དཔེ་ཀློག་གིས་ཁྱེད་ལ་ཚོར་བ་སྣ་ཚོགས་སྦྱིན་ངེས།
རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-11-06
ཀློག་གྲངས།:
རང་གིས་རང་ཉིད་གསལ་ལྷང་ལྷང་མཐོང་ཐུབ་པའི་དཔེ་ཆ་དེ་དག་ཀློགས།
རྔོག་བུ་བདུད་མགོན་ཚེ་རིང་།
ཕ་ཡུལ་ལྷ་ས་ནག་ཆུ་ནས་ཡིན་པའི་བོད་ཀྱི་གསོ་རིག་གི་སློབ་ཆེན་སློབ་མ་ཞིག་གིས་སློབ་སྦྱོང་དང་དཔེ་ཀློག་གི་ཐད་ནས་ལམ་སྟོན་ཞིག་གནང་རོགས་ཞེས་འཕྲིན་ཞིག་བསྐུར་ཡོང་། ང་རང་ཉིད་ཡིན་ནའང་སློབ་སྦྱོང་ལ་འབྲས་བུ་ཐོན་པ་ཞིག་དང་། དཔེ་ཀློག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཡོན་ཏན་ཅན་དེ་འདྲ་ཞིག་གཏན་ནས་མ་ཡིན་པས་ལན་ཞིག་འདེབས་རྩིས་མ་བྱས་མོད། ཉིན་འགའི་རྗེས་ནས་གློ་བུར་དུ་སློབ་མ་ཞིག་གི་ངོས་ནས་བཤད་ན་ཁོའི་དྲི་བ་དེ་སྣང་མེད་དུ་བཞག་ན་མི་འོས་སོ་སྙམ་ནས་ཅང་མི་ཤེས་ཀྱང་ཤེས་ཁུལ་གྱིས་ལན་འདི་བྲིས་པའོ།།
དཔེ་ཀློག་ནི་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་ཡིན། འོན་ཀྱང་ཁ་ཕྱོགས་དང་དམིགས་ཡུལ་མེད་པའི་ངང་སྤུས་ཀ་གང་ཡང་མེད་པའི་དཔེ་ཆ་གྲངས་མང་པོ་ཚོད་མེད་ཀློག་པ་ནི་ཁ་ཟས་ལ་ཚད་བཀག་མེད་པར་རིག་ཚད་མཐོང་ཚད་ཟོས་ཟོས་མཐར། ཕོ་བ་དང་མཆིན་པ་ལ་ནད་འགྱུར་འབྱུང་བའི་རྒྱུ་རྐྱེན་བསགས་པ་དང་གཉིས་སུ་མ་ཡོད། དེ་བས་རྒྱུན་པར་དཔེ་ཆ་དང་ཡང་ན་རྩོམ་ཡིག གློག་བརྙན་སོགས་སྣ་གཅིག་བཀླགས་ཚར་རྗེས་དེ་ལ་ཡང་དང་བསྐྱར་དུ་བསམ་བློ་གཏོང་དགོས། ལུས་ཀྱི་རྩ་ལམ་ཡོད་ཚད་ནས་དེ་ཉིད་ཞུ་སྦྱངས་བྱེད་དགོས་པ་ཡིན།
དཔེ་ཀློག་གིས་ཁྱོད་ལ་ཚོར་བ་སྣ་ཚོགས་སྟེར་སྲིད། བློ་སྒོ་འབྱེད་པ་དང་མིག་རྒྱང་བསྐྱེད་ཐུབ་པ་ཡིན། དེ་ནི་དཔེ་ཀློག་གི་ལས་དང་པོ་བ་རྣམས་ལ་རྒྱུན་པར་འབྱུང་བའི་ཆེས་སྤྱིར་བཏང་གི་ཐོག་མའི་ཚོར་བ་ཞིག་ཡིན། དཔེ་ཀློག་གིས་ཁྱོད་ལ་སྡུག་བསྔལ་བསྐྱེད་ལ་སེམས་ཁྲལ་ཁྱེར་ཡོང་ངེས་ཡིན། འགན་མེད་སར་འགན་འཁུར་དགོས་པའི་འཕྲུལ་སྣང་དང་ཁེངས་སེམས་ཤིག་གིས་དགག་འོང་། དེ་ཡང་རྒྱུན་པར་དབང་རྩ་གྱ་གྱུར་མ་སོང་བའི་ཀློག་པ་པོ་ཚོར་འབྱུང་བའི་དཔེ་ཀློག་གི་ནད་གཞུག་ཙམ་ཡིན།
དཔེ་ཀློག་གིས་རང་ཉིད་ཇེ་ཆུང་ནས་ཇེ་ཆུང་ལ་གཏོང་སྲིད། ང་རྒྱལ་དང་ཁེངས་དྲེག་གི་སྣང་བ་དེ་ཚོ་ཇེ་འཇམ་ནས་ཇེ་འཇམ་ལ་བརྡར་ཐུབ། དེ་ནི་དཔེ་ཆའི་ཕན་ཡོན་ཡིན། ཡང་ཁེར་ལབ་དང་ཁེར་འགྲོ་ཁེར་རྐྱང་ལ་གཏོད་སྲིད། དེ་དུས་ཁྱོད་ལ་རང་གི་ལྟ་བ་ཞིག་ས་ཞགས་བཞིན་ཆགས་ཐུབ་པའི་འགོ་བརྩམས་པ་ཡིན་པར་འདོད།
ཕྱོགས་ཞེན་དང་མཁྲེགས་འཛིན་མེད་པར་གནད་དོན་དང་དོགས་པ་འཁུར་ནས་དཔེ་ཆ་ཀློག་ཤེས་ན་གྲངས་ཀ་མི་གཙོ་རྒྱུ་སྤུས་གཙོ་ཞེས་པའི་ཚིག་དེའི་དོན་གཏིང་ཟབ་མོས་གོ་ཐུབ། སུ་ཡིན་རུང་རང་མི་རིགས་ཀྱི་མཁས་ཆེན་ཚད་ལྡན་གྱིས་མཛད་པའི་དཔེ་ཆ་དེ་ཉིད་རང་གི་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་ཀློགས་དང་། གཅིག་དང་གཉིས་བཀླགས་པས་ཁྱོད་ལ་མི་ཚེ་གང་བོར་ལོངས་སྤྱོད་འཛད་མཐའ་མེད་པ་སྦྱིན་འོང་ངེས། མི་ཚེ་ཐུང་ཐུང་ལ་ལམ་ཀྱོག་མང་པོ་འགྲིམས་དགོས་དོན་མེད། རིགས་གཅིག་ལ་མཁས་ན་མཁས་པ་ཡིན། དུས་ཚོད་དང་རིག་པ་ཡོད་ཚད་སྤྱད་ནས་དཔེ་ཆ་ཚད་ལྡན་ཅན་ལ་ཡང་ཡང་བལྟ་བ་དང་། ཡང་ཡང་མྱོང་བ། དེ་ལ་བསྟེན་ནས་རང་གི་ལྟ་སྒོམ་སྤྱོད་གསུམ་རིས་སུ་མ་ཆད་པར་བྱང་ཆ་ལྡན་ཞིང་གོམས་རྒྱུ་དེ་གནད་འགག་ཡིན།
ནང་སྒོས་སུ་བོད་ཀྱི་མཁས་པ་ཚོས་མཛད་པའི་བསྟན་བཅོས་འདི་དག་ནི་ཕྱི་རྩོམ་ལུས་ནས་ནང་གི་དོན་གྱི་སྲོག་ཤིང་རྣམ་ཤེས་བར་དུ་ལོངས་སུ་སྤྱད་ན་འཛད་མཐའ་མེད་པའི་དཔག་བསམ་གྱི་ལྗོན་དབང་ལྟ་བུ་ཁོ་ན་ཡིན། ཁྱད་པར་དུ་བརྗོད་དགོས་པ་ཞིག་ལ་བོད་དཔེ་འདི་དག་གིས་ཁྱོད་ཀྱི་སེམས་འདུལ་སྦྱོང་བྱེད་ཐུབ་པ་མ་ཟད། རང་གིས་རང་ཉིད་གསལ་ལྷང་ལྷང་མཐོང་ཐུབ་པ་ཡིན། ཁྱོད་ཀྱིས་དཔེ་ཀློག་གི་གྲངས་ཀའི་བར་མཚམས་ནས་ཐོ་ཡིག་འགོད་རྒྱུར་གོམས་དགོས་ཤིང་། རང་ཉིད་ལ་འགྱུར་བ་གང་ཡོད་ཕྱི་བལྟ་རེ་བྱེད་རྒྱུ་ནམ་ཡང་མ་བརྗེད་ཨང་།
འཇིག་རྟེན་གྱི་གསང་བ་དང་ངོ་མཚར་བརྗོད་བྱར་བྱས་པའི་ཚོང་དཔེ་དེ་དག་དཔེ་ཁང་གི་གསལ་སར་བཞག་ཡོད་ཀྱང་། བལྟས་ཀྱིན་བལྟས་ཀྱིན་མུན་ནག་ཇེ་སྟུག་ཡིན། སྒྲུང་དང་གཏམ་རྒྱུད་ཀྱི་བྱིས་དཔེ་དེ་དག་བྱིས་པ་ཚོས་རེག་སར་བཞག་ཡོད་ཀྱང་། ནར་སོན་གྱིན་སོན་གྱིན་དགོས་མཁོ་ཅི་ཡང་མེད། མཐར་དེད་ན་བརྡ་སྤྲོད་ཀྱི་གཞུང་དང་རིགས་ལམ་བརྗོད་པའི་བམ་རྒན་དེ་དག་ཀྱང་ཨུ་ཚུགས་ཀྱིས་དཔུང་བ་གཏུག་པའི་དཔེ་རེད་མ་གཏོགས་ལམ་དང་ལུགས་སྲོལ་མང་པོ་དགོས་མཁོ་མེད། དཔེ་ཆ་འབྲི་བའི་དམིགས་ཡུལ་ནི་གནས་ལུགས་ཤིག་གསལ་བོར་བརྗོད་ཆེད་ཡིན་ལ། ཀློག་པ་པོར་སྐུ་ཚེགས་དང་འོ་རྒྱལ་མེད་པར་བརྗོད་བྱའི་དོན་ཁ་གསལ་གོ་བདེས་སྟོན་ཐུབ་ཅིང་མྱོངས་སུ་འཇུག་ཆེད་མ་ཡིན་ནམ།
དེང་སང་གི་ཤེས་རམས་དང་འབུམ་རམས་སློབ་མ་ཚོའི་ཁྲིད་བྱ་སྣ་མང་དང་དཔེ་ཀློག་གི་འགན་ཁུར་དེ་ཚོ་མཐོང་ཡོང་ཚེ་མཚམས་ལན་རེར་འདི་འདྲའི་སེམས་ཁྲལ་ལྷག་མ་རེའང་འབྱུང་ཡོང་གི་འདུག《理查德费曼学习法》ཟེར་བ་ཞིག་ཡོད་པ་དེར་དོན་ཚན་བཞིས་བསྟན་ཡོད། དང་པོ། སློབ་སྦྱོང་གི་ནང་དོན་འཚོལ་བ། གཉིས་པ། ནང་དོན་འདི་མི་གཞན་ཞིག་ལ་ཁྲིད་དགོས་པའི་སྟ་གོན་གྱིས་སློབ་སྦྱོང་བྱེད་པ། གསུམ་པ། སློབ་སྦྱོང་གི་གོ་རིམ་ཁྲོད་གནད་དོན་གསེད་ཅིང་སེལ་བ། བཞི་བ། ཁྲིད་གཞི་སྟབས་བདེ་ལ་ཉུང་འདུས་གོ་སླར་བཟོ་བ། ཞེས་དང་ཡང་། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་རིགས། །ཞེས་གང་མཁོ་གང་འདོད་དེ་གཙོ་བོར་ལེན་དགོས་གསུངས་བ་འདི་དག་ནི་དཔེ་ཀློག་དང་སློབ་སྦྱོང་གི་གནད་ཡིན་པར་སེམས།
༢༠༢༢ལོའི་སྤྱི་ཟླ༡༡བའི་ཚེས༦ཉིན།
འབྲེལ་ཡོད་འོས་སྦྱོར།