logo

རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-10-10 ཀློག་གྲངས།:
     ཡུལ་ལུང་སྤྱིའི་གོམས་སྲོལ་བཟང་པོ་ལ་དཔེར་བླངས་པའི་ཁྲིམས་སྟེ། སྐབས་དེའི་བོད་ཀྱི་སྤྱི་ཚོགས་དེ་ཤེས་རིག་ལྡན་པའི་ཡར་རྒྱས་ཀྱི་དུས་སྐབས་སུ་སླེབས་པའི་མཚོན་རྟགས་སུ་ཡ་རབས་ཀྱི་གོམས་སྲོལ་ཆགས་ཟིན་པ་རྣམས་ཁྲིམས་ལུགས་ཐོག་གཏན་ཁེལ་བྱས་པ་ཞིག་ཡིན། དེ་ལ་ནང་གསེས་ཀྱིས་ཕྱེ་ན་རྒྱལ་ཁྲིམས་བཅོ་ལྔ་ཡོད།
     1.ཕྱི་ཡི་དགྲ་བོ་འགོག་ཅིང་རང་གི་ཡུལ་ཁམས་བདེ་བར་སྐྱོང་བ།
     2.ཁྱིམ་གྱི་དཔལ་འབྱོར་གོང་འཕེལ་དང་འབངས་དང་འཁོར་གཡོག་ཉེ་རིང་མེད་པར་སྐྱོང་བ།
     3.ཚེ་ཕྱི་མ་ལ་ཕན་པའི་ཆེད་དུ་དམ་པའི་ལྷ་ཆོས་བྱ་བ(འདི་གསུམ་ལ་མཛད་པ་གསུམ་ཟེར)།
     4.གསང་སྔགས་ཀྱི་ཆོས་ནོར་གྱི་ཆེད་དུ་མི་བཙོང་ཞིང་སྙིང་གི་དཀྱིལ་དུ་བཅང་བ།
     5.ཆོས་ལ་དད་པ་མེད་པའི་མི་ལ་ཆོས་ཀྱི་ནང་དོན་མི་བཤད་པ།
     6.མི་ངན་རྣམས་ལ་དབང་དང་གོ་ས་མི་སྤྲོད་པ(འདི་གསུམ་ལ་མི་མཛད་པ་གསུམ་ཟེར)།
     7.དཔའ་བོ་བྱས་རྗེས་ཅན་ལ་སྟག་སྟོད་དང་སྟག་གདན་གྱི་བསྟོད་པ།
     8.མཁས་མཛངས་ཅན་གྱི་མི་ལ་ཡིག་ཚངས་ཀྱིས་བྱང་བུ་སྤྲད་ནས་བསྟོད་པ།
     9.བྱ་བ་བཟང་པོ་སྒྲུབ་མཁན་ལ་བྱ་དགའ་གསོལ་རས་ཀྱིས་བསྟོད་པ(འདི་གསུམ་ལ་བསྟོད་པ་གསུམ་ཟེར)།
     10.དམག་ས་ནས་བྲོས་པའི་སྡར་མ་ལ་ཝ་ཡི་མཇུག་མའི་ཞྭ་བསྐོན་ནས་སྨད་པ།
     11.མི་ངན་གཡོ་སྒྱུ་ཅན་ལ་ཆད་པ་བཅད་ནས་སྨད་པ།
     12.ཉེས་ཅན་གྱི་མི་ལ་ཁྲིམས་དང་ཆད་པ་བཅད་ནས་སྨད་པ(འདི་གསུམ་ལ་སྨད་པ་གསུམ་ཟེར)།
     13.རང་ཉིད་ཀྱི་ལུས་སྐྱེད་པའི་ཕ་མ་ལ་མནར་གཅོད་མི་གཏོང་བ།
     14.རང་ཉིད་ཀྱི་ཤ་ནས་ཆད་པའི་བུ་ལ་མནར་གཅོད་མི་གཏོང་བ།
     15.རང་ཉིད་ཀྱི་བཟའ་ཟླ་ལ་མནར་གཅོད་མི་གཏོང་བ(འདི་གསུམ་ལ་མི་མནར་བ་གསུམ་ཟེར)དེ་ཚོ་རེ་རེ་བཞིན་གྱི་དགོས་པ་དང་རྒྱུ་མཚན་བཅས《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་གསལ།


འབྲེལ་ཡོད་འོས་སྦྱོར།