སློབ་གསོའི་རྩ་འཛུགས་ལས་རིག་གནས་ཀྱི་འདུ་ཤེས་ཞན་པའི་སྐོར་གྱི་ལབ་བརྡོལ།
བསེ་ཀུན་དོང་།
སློབ་གསོ་ནི་མིའི་རིགས་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་ཞིག་གམ། སྤྱི་ཚོགས་འཕེལ་རྒྱས་སུ་བསྙེག་པའི་བགྲོད་ལམ་ཉག་ཅིག་ཏུ་རློམ་བཞིན་ཡོད་ལ། སློབ་གསོ་དར་བའི་མི་རིགས་ནི་རིག་གནས་དར་བའི་མི་རིགས་ཏེ། འཛམ་གླིང་གི་མིག་དཔེར་འོས་པའི་མི་རིགས་ཤིག་ཡིན། ང་ཚོར་དར་པའི་རིག་གནས་ཀྱིས་ཀྱང་འཛམ་གླིང་མི་དམངས་ལ་འགྲམ་མཆུ་ལྡང་དུ་བཅུག་ཅིང་ཁྱིམ་མཚེས་མི་རིགས་ལ་ངོམ་དུ་རིན། ཡིན་ནའང། ད་ལྟ་སྒྲིག་འཛུགས་ཀྱིས་བསྐྱངས་པའི་རྗེས་རབས་པ་དག་ནི་འཕྲུལ་ཆས་གཅིག་གི་སོ་བར་ལས་ཐོན་པ་ཇི་བཞིན་གསར་གཏོད་དང་མདུན་སྐྱོད་ཀྱི་སྤོབས་པ་མེད་པའི་གསར་བུ་རྐྱལ་སྟོང་རྐྱང་རྐྱང་ལས་མ་འདས། བདག་གི་ཉམས་མྱོང་ལྟར་ན་འདི་ནི་ང་ཚོ་ལ་སློབ་གསོའི་རྩ་འཛུགས་ལས་རིག་གནས་ཀྱི་འདུ་ཤེས་ཞན་པར་རག་ལས་པར་འདོད་དེ། མི་ཞིག་འཚར་ལོངས་བྱུང་བའི་གོ་རིམ་དུ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་ལ་ཁ་འབྲལ་ཐབས་མེད་ལ། བོད་རང་ལ་མཚོན་ན་དགོན་སྡེ་སློབ་གསོས་ཀྱང་བོད་ཀྱི་སློབ་གསོའི་གོ་གནས་གལ་ཆེན་ཟིན་ཡོད་པ་རེད། དེས་ན་འདིར་བདག་གིས་སློབ་གསོའི་བརྒྱུད་རིམ་རེ་རེར་རྩ་འཛུགས་ཀྱིས་བཀང་ཀྱང་དེས་ལད་མོ་དང་རྣམ་པ། ཁྲལ་སེལ་གྱི་ནུས་པ་ཙམ་ལས་རང་རང་གི་དོན་སྙིང་བོར་འདུག་པའི་སྐོར་ལ་དབྱེ་ཞིབ་ཞིག་བྱས་ན་འདི་ལྟ་སྟེ།
དང་པོ། ཁྱིམ་ཚང་སློབ་གསོ།
རྒྱལ་ཁབ་ལ་རྒྱལ་ཁྲིམས་དང་ཁྱིམ་ལ་ཁྱིམ་སྲོལ་ཡོད་པ་ཅི་སྨོས། ཡིན་ནའང་། མི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་མི་རིགས་ཀྱི་རིན་ཐང་ལྟ་བ་མི་འདྲ་བར་ཁྱིམ་སྲོལ་ཡང་མི་འདྲ་བ་རེ་ཆགས་ཡོད། ང་ཚོའི་བོད་ལ་མཚོན་ན་ནང་བསྟན་རིག་གནས་ཀྱིས་སྙིང་བོ་བྱས་པ་ཡིན་པས། མི་གཞིའི་ཀུན་སྤྱོད་སྐྱོངས་ཚུལ་ལེགས་པོ་རེ་ཡོད་ཀྱང་། ད་ལྟ་དུས་རབས་ཀྱིས་ཤན་ཞུགས་ཏེ་ཡོད་ཚད་སྟབས་བདེར་བསྙེག་པའི་རྐྱེན་གྱིས་གོམས་སྲོལ་ཆ་མི་ཚང་བ་དང་སྟབས་བདེའི་བརྒྱུད་རིམ་བརྒྱུད་པའི་ཐབས་ལ་འབད་པ་ལས་དེ་ལྟར་བྱེད་དགོས་པའི་དོན་སྙིང་ལ་བསམ་གཞིག་གཏོང་མཁན་ཧ་ཅང་ཉུང་། ང་ཚོས་བྱ་བ་གང་དང་གང་ཞིག་སྒྲུབ་ཀྱང་དེས་སྤྱོད་སྒོ་དང་ཕན་ནུས་ལ་བསམ་གཞིག་མི་བྱེད་པ་ཞིག་ཡོད་མི་སྲིད་ཀྱང་། ཁྱིམ་སྲོལ་འདི་ལ་དོན་སྙིང་ག་འདྲ་ཡོད་པའི་ཕྱོགས་ལ་འདང་མི་རྒྱག་པར་འདི་ནི་སྒྲིག་ལམ་མམ་གོ་རིམ་ཞིག་ཏུ་བརྩིས་ཏེ། དེ་ལ་གཞའ་ཅི་ཐབས་དང་ཁྲལ་སེལ་སླ་བཅོས་སུ་འབད་པ་རེད། དེའི་དབང་གིས་ཁྱིམ་ཚང་གི་སློབ་གསོ་ལ་ཕམ་ཁ་བྱུང་སྟེ། ཕ་མ་ལས་བུ་ཕྲུག་བཙན་ཞིང་རིག་གནས་ཀྱི་འདུ་ཤེས་ཞན་པའི་སྐྱག་ཕྲུག་མང་དུ་ཕྱིན་པར་འདོད།
གཉིས་པ། སློབ་གྲྭའི་སློབ་གསོ།
ལས་ཁུངས་གང་དང་གང་ཞིག་ཡིན་ཡང་དེ་རང་ལ་འཚམ་པའི་སྒྲིག་སྲོལ་རེ་ཡོད་ལ། སྒྲིག་སྲོལ་རེ་རེར་རང་རང་ལ་ལྡན་པའི་དོན་སྙིང་རེ་ཡོད་པ་སྨོས་ཅི་དགོས། དེ་དང་འདྲ་བར་སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་དང་སློབ་མ། སློབ་གྲྭའི་དངོས་ཟོག་ལ་དོ་དམ་བྱེད་པའི་སྒྲིག་འཛུགས་རེ་ཡོད། སྒྲིག་སྲོལ་དེ་དག་ནི་སློབ་གསོ་འཕེལ་རྒྱས་འགྲོ་བའི་ཆེད་དུ་བཙུགས་པ་ཤ་སྟག་ཡིན་ཡང་། དགོས་མཁོ་ཉུང་བའི་སྒྲིག་སྲོལ་གྱི་རྣམ་གྲངས་མང་བའི་རྐྱེན་གྱིས་དགེ་སློབ་གཉིས་ལ་སུན་སྣང་བཟོས་ཡོད་སྟབས། དགེ་སློབ་གཉིས་ཀྱིས་སློབ་གྲྭའི་སྒྲིག་སྲོལ་ཡོད་ཚད་ནི་བདེ་འཇགས་སྲུང་བའི་དགོས་མེད་ཀྱི་ཁུར་བོ་ལྕི་མོ་ཞིག་ལས་རིག་གནས་འབྱོར་བའི་གྲོགས་སུ་འཆར་བར་མ་མཐོང་ཞིང་། སློབ་གྲྭའི་མགོ་བར་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཆེ་རབས་བཤད་དེ། སྒྲིག་སྲོལ་གལ་འགངས་ཆེ་ཆུང་གང་ཡོད་ཚང་མ་རྣམ་པ་ཙམ་དང་མིང་ཡོད་དོན་མེད་ཀྱི་ལས་ལྷག་ཅིག་ཏུ་གོ་ནས་ཡོད་ལ། དེ་མིན་སློབ་གྲྭ་ཕལ་མོ་ཆེ་ནི་ཕྱི་རྫིག་ནང་སྟོང་གི་བདེ་འཇགས་དོན་དུ་གཉེར་བའི་བུ་གཉོར་ཁང་ལྷག་མར་གྱུར་འདུག་པ་མིག་མཐོང་ལག་ཟིན་རེད། དེ་བས་བདག་གིས་སློབ་གྲྭའི་སློབ་གསོ་ལའང་སྒྲིག་སྲོལ་ཀྱི་འདུ་ཤེས་ལས་རིག་གནས་ཀྱི་འདུ་ཤེས་ཞན་པའི་སྐྱོན་འབབ་པར་འདོད།
གསུམ་པ། སྤྱི་ཚོགས་སློབ་གསོ།
བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།། དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་མི་ལ་བདེ་སྐྱིད་ལྡན་པའི་ཕྱིར་དུ་སྤྱི་ཚོགས་གང་དང་གང་ཞིག་ཡིན་ཡང་།རང་ལ་འཚམ་པའི་སྤྱི་ཚོགས་སྒྲིག་སྲོལ་རེ་ཡོད་པ་ཀུན་གསལ་ལྟར་རེད། དེ་མིན་སྒྲིག་སྲོལ་དེ་དག་ལ་རང་རང་གི་དོན་སྙིང་རེ་ལྡན་པར་མ་ཟད་བྱེད་ནུས་ཁྱད་པར་རེའང་ཡོད་པ་རེད། ང་ཚོས་སྒྲིག་སྲོལ་འདི་དག་ལ་ངོས་འཛིན་ཡང་དག་གི་འདུ་ཤེས་མེད་པ་ནི། དཔེར་ན། ང་ཚོ་ཀྲུང་གོ་བས་རང་གི་ཉེས་སྐྱོན་གང་ཡང་མ་བྱས་ཀྱང་སྤྱི་བདེ་མི་སྣ་མཐོང་ན་སྐྲག་སྣང་དང་འཚེར་སྣང་སྣ་ཚོགས་སྐྱེས་སྲིད་པ་དང་ཕྱིའི་རྒྱལ་ཁབ་ནས་སྤྱི་བདེ་མི་སྣ་མཐོང་ན་རང་ཉིད་ལ་དབང་མེད་དུ་བདེ་འཇགས་ཀྱི་ཚོར་བ་ཞིག་སྟེར་ངེས་པར་བཤད་པ་ལྟ་བུས་ཡང་ང་ཚོའི་སྤྱི་ཚོགས་སྒྲིག་སྲོལ་ལ་ཡང་དག་པའི་ངོས་འཛིན་གྱི་འདུ་ཤེས་ཞན་པ་རྟོགས་ཐུབ།
བཞི་པ། དགོན་སྡེ་སློབ་གསོ།
ང་ཚོ་མགོ་ནག་བོད་ཀྱི་འདུ་ཤེས་ཀྱི་དྭངས་མ་རིག་གནས་ཀྱི་ཉིང་བཅུད་འཛིན་ས་དགོན་སྡེ་སློབ་གསོ་ཡིན་ཡང་། དཔལ་འབྱོར་ལྟེ་བ་འཛིན་ཅིང་སྟབས་བདེ་ལ་བསྙེག་པའི་དུས་རབས་ཀྱི་ཤན་ཞུགས་ཏེ། ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་གང་མང་སྟབས་བདེར་ཕྱོགས་ཤིང་རྫས་ཡོད་ཚད་ཀྱི་ཚབ་ལད་མོ་བྱས་ཏེ་ནང་དོན་ཇི་བཞིན་དུ་མཚོན་ཐུབ་ཀྱི་མེད་པས་སྔགས་ཀྱི་མཐུ་ཡལ་ཞིང་མདོ་ཡི་རིགས་པ་ལོག་པས། ནང་བསྟན་རིག་གནས་ཀྱི་གཟི་འོད་རང་ལག་ནས་ཡལ་བ་འདི་ནི། ང་ཚོར་ནང་བསྟན་རིག་གནས་ཀྱི་གོམས་སྲོལ་ལས་ནང་བསྟན་རིག་གནས་ཀྱི་འདུ་ཤེས་ཞན་པས་ཡིན་པར་འདོད།
མདོར་ན། ད་ལྟ་ང་ཚོའི་བོད་ཀྱི་སློབ་གསོའི་ཕམ་ཁ་ཆེན་པོ་ནི་ང་ཚོར་སློབ་གསོའི་རྩ་འཛུགས་ཀྱི་འདུ་ཤེས་ལས་རིག་གནས་ཀྱི་འདུ་ཤེས་ཞན་པས་ལན་པར་འདོད། དེ་བས་ང་ཚོར་ཡང་དག་པའི་སློབ་གསོའི་འདུ་ཤེས་ཡག་པོ་ཞིག་ཆགས་སུ་འཇུག་པའི་རེ་བ་སྙིང་ནས་ཡོད།
ཕྱི་ལོ༢༠༡༤ལོའི་ཟླ༩པའི་ཚེས༢-༤ཉིན་ལེགས་པར་གྲུབ།
རྩོམ་པ་པོ་ནི་མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།