ས་ཡོམ་གནོད་འཚེ་སྔོན་འགོག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-06-27
ཀློག་གྲངས།:
ས་ཡོམ་གནོད་འཚེ་སྔོན་འགོག
ས་ཡོམ་གྱིས་གཏོར་བརླག་ཆེན་པོ་ཐེབས་པར་བྱེད་དེ། སྐད་ཅིག་ཉིད་དུ་རི་ཉིལ་བ་དང་། ས་ཤུན་བརྗེ་བ། གྲོང་ཁྱེར་དང་ཞིང་སྡེར་གཏོར་བརླག་ཐེབས་པ། ཤི་རྨས་དང་དཔལ་འབྱོར་གྱོང་གུད་བཟོ་བར་བྱེད། ས་ཡོམ་ལ་བརྟེན་ནས་མེ་དང་ཆུའི་གནོད་འཚེ། ནད་ཡམས། རི་ཉིལ་བ། རྡོ་ཟེགས་བཞུར་བ་སོགས་བསྐྱར་བྱུང་གནོད་འཚེ་བཟོས་ཏེ། གནོད་ཁུལ་གྱི་སྤྱི་ཚོགས་འཚོ་བ་དང་བསྐྱར་འཛུགས་ལ་གནོད་པ་ཆེན་པོ་བཟོ་སྲིད། བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་ས་ཡོམ་ལ་རྐྱེན་བྱས་ཏེ་མི་ཤི་ཚད་རང་བྱུང་གནོད་འཚེ་གཞན་དག་ལས58%ཟིན། རང་རྒྱལ་གྱི་སྐམ་སའི་རྒྱུ་ཁྱོན་འཛམ་གླིང་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་ལས་བཅོ་ལྔའི་ཆ་གཅིག་མ་གཏོགས་ཟིན་མེད་ནའང་། ས་ཡོམ་བྱུང་ཚད་འཛམ་གླིང་ཡོངས་ཀྱི་སྐམ་སའི་ས་ཡོམ་བྱུང་ཚད་ཀྱི་སུམ་ཆའི་གཅིག་ཟིན་ཡོད་པ་དང་། མི་ཤི་ཚད་འཛམ་གླིང་ཡོངས་ཀྱི་མི་ཤི་ཚད་ལས་ཕྱེད་ཀ་ཟིན་ཡོད་པ་རེད།ས་ཡོམ་སྔོག་དཔག་ཡང་དག་ཅིག་བྱེད་ཐུབ་མིན་གང་ཡིན་རུང་། ས་ཡོམ་གནོད་པ་བྱུང་ན་གྲོང་ཁྱེར་དང་ཞིང་སྡེ་ལ་གྱོང་གུད་ཐེབས་ངེས། གལ་ཏེ་ས་ཡོམ་འབྱུང་བ་ཤེས་པ་དང་འགོག་སྲུང་འོས་འཚམ་ཞིག་བྱས་ན། ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཇེ་ཉུང་དུ་འགྲོ་སྲིད། ཡིན་ནའང་ཁང་བ་དང་རྨང་གཞིའི་སྒྲིག་ཆས་ཀྱིས་ས་ཡོམ་གྱི་གནོད་འཚེ་ལས་ཟློག་མི་ནུས་སོ།།
ས་ཡོམ་མ་བྱུང་སྔོན་དུ་བཏོན་པའི་གནོད་འགོག་ཐབས་ཇུས་ལ་ཁང་བ་དང་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཕྱོགས་སྤེལ་བའི་བཟོ་བཀོད་རང་བཞིན་གྱི་འགོག་ཐབས་དང་། བཟོ་བཀོད་མ་ཡིན་པའི་ཐད་ནས་སྤེལ་བའི་འགོག་ཐབས་གཉིས་ཡོད། དེ་གཉིས་ཕན་ཚུན་ཁ་གསབ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ས་ཡོམ་གནོད་འཚེ་འགོག་སྲུང་གི་ཕྱོགས་བསྡུས་ནུས་པ་གྲུབ་པ་རེད།
བཟོ་བཀོད་མ་ཡིན་པའི་འགོག་ཐབས།
བཟོ་བཀོད་མ་ཡིན་པའི་འགོག་ཐབས་ནི། གཙོ་བོར་ཡོམ་འགོག་གནོད་སེལ་སྐོར་གྱི་སློབ་གསོ་དྲིལ་སྒྲོག་དང་། ཡོམ་འགོག་གནོད་སེལ་གྱི་འཆར་གཞི་བཀོད་སྒྲིག་དང་ལག་བསྟར། དང་བླངས་མི་སྣའི་དཔུང་ཁག་སྡེབ་སྒྲིག ས་ཡོམ་ཉེན་སྲུང་། ཉེན་ཁར་གཡོལ་ས་འཛུགས་སྐྲུན་དང་གསོ་སྦྱོང་སྦྱོང་བརྡར་སོགས་འདུས། ཡོམ་འགོག་གནོད་སེལ་སྐོར་གྱི་སློབ་གསོ་དྲིལ་སྒྲོག་ནི། ཐབས་ལམ་དང་རྣམ་པ་སྣ་མང་སྤྱད་དེ། སྤྱི་ཚོགས་ལ་ཁ་གཏད་ནས་ས་ཡོམ་དང་ས་ཡོམ་གནོད་འཚེའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་ཡིན།
མིག་སྔར་རང་རྒྱལ་གྱིས་ཡོམ་འགོག་གནོད་སེལ་གྱི་དྲིལ་སྒྲོག་སློབ་གསོ་དེ་ཡོམ་འགོག་གནོད་སེལ་བྱ་བའི་གྲུབ་ཆ་ཞིག་ཏུ་བཞག་ཡོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡོམ་འགོག་གནོད་སེལ་བཅའ་ཁྲིམས》སུའང་། ཡོམ་འགོག་གནོད་སེལ་གྱི་དྲིལ་སྒྲོག་སློབ་གསོ་ལ་ཆེད་དུ་གཏན་འཁེལ་བཟོས་ཡོད་པ་ཡིན། ལོ་འདི་གར་འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭ་དང་ལས་ཁུངས། སྡེ་ཁུལ། བཟོ་གྲྭ ཁེ་ལས། སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་ལ་དྲིལ་སྒྲོག་སློབ་གསོ་མང་བོ་སྤེལ་ནས་གྲུབ་འབྲས་ལེགས་པོ་ཐོན། ད་ལྟ་རིམ་པ་སོ་སོའི་ས་ཡོམ་ལས་ཁུངས་དང་འབྲེལ་ཡོད་སྲིད་གཞུང་ལས་ཁུངས་ཀྱི་སྲིད་དོན་དྲ་ཚིགས་སུ། ཆེད་དུ་ཡོམ་འགོག་གནོད་སེལ་ཚན་རྩལ་ཁྱབ་གདལ་སློབ་གསོའི་ལེ་ཚན་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་ས་ཡོམ་ཅུས་ཆེད་དུ་ཀྲུང་གོའི་ས་ཡོམ་ཚན་རྩལ་ཁྱབ་གདལ་དྲ་བ ཞེས་པ་ཞིག་བཙུགས་ཡོད།
དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ་བརྒྱུད་ནས་སྤྱི་ཚོགས་ཁྲོད་ཀྱི་མི་ཚང་མས་ས་ཡོམ་དང་ས་ཡོམ་གནོད་འཚེར་ངོས་ཟིན་སྔར་ལས་ཇེ་མཐོར་འགྲོ་བ་དང་། རིམ་བཞིན་སྤྱི་ཚོགས་ཡོངས་གཞན་དབང་གིས་ས་ཡོམ་ལ་ཁ་གཏད་པ་ནས་རང་འགུལ་སྒོས་ས་ཡོམ་གནོད་འཚེ་འགོག་པར་བསྒྱུར་བར་མཛུབ་སྟོན་བྱེད་དགོས།
ས་འོག་གསལ་བར་ངེས་པ།
བཟོ་བཀོད་ཅན་གྱི་འགོག་ཐབས་ནི་ཁང་བ་དང་བཟོ་བཀོད་འཛུགས་སྐྲུན་ལ་དམིགས་ནས། ས་ཡོམ་གནོད་འཚེ་འགོག་སྲུང་བྱེད་ཐབས་ཤིག་ཡིན། བྱེ་བྲག་ཏུ་གོ་བདེ་བར་བཤད་ན། ས་འོག་ཤེས་གསལ་ཡོང་བ་དང་ས་སྟེང་བརྟན་པོར་བྱེད་པ་ཞེས་པའི་དོན་ཡིན།
ས་འོག་ཤེས་གསལ་ཡོང་བ་ཞེས་པ་ནི་ས་ཡོམ་གནོད་འཚེ་འགོག་པའི་རྨང་གཞིའི་བྱ་བ་ལ་གོ བྲག་རྡོའི་སྒྲིག་གཞི་དང་གས་སྲུབས་ཁྱབ་ཚུལ། གས་རིམ་གྱི་འགུལ་སྟངས་བཅས་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས། ས་འོག་གི་སྒྲིག་གཞི་གསལ་བོར་ངེས་སུ་འཇུག་པ་དང་། ས་ཡོམ་གྱི་གནོད་འཚེ་ཐེབས་ཚད་ཞིབ་བཤེར་བྱེད་པ། གྲོང་ཁྱེར་དང་ཞིང་སྡེ་འཆར་བཀོད་དང་བཟོ་བཀོད་འཛུགས་སྐྲུན་ལ་གཞི་འཛིན་ས་ཡོད་པར་བྱེད་དགོས། ས་ཡོམ་གྱི་ས་གཤིས་རིག་པའི་ངོས་འཛིན་ལྟར་ན། ལོ་རྒྱུས་སྟེང་ས་ཡོམ་བྱུང་མྱོང་བའི་ས་ཆར་ཡང་བསྐྱར་ས་ཡོམ་འབྱུང་བའི་ཉེན་ཁ་ཆེ་བ་དང་། ས་ཡོམ་བྱུང་མྱོང་བའི་ས་གཤིས་སྒྲིག་གཞི་མཚུངས་པའི་ས་ཆ་ལའང་ས་ཡོམ་འབྱུང་ཉེན་ཆེ་བ་ཡིན། རྒྱལ་ཡོངས་ཀྱི་སྐམ་ས་ལ་དམིགས་ནས་ལོ་རྒྱུས་ཁྲོད་ཀྱི་ས་ཡོམ་རྒྱུ་ཆ་དང་ཕྱི་ཡུལ་བརྟག་དཔྱད་མཇུག་འབྲས་བསྡུ་སྒྲིག་བྱེད་པ་དང་། ས་ཡོམ་བཟོ་སྐྲུན་རིག་པ་དང་ས་ཡོམ་ས་གཤིས་རིག་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་གཞུང་ལུགས་དང་ཐབས་ལམ་བེད་སྤྱོད་པ་བཅས་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ་ཐོབ་པའི་དུས་རིང་བོར་ས་ཡོམ་གནོད་ཚད་ལྟར་དུ། དཔེར་ན་གནས་ག་གེ་མོའི་ཉེན་ཁ་ལྟར་དུ་ས་ཆའི་རིམ་པར་རིགས་དགར་ཏེ་ས་ཁྲའི་སྟེང་བྲི་བ་རེད། དེ་ལ་ས་ཡོམ་རིགས་དགར་ཁུལ་གྱི་ས་ཁྲ་ཞེས་ཟེར། སྤྱིར་བཏང་གི་བཟོ་ལས་དང་དམངས་སྤྱོད་བཟོ་སྐྲུན་བཟོ་གྲྭ་བཅས་ལ། ས་ཡོམ་རིགས་དགར་ཁུལ་གྱི་ས་ཁྲས་མཚོན་པའི་གྲངས་ཀ་ལྟར་དུ་ཡོམ་འགོག་འཆར་བཀོད་དང་ལག་བསྟར་བྱེད་ཆོག
དུས་བཅད་ས་ཡོམ་དགར་ཁུལ་རི་མོར་བསྒྲིགས་པ་ནི། ས་ཡོམ་འཆར་འགོད་རིགས་པའི་ཞིབ་འཇུག་གྲུབ་འབྲས་གསར་བ་དེ་ཉིད་ས་ཡོམ་གནོད་སྐྱོན་འགོག་ཐབས་ཀྱི་ཇུས་འགོད་ཁྲོད་སྤྱད་པ་ཡིན་ཞིང་། དེས་འཆར་འགོད་ཡོམ་འགོག་ཇུས་འགོད་ལས་ས་ཡོམ་ཉེན་ཁའི་ཆུ་ཚད་སྙོམས་སྒྲིག་དང་ཡོམ་འགོག་ཉེན་སྲུང་བླང་བྱའི་འགྱུར་བ་དུས་ཐོག་ཏུ་མཚོན་པ་ཡིན།
ས་འོག་ལ་རྒྱུས་ལོན་གསལ་བོ་བྱེད་པ་ཞེས་པའི་ལས་གཞན་ཞིག་ནི་ས་ཡོམ་གྱི་འགུལ་སྐྱོད་དུམ་ཆད་ལ་ལྟ་ཞིབ་བྱ་རྒྱུ་དེ་ཡིན།
ས་ཡོམ་གྱི་དུམ་ཆད་འགུལ་སྐྱོད་ལྟ་ཞིབ་ལ་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་ཀྱི་ས་ཁོངས་བེད་སྤྱོད་དང་། གྲོང་སྡེའི་འཆར་འགོད་འཛུགས་སྐྲུན། བཟོ་སྐྲུན་གནས་འདེམ་སོགས་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན། མིག་སྔར། རང་རྒྱལ་གྱི་ལྟེ་གནས་གྲོང་ཁྱེར་སོ་སོ་དང་། གྲོང་ཁྱེར་ཆེ་འབྲིང་གཙོ་བོ་རྣམས་ཀྱིས་ས་ཡོམ་དུམ་ཆད་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་བཞིན་མཆིས་ལ། ཤེས་རྟོགས་བྱུང་བའི་ས་ཡོམ་འགུལ་སྐྱོད་དུམ་ཆད་རྣམས་ལ། བཟོ་སྐྲུན་འཛུགས་གནས་འདེམ་སྐབས་འོས་འཚམ་གྱིས་གཡོལ་གཟུར་བྱས་ཏེ། གྲོང་ཁྱེར་འཆར་འགོད་བྱེད་དུས། ས་གནས་སོ་སོའི་ས་གཞི་བཀོལ་སྤྱོད་བཟང་བོ་བྱེད་ཐུབ་པ་དང་། གྲོང་ཁྱེར་ཁག་ཅིག་གིས་འགུལ་སྐྱོད་དུམ་ཆད་ཅན་གྱི་ས་ཁུལ་རྣམས་གྲོང་ཁྱེར་གྱི་ནགས་ཚལ་དང་སྤྱི་གླིང་དུ་བེད་སྤྱོད་བྱས་ཡོད།
ས་ཐོག་བརྟན་པོར་གཏོང་བ།
ས་ཐོག་བརྟན་པོར་གཏོང་བ་ཞེས་པ་ནི་ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་ཇེ་ཆུང་དུ་གཏོང་བའི་གནད་འགག་གལ་ཆེན་ཞིག་ཡིན། གོ་བདེ་བར་བཤད་ན། ཁང་བ་བརྟན་པོ་ཞིག་གསར་བཞེངས་དང་། ཟམ་པའམ་ཆུ་མཛོད་སོགས་འཛུགས་སྐྲུན་བཟོ་བཀོད་ཇེ་བརྟན་དུ་བཏང་སྟེ། ས་ཡོམ་འབྱུང་དུས་གཏོར་བརླག་ཆེན་པོ་བཟོ་མི་ཐུབ་པ་དང་གནོད་འཚེ་ཇེ་ཉུང་དུ་གཏོང་དགོས་པ་ཡིན། བཟོ་བཀོད་འཛུགས་སྐྲུན་གྱིས་ས་ཡོམ་གྱི་གཏོར་བརླག་སྔོན་འགོག་བྱེད་ཐུབ་པའི་ནུས་པ་དང་བཟོ་བཀོད་གནས་འདེམ། ས་ཡོམ་གནོད་འཚེ་འགོག་ཐབས་ཀྱི་ཇུས་འགོད། བཟོ་ལས་ཀྱི་སྤུས་ཚད་བཅས་ལ་ཕན་ཚུན་དམ་པོར་འབྲེལ་ཡོད། ནན་གྱིས་བརྗོད་དགོས་པ་ཞིག་ནི། ས་འོག་གསལ་བར་ངེས་པ་ནི་ས་ཐོག་བརྟན་པོར་གཏོང་བའི་རྨང་གཞི་ཡིན། རང་ས་གནས་ཀྱི་ས་ཡོམ་གྱི་ཉེན་ཁ་ལ་རྒྱུས་ལོན་གསལ་བོར་བྱས་རྗེས། ད་གཟོད་དམིགས་གཏད་ཡོད་པའི་སྒོ་ནས་བཟོ་བཀོད་འཛུགས་སྐྲུན་གྱི་ས་ཡོམ་གནོད་འཚེ་འགོག་ཐབས་ཀྱི་ཇུས་འགོད་ལག་བསྟར་བྱེད་ཐུབ། དཔལ་འབྱོར་འོས་འཚམ་དང་ཚན་རིག་ནུས་ལྡན་གྱི་རྩ་དོན་སྟེང་། སྡོད་ཁང་དང་འཛུགས་སྐྲུན་བཟོ་བཀོད་གཞན་དག་སོ་སོས་ས་ཡོམ་གྱི་གཏོར་བརླག་སྔོན་འགོག་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས།
ཁ་དཔེ་ལ། ས་ཡོམ་བརྒྱུགས་ནས་མི་མ་བསད། ཁང་བ་བརྡིབས་ནས་བསད་པ་རེད། ཅེས་པ་ལྟར། ཁྱིམ་ཚང་ལ་མཚོན་ནའང་འགོག་སྲུང་བྱས་མ་བྱས་དང་འགོག་སྲུང་བྱས་པ་བཟང་མི་བཟང་ནི་མི་འདྲ་སྟེ། རྒྱལ་ཁབ་ཕྱི་ནང་གི་ས་ཡོམ་དངོས་ལས་ར་སྤྲོད་བྱེད་ཐུབ་པ་ནི། གཏན་འཁེལ་གྱི་བླང་བྱ་ལྟར་ས་ཡོམ་གནོད་སྐྱོན་འགོག་ཐབས་ལ་ཇུས་འགོད་དང་ལས་བཟོ་བྱས་པའི་སྡོད་ཁང་གིས་ས་ཡོམ་གྱི་གནོད་པ་ནུས་ལྡན་སྒོས་འགོག་ཐུབ་པ་ཡིན།
འབྲེལ་ཡོད་འོས་སྦྱོར།