དོན་དངོས་སུ་བསམ་བློའི་སྙིང་སྟོབས་ཀྱི་མཐོ་ཚད་རིགས་ཤིག་མཚོན། སློབ་མའི་རྒྱུགས་སྐར་དང་སློབ་འཕར། མི་རིགས་ཀྱི་དཔལ་འབྱོར་ཕན་འབྲས་ཁོ་ན་མ་ཡིན་པ་ཞིག་ལ་སྤྱོད་སྒོའི་ཁེ་ཕན་ཟེར། ངས་བལྟས་ན་ང་ཚོའི་མི་རིགས་ཀྱི་གནད་དོན་ནི་འདིའི་སྟེང་དུ་ཡོད་དེ་བསམ་བློ་རང་སྟེང་གི་རིན་ཐང་ལ་དོ་སྣང་མི་བྱེད་པར་གནད་དོན་ཅི་ཡིན་ཡང་སྤྱོད་སྒོ་ཡོད་མེད་ལ་བལྟས་པ་ལས་སྤྱོད་སྒོ་མེད་པའི་གནད་དོན་ལ་བསམ་གཞིགས་མི་གཏོང་བ་དེ་རེད།
ནུབ་ཕྱོགས་ཀྱི་མི་རིགས་བསམ་བློ་ལ་རྩ་བའི་རིན་ཐང་གྱི་ཁ་ཕྱོགས་ཡོད་པས་དེ་ནི་བསམ་བློའི་རིན་ཐང་མ་གཞི་ནས་རིན་ཐང་ངོ་། །མཚན་ཉིད་རིག་པའི་འཚོལ་བསྙེགས་ཡིན་ནའང་འདྲ། ཚན་རིག་གི་ཞིབ་འཇུག་གང་ཡིན་ཡང་དེ་ནི་མིའི་རླབས་ཆེན་གྱི་མཚོན་རྟགས་དང་མིའི་རིགས་ཀྱི་ཚད་མཐོ་བའི་རང་བཞིན་གྱི་འདོད་བློ་ཚིམ་པ་རང་རེད། མིའི་རིགས་ཀྱི་ཚད་མཐོ་བའི་འདོད་བློའི་རང་བཞིན་ནི་ཚད་དམའ་བའི་རང་བཞིན་འདོད་བློའི་ཚིམ་དགོས་པ་དང་བཀོལ་སྤྱོད་དང་སྤྱོད་སྒོ་ཡི་རིན་ཐང་ལྡན་པའི་དངོས་པོ་དང་ཕན་ནུས་ཀྱི་ཞིབ་བསྡུར་ལ་ཟེར་བ་ཡིན་ནམ། འདི་ནི་མགོ་མཇུག་ལྡོག་པ་མ་ཡིན་ནམ། འདི་དག་ནི་མིའི་རིགས་ཀྱི་རིག་གནས་ལ་བྱས་རྗེས་རླབས་ཆེན་འཇོག་མཁན་གྱི་མི་རེད།
གཞན་ཞིག་གི་ཁེར་ཚུགས་ཀྱི་བསམ་བློའི་ནུས་པ། ཁྱོད་གང་ལའང་ཡ་མཚར་འདོད་མེད་མོད་གང་ལའང་གཏིང་ཟབ་སྒོས་ཞིབ་འཇུག་བྱེད་དགོས། མི་འགའ་ཤོས་ནི་སྤྲོ་སྣང་ཙམ་ལས་བརྟག་དཔྱད་གཏིང་ཟབ་མི་བྱེད་པར་བྱ་བ་གང་ལའང་འབྲས་བུ་མི་འདུག ངས་བསམ་པར་འདི་ལ་ཁྱད་མཚར་གྱི་སྣང་བ་ངོ་མ་མི་ལྡན། ཁྱད་མཚར་གྱི་སྣང་བ་ལྡན་པ་ནི་ངེས་དོན་གྱི་འགྲན་རྩོད་ཀྱི་འདུ་ཤེས་མཆིས་ལ། རང་ཉིད་རྨོངས་བ་དེ་ལས་གྲོལ་ཞིང་རང་གི་བསམ་གཞིགས་ལ་བརྟེན་ནས་དྲིས་ལན་བཙལ་ཏེ་གཅིག་ཤེས་ཀུན་གྲོལ་བྱེད་ཐུབ་པ་དེ་ལ་རང་རྐྱ་འཕེར་བའི་བསམ་གཞིགས་ཟེར།
རིག་སྟོབས་སྤུས་ཀའི་རིགས་གཉིས་ནི་བྱེ་བྲག་གིས་སློབ་གསོ་དང་སློབ་སྦྱོང་གི་སྟེང་དུ་འབབ་རྒྱུའོ། །དེ་ནི་ངས་སྔོན་དུ་བཤད་པའི་སྤྲོ་སྣང་གི་སློབ་སྦྱོང་ནུས་པ་དང་རང་རྟོག་གི་སློབ་སྦྱོང་ནུས་པ་ཡིན། ཐོག་མར་སློབ་སྦྱོང་ལ་དགའ་བ། སློབ་སྦྱོང་ནི་སྤྲོ་སྣང་གི་བྱ་གཞག་ཅིག་དང་དེ་ནས་སྤྲོ་སྣང་གི་ཁ་ཕྱོགས་དེ་ཡོད་པ་ཤེས་རྒྱུ། རང་ཉིད་ཀྱི་སྤྲོ་སྣང་གི་ཁ་ཕྱོགས་ལ་བརྟེན་ནས་རང་ཉིད་ཀྱི་སློབ་སྦྱོང་ལ་བཀོད་སྒྲིག་བྱེད་པ། དེ་གཉིས་སྒྲུབ་ཐུབ་ན་ཚད་ལྡན་གྱི་སློབ་བུ་ཞིག་ཡིན།
མཚར་སྣང་དང་རང་རྐྱ་འཕེར་བའི་བསམ་གཞིགས་ནུས་པ་གང་ཡིན་ཀྱང་རུང་སྤྲོ་སྣང་གི་སློབ་སྦྱོང་དང་རང་རྟོག་གི་སློབ་སྦྱོང་ནུས་པ་གང་ཡིན་ཡང་སྤྱིར་བཏང་དུ་བཤད་ན་དེ་ནི་རིག་སྟོབས་བྱ་འགུལ་ཀྱི་སྤྲོ་སྣང་གོམས་གཤིས་རིགས་ཤིག་ཡིན། མི་ཞིག་གིས་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་སྦྱོང་ལ་བརྟེན་ནས་མཇུག་མཐར་ཁོ་ལ་རེག་པའི་དངོས་པོ་ཅི་ཞིག་ཡིན་ནམ། དེ་ནི་རིག་སྟོབས་བྱ་འགུལ་གྱི་སྤྲོ་སྣང་དང་གོམས་གཤིས་རེད། ཁྱོད་རང་རིག་སྟོབས་བྱ་འགུལ་ལ་དགའ་ན་རིག་སྟོབས་བྱ་འགུལ་ལ་དབང་འབྱོར་ཐུབ། ཁྱོད་ཀྱི་རིག་སྟོབས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ཀྱིས་ཁེངས། ཁྱོད་ལ་རང་དབང་གི་བསམ་པ་ཞིག་ཡོད་རྒྱུ་ནི་ཆེས་གལ་ཆེ་བ་ཡིན། མཇུག་མཐར་ཆེད་ལས་ཅི་ཞིག་སྒྲུབ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་མིན། མི་ཞིག་རིག་སྟོབས་བྱ་འགུལ་གྱི་སྤྲོ་སྣང་ལ་རོལ་མྱོང་ཐུབ་པ་ནས་རིག་སྟོབས་བྱ་འགུལ་གྱི་གོམས་གཤིས་རྒྱུད་ལ་འབྱོར་ཟིན། འདི་འདྲའི་ཤེས་ཡོན་ཅན་ལ་ཡོན་ཏན་པ་ཟེར། བསླབ་གནས་ཡོད་པ་དང་སློབ་ཐོན་ལག་འཁྱེར་ཡོད་པ་ནི་ཡོན་ཏན་པ་ལ་བརྩི་ངེས་མིན། དོན་དངོས་བཤད་ན་མི་མང་ཤོས་ཤིག་སློབ་གྲྭར་ཁ་བྲལ་རྗེས་རིག་སྟོབས་བྱ་འགུལ་ཕལ་ཆེར་རྩ་བ་ནས་མེད་པས་འདི་ནི་ཧ་ཅང་ཡིད་མུག་དགོས་པ་ཞིག་ཡིན།
དེ་བས། སློབ་གྲྭའི་ནང་གི་དུས་ཚོད་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་གི་དགའ་ཕྱོགས་དང་རང་རྟོག་གི་ནུས་པ་ངོ་མ་སྐྱེད་བསྲིང་བྱེད་དགོས་རྒྱུ་ནི་ཚེ་གང་གི་ལོངས་སྤྱོད་ཡིན་པ་ལས་རྒྱུགས་སྐར་ཁོ་ནས་ཅང་ནུས་ཀྱིན་མི་འདུག མི་ཞིག་གི་བསླབ་པ་སློབ་གཉེར་ནི་ཚེ་གང་གི་དོན་དག་ཡིན། སློབ་གྲྭ་ནི་རྨང་གཞི་འཇོག་པའི་གནས་ཡིན་པ་ལས་བྱེ་བྲག་གི་ཤེས་བྱའི་རྨང་གཞི་འཇོག་ས་གཙོ་བོ་མིན། ཡིན་པ་ནི་རིག་སྟོབས་ཀྱི་སྤུས་ཀའི་རྨང་གཞི་འཇོག་ས་དེ་ཡིན། ཁྱེད་ནི་སློབ་སྦྱོང་ལ་དགའ་བ་དང་དུས་མཚུངས་སུ་རང་ཉིད་ཀྱི་དགའ་ཕྱོགས་ནུས་པའི་གཞི་ཤེས་སྲིད། རྗེས་ཕྱོགས་ཀྱི་དུས་ཚོད་རིང་མོའི་ཁྲོད་གསོག་ཉར་བྱས་ཚེ་ཇེ་རྒྱས་ཇེ་ལེགས་རེད། འདིའི་ཕྱོགས་ནས་ང་ལ་མྱོང་ཚོར་ཧ་ཅང་ཟབ་སྟེ་ངས་ཤེས་བྱ་མང་ཆེ་ཤོས་ནི་རྗེས་ནས་བསླབ་པ་ཡིན། སློབ་གྲྭའི་ནང་བསླབ་པའི་ཤེས་བྱ་ནི་དེ་འདྲའི་མང་པོ་མེད་ལ་ཚད་ནི་ཧ་ཅང་ཉུང་། འོན་ཀྱང་མཐོ་འབྲིང་དང་སློབ་ཆེན་གྱི་སྐབས་སུ་ལས་ཡག་པ་ཞིག་ལ་རང་རྟོག་གི་གོམས་གཤིས་ཆགས་པ་ནི་དུས་ཚོད་མང་ཤོས་རང་སློབ་དང་བསླབ་ཕྱིའི་དཔེ་ཀློག་ལ་བཀོལ་བ་ཡིན། དུས་ཚོད་ཉུང་ཙམ་བསླབ་གཞི་ལ་བཀོལ། ངས་བསམ་ན་སློབ་སྦྱོང་ངོ་མ་ནི་རང་སློབ་ཡིན། ཁྱོད་རང་སོང་ཡོད་ས་དེ་སློབ་གྲྭ་མིང་གྲགས་ཡིན་མིན་གང་ཡིན་རུང་རང་སློབ་ཀྱི་ནུས་བ་ཡོད་ཚད་ཚང་མ་ནི་སློབ་མ་བཟང་ཤོས་ཡིན་པ་ལས་དེ་ལས་ལྡོག་ན་སློབ་མ་བཟང་ཤོས་མིན། ཁྱོད་ལ་རང་སློབ་རང་རྟོག་གི་ནུས་པ་ཡོད་ཚེ་སློབ་གྲྭའི་ནང་གི་སློབ་སྦྱོང་གི་མགོ་བརྩམས་པ་ཙམ་ཡིན། སློབ་གྲྭ་ལས་ཕྱིར་འོངས་ནའང་ཚེ་གང་བོར་སློབ་སྦྱོང་གི་མུ་སྐྱོང་སྲིད། ཁྱེད་ཀྱིས་དགེ་རྒན་དང་སློབ་ཚན་ཁོ་ནར་བསྟུན་ཅི་ཐུབ་ཀྱིས་སོང་ན་རང་སློབ་རང་རྟོག་གི་ནུས་པ་རང་བཞིན་གྱིས་མེད་པར་གྱུར་འགྲོ་བས་སློབ་གྲྭ་ནས་སྒོར་བུད་མ་ཐག་ནས་སློབ་སྦྱོང་ཀྱང་མཇུག་རྫོགས་པ་རེད། བྱ་བ་ཞིག་འཚོལ་རྒྱུ་ལས་འཕེལ་རྒྱས་ཆེན་པོ་མེད་ལ་ལས་བཟང་ན་ཟླ་ཕོགས་ཅུང་མཐོ་བའི་བྱ་བ་ཞིག་ལག་ཏུ་རེག་མོད། དེ་ནི་མཛེས་སྡུག་ལྡན་པའི་མི་ཚེ་ཞིག་མིན་ལ་ཧ་ཅང་ཡིད་སྐྱོ་བ་ཞིག་རེད་སྙམ།
ངས་འདི་ནས་གསལ་འདེབས་བྱེད་རྒྱུ་ཞིག་ནི་ཁྱེད་ཚོ་ད་ལྟའི་སློབ་གྲྭའི་ནང་ཡིན་ནའང་འདྲ། རྗེས་ཕྱོགས་སློབ་ཆེན་དུ་འགྲིམ་ཚེ་རང་སྟོབས་ཀྱི་འཚར་ལོངས་ནི་ཇི་ལྟ་བུའི་ཚད་ལ་སླེབས་པར་རང་ཉིད་ཀྱི་ལག་ཏུ་གནས་པས་འདི་ལ་ངེས་པར་དུ་གསལ་རྟོགས་བྱུང་དགོས། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་དང་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་ཡོད་པ་ནི་བསོད་ནམས་བཟང་བོ་ཞིག་ཡིན་པ་སྨྲས་མ་དགོས། ད་ལྟ་ང་ཚོའི་སློབ་གྲྭ་མང་ཆེ་བའི་བྱིས་པ་ནི་ལས་སྐལ་དེ་འདྲ་ཐོབ་ཀྱིན་མི་འདུག སློབ་གྲྭ་མང་ཆེ་ཤོས་ཤིག་རྒྱུགས་དམིགས་སློབ་གསོ་ལ་བསྟུན་ནས་འགྲོ་བས་བྱིས་པ་རྣམས་སློབ་སྦྱོང་ལ་སྤྲོ་བ་མེད་པ་མ་ཟད་རང་རྟོག་གི་སློབ་སྦྱོང་ནི་དེ་བས་ཀྱང་ངོ་། །འོན་ཀྱང་། སློབ་གྲྭ་དང་མི་སྒེར་གང་ཡིན་རུང་རང་རྐྱ་འཕེར་བ་ཞིག་བྱ་འདོད་ན་དུས་ནམ་ཡིན་ཡང་བརྩོན་ལེན་བྱས་ཚེ་འཐོབ་སྲིད།
ང་པེ་ཅིན་སློབ་ཆེན་ལ་འགྲོ་བའི་སྐབས་དེར་ངས་སེམས་སུ་སློབ་གྲྭ་ཆེ་ཤོས་འདིར་ཤེས་བྱ་མང་པོ་སློབ་ཐུབ་སྙམ། འོན་ཀྱང་དོན་དངོས་དེ་འདྲ་མིན་པ་མྱུར་ཏུ་རྟོགས་སོང་། གལ་ཏེ་ང་བསླབ་གཞི་དང་འགྲོགས་ནས་སོང་ན་ཅི་ཡང་སློབ་མི་ཐུབ། ད་ལྟའི་གནད་དོན་ནི་ཁེ་ཕན་ཅན་སྟེ་བསླབ་གཞི་ཇུས་འགོད་ཁེ་ཕན་ཅན་དང་ཆབ་སྲིད་ཅན་གྱི་འདུ་ཤེས་ཀྱི་རྣམ་པ་ཆགས་འདུག སློབ་སྦྱོང་གི་རང་འགུལ་དབང་ཆ་ངེས་པར་དུ་བརྩོན་ལེན་བྱེད་དགོས་སྙམ། དེ་དུས་ང་མི་ཉིས་བརྒྱ་སུམ་བརྒྱའི་སློབ་ཁང་སློབ་ཁྲིད་སྐབས་སུ་ཁྲིད་བྱོལ་བྱས་ཀྱང་གང་ལྟར་དགེ་རྒན་གྱིས་ཤེས་མི་སྲིད། འཛིན་གྲྭ་གཅིག་ལ་སློབ་མ་ཉེར་ལྔ་ལས་མེད་པའི་སྐབས་ཕྱིར་བྲོས་ཚེ་ཤེས་ཉེན་ཆེ་བ་དང་། སློབ་ཁྲིད་འགར་མ་ཡོང་ན་སློབ་གྲྭ་ནས་ཕྱིར་ཕུད་བྱེད་སྲིད་པས་སློབ་གྲྭས་ཕྱིར་ཕུད་པར་སྐྲག་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ངས་རང་ཉིད་ཀྱི་དཔེ་ཆར་བལྟས་པས་སྐབས་ལན་རེར་དཔེ་ཆ་ལྟ་བར་སེམས་འཁོར་ནས་ཡོད་དུས་དགེ་རྒན་གྱིས་ངའི་མིང་ནས་བོས་ཏེ་དྲི་བ་བཏོན་ན་ང་ཡར་ལངས་ནས་ཅི་རེད་ཞེས་དྲིས་པ་དང་སློབ་གྲོགས་ཚང་མ་བགད་པའི་སྐབས་ཀྱང་ཡོད།
ངས་བཤད་འདོད་པ་ནི་གནས་ཚུལ་ཇི་འདྲའི་འོག་སློབ་སྦྱོང་བྱེད་པ་ནི་ཁྱོད་རང་ཉིད་ཀྱི་དོན་དག་ཡིན། ཁྱོད་ནི་སློབ་སྦྱོང་གི་བདག་པོ་བྱེད་དགོས་པ་ལས་བསླབ་གཞི་དང་སློབ་ཁྲིད་ཀྱི་རྗེས་དེད་ནས་འགྲོ་མི་འོས་ལ། རང་ཉིད་ཀྱིས་བཀོད་སྒྲིག་བྱེད་དགོས་པ་དེ་ནི་ཧ་ཅང་གལ་ཆེ་བའི་ནུས་པ་རིགས་ཤིག་ཡིན། ཁྱོད་ཀྱི་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སློབ་སྦྱོང་དང་བྱ་བའི་ཐོག་ལེགས་འགྲུབ་བྱུང་མིན་དེ་ནི་གནད་འགག་ཤིག་ཡིན། ད་ལྟའི་སྤྱི་ཚོགས་འདི་ནི་ན་གཞོན་རྣམས་ལ་མཚོན་ན་ཧ་ཅང་ཁག་པོ་འདུག འཚོ་བའི་གནོན་ཤུགས་འདི་འདྲ་ཆེ། འོན་ཀྱང་རང་ཉིད་ཀྱི་རྟོག་པ་ནི་རང་གི་ལག་ཏུ་ཡོད། ཁྱོད་ལ་མ་འོངས་པར་རང་ཉིད་ཀྱི་བྱ་བ་ངོ་མ་ཞིག་ཡོད་མེད་དེ་རང་ཉིད་ལ་འབྲེལ་བ་ཡོད་པ་ལས། ཁོར་ཡུག་གིས་ཐག་གཅོད་པ་མིན། རྒྱུགས་དམིགས་སློབ་གསོ་ཁོ་ནར་བརྟེན་པའི་སློབ་མར་མ་འོངས་པར་རང་ཉིད་ཀྱི་བྱ་བ་ཞིག་ཡོད་རྒྱུ་དཀའ་བར་སེམས།
ཞོལ་ནས་བསམ་བློའི་འཚར་ལོངས་བཤད། མི་ལ་ངེས་ཟིན་གྱི་ནུས་པ་ཡོད་པས་མི་ཚད་ཁྱོད་ཀྱི་རིག་སྟོབས་དང་ཤེས་བྱས་སྤྱི་ཚོགས་སྟེང་བྱ་བཞག་སྒྲུབ་ཐུབ། མི་ལ་བརྩེ་བ་ཡོད་པ་ལས་བསམ་བློའི་འཚོ་བའང་ཡོད། ང་ཚོ་སའི་གོ་ལ་གཅིག་གི་སྟེང་འཚོ་བ་རོལ་བཞིན་ཡོད་མོད། ཁྱོད་ཀྱི་ནང་སེམས་ཀྱི་འགྱུར་བ་མི་འདྲ་ན་དོན་དངོས་སུ་ཁྱོད་ཀྱི་མིག་མདུན་གྱི་སའི་གོ་ལ་མི་འདྲ། ནང་སེམས་དབུལ་བའི་མིས་མཐོང་པའི་སའི་གོ་ལའང་དབུལ་བོ་ཡིན་ལ། རླངས་འཁོར་དང་ཁང་པ། སྒོར་མོ་ལས་མེད། ནང་སེམས་ཧ་ཅང་ཕུན་ཚོགས་པའི་མིས་སའི་གོ་ལར་མཚར་སྣང་གི་སེམས་ཚོར་མང་པོ་ཡོད་སྲིད།
ནང་སེམས་ཀྱི་འཇིག་རྟེན་ཕུན་ཚོགས་ཡོད་ཆེད། ཆེས་གལ་ཆེན་གྱི་ལམ་བུ་ཉག་གཅིག་ནི་དཔེ་ཀློག་ཡིན། གཙོ་བོ་མི་ཆོས་དཔེ་ཆ་ཡིན་ལ་དེའི་ནང་མཚན་ཉིད་རིག་པ། ཆོས་ལུགས། རྩོམ་རིག ལོ་རྒྱུས་སོགས་འདུས། རིག་པའི་འཚར་ལོངས་ནི་བརྩེ་བའི་སྤུས་ཚད་ཀྱི་འཚར་ལོངས་ཡིན། རྣམ་ཤེས་ཀྱི་འཚར་ལོངས་ནི་དེ་རིང་གླེང་བར་མི་བྱ། ཀུན་སྤྱོད་སྤུས་ཚད་ཀྱི་འཚར་ལོངས་ནི་ཀུན་སྤྱོད་སློབ་གསོ་ཡིན། དོན་དངོས་ཀྱི་མཛེས་དཔྱོད་སློབ་གསོའི་ནང་དུ་ཕྱོགས་གཉིས་འདུས་ཡོད་དེ། རིན་ཐང་ལྡན་པའི་བསམ་པའི་འཇིག་རྟེན་གསལ་བོར་མངོན་དགོས། མི་ཆོས་དཔེ་ཆ་ཀློག་པར་ཆེད་ལས་ཀྱི་དབྱེ་བ་མེད་པས་རྗེས་ཕྱོགས་ཁྱེད་རང་གི་བྱ་བའི་ཁོམ་གསེང་ཁྲོད་གང་འདོད་ལྟར་བཀླག་ཆོག ནང་སེམས་ཕུན་སུམ་ཇེ་ཚོགས་དང་རིན་ཐང་ཅན་དུ་གཏོང་བ་ནི་བསམ་བློའི་སློབ་དཔོན་གྱི་དཔེ་ཆ་འདི་དག་བཀླགས་ནས་བྱུང་བ་ཡིན། ང་ནི་བསམ་བློའི་སློབ་དཔོན་གྱི་དཔེ་ཆ་ཀློག་རྒྱུར་དགའ་སྟེ། མཚན་ཉིད་རིག་པ་དང་མཚན་ཉིད་རིག་པ་བ། སྒྱུ་རྩལ་ཆེན་མོ་བ་དག་གི་རང་རྣམ་དང་རྣམ་ཐར་སོགས་ཀྱིས་ང་ལ་བློ་སྒོ་འབྱེད་ཐུབ།
དེང་སང་གི་ན་གཞོན་རྣམས་ལ་གསལ་འདེབས་ཤིག་བྱ་རྒྱུ་ནི་དྲྭ་རྒྱར་མགོ་བོ་འཁོར་ནས་ཁ་བརྡ་དང་བླ་བཙག་སྐོར་གྱི་གསར་འགྱུར་ལ་བལྟས་ཚེ་སྙིང་བོ་ཅི་ཡང་མེད་པས། དཔེ་ཀློག་ལ་དུས་ཚོད་མང་བོ་བཀོལ་རྒྱུ་གལ་ཆེན་ཡིན་ལ་ངས་ཀྱང་དུས་ཚོད་མང་པོ་ཞིག་དོན་སྙིང་གིས་དབུལ་བོའི་བྱ་བའི་སྟེང་བཀོལ་གི་མེད་ལ་ངའི་བྱིས་པའང་དེ་བཞིན་ནོ། །དུས་ཚོད་ནི་བསམ་བློའི་སྐྱེས་སྟོབས་ཀྱི་འཚར་ལོངས་ལ་བཀོལ་རྒྱུ་ངོ་མ་ནི་དཔེ་ཀློག་ལས་གཞན་ཅི། མིའི་རིགས་ཀྱི་བསམ་བློའི་རྒྱུ་ནོར་ཉར་ཚགས་བྱེད་སྟངས་ནི་དཔེ་ཆ་ཡིན་པ་ང་ལ་ཐེ་ཚོམ་ཅི་ཡང་མེད་པས་དྲྭ་རྒྱ་ཇི་འདྲ་ཞིག་ཡིན་ཡང་དཔེ་ཆའི་ཚབ་བྱེད་མི་ཐུབ། དྲྭ་རྒྱ་ལའང་ཁོ་རང་གི་བཟང་ཆ་ཡོད་དེ་ཁྱབ་སྤེལ་རང་བཞིན་གྱི་ཐབས་ལམ་བསྐྲུན་པ་དང་ཆ་འཕྲིན་ཁྲོམ་བསྒྲགས་ཅན། ཆབ་སྲིད་དམངས་གཙོ་ཅན་འོས་སྦྱོར་བྱེད་བཞིན་ཡོད། འོན་ཀྱང་དྲྭ་རྒྱས་མི་རྣམས་ཀྱི་བསམ་པའི་འཚོ་བར་ལྡོག་ཕྱོགས་ཀྱི་ནུས་བ་ཐོན་འདུག་པ་མ་ཟད་དཔེ་ཀློག་ལ་བར་ཆད་བཟོས་ཏེ་བགྲོ་གླེང་གི་རྣམ་པ་ཕྱི་ཚུལ་ཅན་དུ་ཆགས་པར་བྱེད།
དཔེ་ཆ་མང་པོ་ཀློག་དགོས་པ་མ་ཟད་ངེས་པར་དུ་དཔེ་ཆ་ཡག་ཤོས་ཀློག་དགོས། མི་ཞིག་གིས་སེམས་རྣལ་དུ་ཕབ་ནས་དཔེ་ཆ་ཀློག་པའི་ནུས་ཚོད་ནི་ཧ་ཅང་དཀོན་མོད། དཔེ་ཀློག་ང་ཡི་ལས་ཀ་ཡིན། དཔེ་ཆ་ཡག་ཤོས་ནི་ཅི་ཞིག་ཡིན་ཞེ་ན། མི་རེ་རེར་རང་གི་གདམས་གསེས་རེ་ཡོད་སྲིད། ངའི་ཚད་ཐིག་ནི་ཧ་ཅང་གསལ་སྟེ་བསམ་པའི་སྤྲོ་སྣང་མཐོར་འདེགས་ཐུབ་པ་དང་བསམ་བློར་གཏིང་ཟབ་སྒོས་འགྱུར་བ་ཐེབས་པའི་ལོངས་སྤྱོད་ཅན་དེ་ཡིན། ནམ་རྒྱུན་མི་རྣམས་ཀྱིས་ང་ལ་དཔེ་ཆ་ཞིག་འོས་སྦྱོར་བྱས་ཞེས་བཤད་མོད། ངས་འོས་སྦྱོར་བྱེད་མ་ཐུབ། རྒྱུ་མཚན་ནི་དཔེ་ཀློག་ནི་མི་བུ་སྒེར་གྱི་བསམ་བློའི་འཚོ་བ་ཞིག་ཡིན་པས་སོ། །མི་རེ་རེ་ཡི་ལྟ་བྱའི་དཔེ་ཆ་མི་འདྲ་མོད། གཙོ་བོ་གསུང་རབ་བསྟན་བཅོས་གྲགས་ཅན་གྱི་ཁྱབ་ཁོངས་ལས་ལྟ་ཀློག་བྱས་ན་འགྲིག
མི་འགའ་ཤས་ཀྱིས་བཤད་རྒྱུར། གསུང་རབ་བསྟན་བཅོས་གྲགས་ཅན་ཀློག་རྒྱུ་ཧ་ཅང་དཀའ་ཟེར། དཔེ་ཀློག་གི་མགོ་རྩོམ་དུས་དེ་འདྲའི་ཚོར་བ་ཡོད་སྲིད་མོད། དེ་ནི་གོ་རིམ་ཞིག་སྟེ་ཀློག་གིན་སོང་ཚེ་དཔེ་ཆའི་ནང་དུ་འཛུལ་ཐུབ་པའི་དུས་ཤིག་ཡོད། ང་ཚོས་གསུང་རབ་ཀློག་སྐབས་བཅོས་མ་མ་ཡིན་པའི་རྣམ་འགྱུར་ཞིག་གིས་ཀློག་པ་ལས་ཕྱི་ཚུལ་ཙམ་གྱིས་ཡོན་ཏན་པ་བཅའ་མི་རུང་། ངས་བསམ་པར་ང་ཚོའི་སྐད་ཡིག་ནི་དགོད་བྲོ་བ་ཞིག་རེད་དེ། ཁྱེད་ཚོར་སློབ་ཚན་གྱི་ཚན་པ་བཀར་སྟངས་དང་བརྗོད་གཞི་གཙོ་བོ་སོགས་དབྱེ་ཞིབ་བྱེད་དུ་འཇུག་པ་ཡིན་པས་དེ་ཙམ་གྱིས་ཁྱེད་ཀྱི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་ཐོགས་མེད་དེ་ལྡོག་ཕྱོགས་ཀྱི་ནུས་བ་ཐོན་འོངས། ནམ་རྒྱུན་ང་ཡི་རྩོམ་ཡིག་འདི་ལྟ་བུའི་རྒྱུགས་ལེན་གྱི་ཁ་བྱང་དུ་སྤྱད་འདུག་པས་བྱིས་པ་མང་ཤོས་ཀྱིས་ཁོ་ཚོར་འདི་འདྲའི་སྡུག་མྱངས་དུ་བཅུག་ཅེས་ང་ལ་ལྐོག་ནས་སྡིག་དམོད་བྱེད་བཞིན་ཡོད། ཉིན་ཞིག་ངའི་གྲོགས་པོའི་མཐོ་འབྲིང་འགྲིམས་བཞིན་པའི་བུ་མོས་རྒྱུགས་ཤོག་ཅིག་ཁྱེར་ཡོང་བ་དེ་ནི་ངའི་རྩོམ་ཡིག་ཅིག་རེད། མོས་བཤད་རྒྱུར་ཨ་ཁུ་ཀྲིག་ལགས། ཁྱེད་ཀྱིས་རྒྱུགས་ཤོག་འདི་འབྲི་རོགས་ཟེར་ཞེས་བསྐུལ་བས་ངས་དེ་ལྟར་བསྒྲུབ་པ་ཡིན། ཁོ་མོའི་ཚད་ལྡན་གྱི་དྲིས་ལན་ལྟར་ང་ལ་སྐར་མ་བརྒྱབ་པའི་ཐོབ་སྐར་ནི་སྐར་མ་རེ་དགུ་རེད། རང་ཉིད་ཀྱི་རྩོམ་ཡིག་རང་གིས་ཀྱང་གོ་བ་ལེན་དཀའ་བ་ཞིག་ཏུ་ཆགས་འདུག ཁོ་མོའི་ཐོབ་སྐར་ནི་དོན་གཅིག་ཡིན་པས་ང་ལས་མཐོ་སྟེ་མོ་ཧ་ཅང་དགའ་འདུག སྤྱིར་དཔེ་ཆ་འདི་ལྟར་ཀློག་མི་འོས་པར་སྐད་ཡིག་སློབ་ཚན་ནི་གཙོ་བོ་ཁྱེད་ཀྱི་དཔེ་ཀློག་གི་སྤྲོ་སྣང་དང་ནུས་པ་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན། ཁྱེད་ཀྱི་རྩོམ་འབྲིའི་དཀའ་ཁག་དང་ནུས་པ་ནི་འདི་གཉིས་ལས་མ་འདས། དཔེར་འོས་རྩོམ་ཡིག་ལ་དབྱེ་ཞིབ་བྱས་ཆོག་མོད། གཙོ་བོ་རང་ཉིད་ཀྱི་རང་རྐྱ་འཕེར་བའི་ལྟ་བ་གལ་ཆེན་ཡིན་པས་ཚད་ལྡན་གྱི་དྲིས་ལན་ཡོད་མི་སྲིད། ཁྱེད་ཀྱི་གོ་བ་ལེན་སྟངས་དང་ཁྱད་ནུས་འདོན་སྤེལ་ཇི་འདྲ་ཡིན་ཡང་སྐྱོན་མི་འདུག རྩོམ་ཡིག་གི་ཁྲོད་ནས་ཁྱེད་ཀྱི་བསམ་གཞིགས་དང་ཚོར་བ་ངོ་མ་ཞིག་མངོན་པ་དེ་ནི་ཚད་ལྡན་དང་རྩེ་གྲ་ཡིན། དཔེ་ཀློག་གིས་ནང་སེམས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ད་རུང་འགངས་ཆེ་བའི་ལམ་བུ་ཞིག་བསྐྲུན་ཡོད་པ་ནི་རྩོམ་འབྲིའོ། །
ངས་བལྟས་ན་དོན་ངོ་མའི་དཔེ་ཀློག་དང་རྩོམ་འབྲི་ནི་ལས་རིགས་ཤིག་མིན་པར་བསམ་བློའི་འཚོ་བའི་དོ་སྣང་བྱེད་པའི་མི་རེ་རེར་དབང་བས། ཁྱེད་ཚོས་མ་འོངས་པར་རྩིས་ཚན་སྦྱངས་རུང་རྩོམ་ཡིག་བྲིས་ཆོག་ལ། སྤྱི་ཚོགས་རིག་གནས་ཀྱི་དཔེ་ཆ་ཀློག་རྒྱུ་ནི་ཡོན་ཏན་པ་ཁོ་ནའི་ལས་ཀ་མིན་པར་རྩོམ་ཡིག་འབྲི་རྒྱུ་ནི་རྩོམ་པ་པོའི་བྱ་བ་མིན། དོན་དངོས་སུ་ང་རྩོམ་པ་པོ་ཞིག་ཏུ་གྱུར་བ་ནི་ཧ་ཅང་གློ་བུར་བ་ཞིག་རེད། ང་རང་སློབ་གྲྭ་འགྲིམས་པའི་སྐབས་སུ་ནམ་ཞིག་ཚེ་རང་ཉིད་རྩོམ་པ་པོ་ཞིག་ཏུ་འགྱུར་བ་ཡིད་ལའང་དྲན་མྱོང་མེད། འོན་ཀྱང་རྩོམ་པ་པོ་ཞིག་ཏུ་མ་གྱུར་ཡང་ངེས་པར་དུ་འབྲི་སྲིད། ངའི་རྩོམ་འབྲི་ནི་ཉིན་ཐོ་ལས་འགོ་བརྩམས་པ་ཡིན་ལ་ཆུང་དུས་ནས་ཉིན་ཐོ་བྲིས་ཏེ་མཐོ་འབྲིང་དང་སློབ་ཆེན་གྱི་སྐབས་སུའང་ཉིན་རྒྱུན་ཤོག་ངོས་འགའ་རྒྱུན་ཆད་མྱོང་མེད། ང་ལ་སློབ་ཚན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་བསླབ་ཕྱིའི་དཔེ་ཆ་དང་ཅིག་ཤོས་ནི་ཉིན་ཐོ་འབྲི་རྒྱུ་དེ་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ནི་སློབ་ཆེན་ལོ་རིམ་བཞི་བའི་སྐབས་རིག་གནས་གསར་བརྗེ་ཆེན་མོའི་རླུང་ནག་འཚུབ་ནས་དོན་དག་གཉིས་ཀྱིས་ང་ལ་བར་ཆད་བཟོས་སོང་། གཅིག་ནི་གྲོགས་པོ་ཀོ་ཧྲི་ཡིན་ཅི་ཡིན་ཆ་མ་འཚལ་བར་རྐྱེན་ལམ་དུ་ཤོར་སོང་བས་སྐབས་དེར་ངས་ཡོད་ཚད་ལ་སྙིང་བོ་མེད་པར་འདོད་ནས་རེ་ཐག་ཆད། གཞན་ཞིག་ནི་ནུབ་ཆེན་དྲག་འཐབ་ཀྱིས་ཁྱེད་ཀྱི་ཉིན་ཐོ་ནི་ལོག་སྤྱོད་ཉིན་ཐོ་རེད་ཟེར་ནས་འཐབ་རྩོད་བྱས། དགག་རྐྱེན་དེ་གཉིས་དབང་གིས་ངས་ཉིན་ཐོ་ཡོད་ཚད་བརླགས་ཟིན། འོན་ཀྱང་ཉིན་ཐོ་འབྲི་བའི་གོམས་གཤིས་ག་ལ་འགྱུར། སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན་ངེས་པར་དུ་ཉིན་ཐོ་འབྲི་བའི་གོམས་གཤིས་ཆགས་སུ་འཇུག་དགོས། ཁྱེད་ཚོ་ནི་ད་སོ་མ་གསར་དུ་ཚེས་པའི་ཞོགས་པ་ལྟ་བུ་ཡིན་ལ་རྗེས་ཕྱོགས་ཀྱི་ཉི་མ་ད་རུང་ཧ་ཅང་རིང་། དེ་བས་ཡིད་ལ་ངེས་རྒྱུ་ཞིག་ནི་མི་ཞིག་གི་རྩ་ཆེ་བའི་ནོར་བུ་དེ་ནི་ཁྱོད་རང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་དང་བསམ་གཞིགས་རེད། མ་འོངས་པའི་འཚོ་བའི་ཁྲོད་དུ་ཁྱོད་ཚོར་དགའ་སྐྱོ་སྣ་ཚོགསཔར་འཕྲད་སྲིད་ལ་མིའང་འདྲ་མིན་ལ་ཐུག་སྲིད། མི་ཞིག་གི་ཕྱི་ཚུལ་གྱི་བརྒྱུད་རིམ་ནང་ངོས་དང་ཕྱི་ངོས་གཉིས་སུ་དབྱེ་ཆོག འོན་ཀྱང་ཉིན་ཐོ་བརྒྱུད་དེ་ཁྱེད་ཀྱིས་འཚོ་བའི་བརྒྱུད་རིམ་སྣ་ཚོགས་རང་གི་ལོངས་སྤྱོད་དུ་བསྒྱུར་ཆོག ཉིན་ཐོ་འབྲི་བའི་ཕན་ཡོན་ནི་ཁྱོད་ལ་སྐུལ་ལྕག་དང་གསལ་འདེབས། ཕྱིར་གཡེང་བའི་རྣམ་ཤེས་ཚུར་བསྡུ་ཐུབ་པའོ། །ཉིན་ཐོ་འབྲི་བའི་སྐབས་སུ་ངེས་པ་དོན་གྱིས་ཁྱེད་ཀྱི་རྣམ་ཤེས་ཀྱིས་ཁྱེད་ཀྱི་འཚོ་བའི་མྱོང་བ་མཐའ་དག་ནང་སེམས་ཀྱི་ལོངས་སྤྱོད་དུ་བསྒྱུར་དགོས་པ་མ་ཟད་ཚད་ཐིག་ངེས་ཅན་ཞིག་ལས་ཁྱེད་རང་ཕྱི་ཚུལ་གྱི་བརྒྱུད་རིམ་ལས་བརྒལ་ཆོག
མི་ཞིག་ཡིན་ན་བགྲོ་གླེང་རིགས་འདི་གཉིས་མ་མཐའ་དགོས་སྟེ། གཅིག་ནི་ལོ་རྒྱུས་སྟེང་གི་སློབ་དཔོན་ཆེན་མོར་ཁ་བརྡ་བྱེད་དགོས། དེ་ནི་དཔེ་ཀློག་གོ །གཞན་ནི་རང་གི་རྣམ་ཤེས་ལ་ཁ་བརྡ་བྱེད་དགོས། ཉིན་ཐོ་འབྲི་བ་ནི་ཐབས་ལམ་ཡག་ཤོས་ཤིག་རེད། ཡང་གཅིག་བཤད་ན། མི་ཞིག་ཡིན་ན་བློས་ཐུབ་ཀྱི་གྲོགས་པོ་གཉིས་ལ་ཁ་བྲལ་མི་རུང་སྟེ། གཅིག་ནི་རང་ཉིད་ཡིན། དེ་ནི་ཁྱེད་ཀྱི་གཟུགས་པོའི་སྟེང་སྔར་ལས་ལྷག་པའི་རང་ཉིད་དོ། །གཞན་ནི་དཔེ་ཆ་ཡག་ཤོས་ཡིན། དེ་ནི་དཔེ་ཆའི་ནང་གསོན་པའི་རླབས་ཆེན་གྱི་རྣམ་ཤེས་སོ། །ང་ཚོ་མི་རེ་རེ་ཡི་འཚོ་བའི་ཁྱབ་ཁོངས་ལ་ཚད་ཡོད་པས་ཁྱེད་ཀྱིས་རང་གི་གཡས་གཡོན་དང་མཐའ་འཁོར་གྱི་ཁོར་ཡུག་ལས་ཕལ་ཆེར་སློབ་དཔོན་ཆེན་མོ་རྙེད་ཐུབ། འོན་ཏེ། སློབ་དཔོན་མང་ཆེ་ཤོས་ནི་དཔེ་ཆའི་ནང་དུ་ཡོད་པས་ཁྱོད་ཚོ་རྒྱུན་པར་ཐུག་གི་སོང་ཆོག དེ་བས་ང་ཚོ་ཚང་མ་སློབ་དཔོན་ཆེན་མོའི་སློབ་མ་བྱེད་དུ་འགྲོ། སློབ་དཔོན་ཆེན་མོ་འབྱུང་བར་དེ་ལ་འཚམ་པའི་ས་ཞིང་གཤིན་པོ་དགོས་པ་རེད། དེ་ནི་སྐུལ་འདེད་ཀྱི་སྙིང་སྟོབས་ལྡན་པའི་ཁོར་ཡུག་གོ །ང་ཚོའི་མི་རིགས་འདིར་ས་ཞིང་གཤིན་པོ་འདི་ཆད་པས་ས་ཞིང་འདི་ཅི་ལྟར་ལེགས་བཅོས་བྱེད་རྒྱུ་ནི་ཁྱེད་རང་ཚོར་བརྟེན་དགོས་པ་རེད། ང་ཚོའི་མི་རབས་འདིར་རེ་བ་མེད་ལ་ལྷག་ཏུ་ང་རང་ཉིད་ལ་རེ་བ་མེད་པར་སྙམ། རེ་བ་ཡོད་ཚད་ཕྱི་རབས་པ་ཁྱེད་ཚོའི་ཕྲག་ཏུ་བཅོལ་པ་ཡིན། ཚང་མ་བཀའ་དྲིན་ཆེ།
འབྲེལ་ཡོད་འོས་སྦྱོར།