logo

དགེ་སློང་དང་བྱིའུ་ཆུང་གི་གཏམ་རྒྱུད་ངོ་མཚར་དགའ་སྟོན་བྱ་བ་བཞུགས་སོ། །

རྩོམ་པ་པོ།:ཞོགས་དབྱངས་ཅན་སྲས་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-04 ཀློག་གྲངས།:
གནས་མཛེས་སྡུག་སུམ་རྩེན་འདྲ་བའི་ཞིང་། །
ངར་གནོད་འཚེའི་སྒྲ་ཡི་སྐལ་མེད་པའི། །
བདེ་ཞི་ལྷོད་ཕྱུག་པའི་དབེན་གནས་ལ། །
སེམས་རྣལ་དུ་སྤྱོད་པའི་དགེ་སློང་ཞིག །
གནས་དེ་གར་སྒོམ་བཞིན་བཞུགས་པ་ལ། །
དུས་ཡུན་རིང་དེ་གར་འཚོ་གྱུར་པའི། །
བྱ་བྱིའུ་ཆུང་དབྱངས་སྙན་ཞེས་བྱ་ཡོད། །
དེ་ཉིན་ཞིག་ལ་རྩེར་འཕུར་བའི་སྐབས། །
རྩྭ་རྩི་ཤིང་གིས་སྒྲིབ་བྲག་ཕུག་ལ། །
ཚུལ་དགེ་སློང་ཆ་བྱད་འཛིན་པ་ཞིག །
གནས་དེ་གར་བཞུགས་པ་མཐོང་བས་ན། །
དེས་ཡ་མཚན་དང་བཅས་དགེ་སློང་ལ། །
གསུང་འདི་ལྟར་འདྲི་བའི་མེ་ཏོག་གཏོར། །
བྱིའུ་ཆུང་དབྱངས་སྙན་གྱིས།
ངོ་མཚར་ས་དཔྱད་ལེགས་པའི་དབེན་གནས་འདིར། །
རྒྱབ་རི་དུང་དཀར་འཁྱིལ་འདྲའི་ལྷུན་ཆགས་ཤིང་། །
མདུན་ངོས་ནེའུ་གསིང་གཡུ་ཡི་མནྜལ་བཞིན། །
བདག་མེད་རི་དྭགས་དགའ་བར་རྩེན་སའི་གནས། །
བྱ་དང་བྱིའུའི་གླུ་དབྱངས་སྙན་ཞིང་འཇེབས། །
རིན་ཆེན་སྨན་རྩྭའི་དྲི་བསུང་ལེགས་འཐུལ་བའི། །
ན་བུན་འཁྲིགས་བཞིན་བསིལ་རླུང་ལྡང་བའི་ཚལ། །
དཔལ་ཡོན་སྟོང་གིས་བརྒྱན་པའི་ས་འདི་རུ། །
དགེ་སློང་འདི་གར་ཕེབས་པའི་འདུན་པ་ཅི། །
ཞེས་དྲིས་པར། དགེ་སློང་ཚུལ་ཁྲིམས་ཀྱིས།
རྗེ་བཙུན་བླ་མ་དམ་པར་ཕྱག་འཚལ་ལོ། །
དབྱངས་ཀྱི་འགྱུར་ཁུག་ལེན་ལ་སྤྲོ་གྱུར་བའི། །
བྱིའུ་ཆུང་རྣ་བ་མ་གཡེངས་བདག་ལ་གསོན། །
ཁྱོད་ཀྱིས་དྲིས་པའི་གནས་དེ་མཛེས་ཤིང་བཟང་། །
དེས་ན་ཁོ་བོས་མདོར་བསྡུས་ལེན་འདེབས་བྱ། །
དབེན་གནས་ས་ཡི་དཔལ་མོ་ཞེས་བྱ་འདིར། །
ཁོ་བོ་བསླེབས་ནས་དུས་ཚོད་འགའ་ཡང་གདའ། །
འདི་འདྲའི་དབེན་གནས་སྤྱོད་པའི་དགོས་དོན་ནི། །
དལ་འབྱོར་སྙིང་པོ་ལེན་ཕྱིར་འདིར་ཡོངས་ཡིན། །
སེམས་པ་རྣལ་དུ་ཕབ་ཕྱིར་ས་འདིར་ཡོངས། །
བླ་མའི་གདམས་ངག་གཙུག་ནོར་བྱས་ནས་ཡོངས། །
འདུ་འཛིའི་དཔལ་ལ་ཆགས་དོགས་འདི་ལ་ཡོངས། །
དམ་ཆོས་སྙིང་པོ་ལེན་ཕྱིར་འདི་ལ་ཡོངས། །
འཁོར་བ་མེ་ཕུང་འཁྲིགས་པའི་བཙན་ས་ལ། །
ལྟར་སྣང་བདེ་བར་ཆགས་ན་བསམ་གྱུར་ནས། །
འཇིག་རྟེན་ཆོས་བརྒྱད་སྤང་ཕྱིར་དབེན་གནས་བསྡད། །
རྙེད་བཀུར་བདུད་ལ་ཆགས་དོགས་ཕུག་ཏུ་ཡིབ། །
ཐོས་བསམ་བྱས་པའི་གནས་ལ་སྒོམ་དུ་ཡོངས། །
ལོ་ན་ཆུང་དུས་གཞུང་ཀུན་སྦྱངས་པ་བྱས། །
བར་དུ་བསམ་པས་སྒྲོ་འདོགས་བཅད་བྱས་ན། །
མཐའ་མར་དུས་ཀུན་ཉམས་ལེན་ལ་སྤྱོད་ཕྱིར། །
དགེ་སློང་ངེས་མེད་དབེན་གནས་སྤྱོད་དུ་ཡོངས། །
ཞེས་གསུངས་པར་བྱིའུ་ཆུང་དབྱངས་སྙན་ཡ་མཚན་རབ་ཏུ་སྐྱེས་ནས་སླར་ཡང་ཚིག་གི་ཞུ་བ་འདི་ལྟར་འཕུལ།
དལ་འབྱོར་སྙིང་པོ་ལེན་པའི་དགོས་པ་ཅི། །
སེམས་པ་རྣལ་དུ་ཕབ་དགོས་རྒྱུ་མཚན་གང་། །
བླ་མའི་གདམས་ངག་གཙུག་ནོར་བྱེད་དགོས་ཅི། །
འདུ་འཛིའི་དཔལ་ལ་ཆགས་ན་སྐྱོན་གང་ལྡན། །
ལ་སོགས་ཚིག་དོན་འདྲི་བ་དབྱངས་སུ་འགུག །
དེ་ཡི་ཚེ་ན་དགེ་སློང་ཚུལ་ཁྲིམས་ཀྱིས། །
བྱིའུ་ཆུང་དབྱངས་སྙན་ཞེས་བྱར་ལེན་འདི་འདེབས། །
ཁོང་གིས་ཞལ་འཛུམ་པ་རེ་མཛད་གྱུར་ནས། །
བྱིའུ་ཆུང་བློ་གྲོས་རྟས་པ་ངོ་མཚར་རོ། །
ཆོས་ལ་ཡ་མཚན་སྐྱེས་པ་བློ་རྣོན་མངོན། །
ཡ་མཚན་འཁྲུལ་གཞི་འཚོལ་བ་རང་བཞིན་བཟང་། །
དམ་ཆོས་སྦྱོང་པའི་དགོས་པ་འདིར་བསྟན་བྱ། །
ཞེས་གསུངས་ནས་ཐད་མོ་སྙིང་གར་སྦྱར་ནས་ཚིགས་སུ་བཅད་པ་འདི་ལྟར་གསུངས་སོ། །
མཚུངས་མེད་བླ་མ་དམ་པར་ཕྱག་འཚལ་ལོ། །
བུ་སློབ་བདག་ལ་བྱིན་རླབས་སྩོལ་གྱུར་ཅིག །
འདི་ལ་བྱིའུ་ཆུང་གིས་དྲིས་དོགས་པ་ལ། །
ལམ་སྟོན་བསལ་བར་སྟོན་པའི་བྱིན་རླབས་ཕོབས། །
དེ་ནས་ཁོང་གིས་བྱིའུ་ཆུང་ལ་ཁྱོད་ཀྱི་རྣ་བ་བདག་ལ་གཡེང་བ་མེད་པ་གཏོད་ཅིག ། ཞེས་གསུངས་ནས་སླར་ཡང་འདི་ལྟར་གསུངས།
དལ་བའི་རྟེན་བཟང་ཐོབ་དུས་ལྟར་སྣང་གི །
བདེ་བར་ཆགས་པས་སྲིད་འབྱོར་དཔལ་ལ་གཡེངས། །
ནམ་ཞིག་འཆི་བདག་བདུད་ཀྱིས་ཟིན་པའི་ཚེ། །
འགྱོད་པས་མི་ཕན་དེས་ན་སྙིང་པོ་ལེན། །
གལ་ཏེ་འཆི་བར་འཇིགས་པ་མེད་དོགས་ན། །
འབྱུང་བ་འཁྲུགས་པའི་འཇིགས་པ་སྐྱེས་དང་གཅིག །
ཉེ་དུ་འབྲལ་བའི་སྐྱོ་བས་བརླན་དང་གཉིས། །
འདོད་པའི་ནོར་རྣམས་དབང་མེད་ཤོར་དང་གསུམ། །
དེ་གསུམ་འཆི་བའི་འཇིགས་པ་རགས་པ་ཙམ། །
མགོན་མེད་འཁྱམས་པོར་ལུས་པའི་འཇིགས་དང་གཅིག །
བར་དོའི་འཕྲང་ལ་སྡུག་བསྔལ་ཀྱིས་མནར་གཉིས། །
སྔར་བསགས་སྡིག་པའི་འཁྲུལ་གྱིས་མནར་དང་གསུམ། །
དེ་གསུམ་འཆི་བའི་འཇིགས་པ་རགས་པ་ཙམ། །
ནམ་འཆི་ངེས་པ་མེད་པའི་འཆི་བདག་དེ། །
སླེབ་ན་ཆོས་ལས་གཞན་གྱིས་མི་ཕན་ནོ། །
སྒྱུ་ལུས་མཛེས་ཀྱང་འདི་གར་ཞོག་རྒྱུ་རེད། །
སྤུན་མཆེད་མང་ཡང་ཡོངས་དང་འབྲལ་དགོས་སོ། །
འཆི་བདག་བདུད་ལ་གཡོལ་བའི་ཐབས་ནི་མེད། །
རྒྱུ་ཡིས་བསླུ་ཐབས་མེད་པ་ཆོས་ཉིད་དངོས། །
བྲན་གྱིས་བསླུ་བའི་ཐབས་ནི་སུ་ལ་ལྡན། །
གང་དུ་བྲོས་ཀྱང་ཐར་ས་མེད་པར་ངེས། །
དེས་ན་འཆི་རྒྱུ་ཡིན་པ་ཐག་གིས་ཆོད། །
འཆི་ཚེ་དགའ་ཉེས་མི་ཕན་དེ་དག་ཀྱང་། །
རང་དང་འདྲ་བར་འཆི་སའི་བཙན་སར་འགྲོ། །
སྒྱུ་ལུས་མཛེས་ཀྱང་འཆི་ཚེ་ཕུང་པོ་ཙམ། །
འབྱོར་བས་ཕྱུག་ཀྱང་དེ་དག་གཞག་ནས་འགྲོ། །
སྟོབས་ཀྱིས་མི་ཕན་བྲོས་ས་གང་ནའང་མེད། །
དེས་ན་འཆི་ཚེ་ཕན་པའི་ཆོས་གང་ཡོད། །
ཅེས་དྲིས་ལན་ནི་འདི་ལྟར་འདེབས་པར་ངེས། །
དམ་ཆོས་ལས་གཞན་གང་གིས་མགོན་མི་ནུས། །
དེས་ན་ཁོ་བོ་དབེན་གནས་ཡོངས་པ་ཡིན། །
ཞེས་གསུངས་ནས། སླར་ཡང་།
བློ་གྲོས་ལྡན་པའི་བྱིའུ་ཆུང་ཡིད་མི་གཡེངས། །
སེམས་པ་རྣལ་དུ་ཕབ་པའི་དགོས་པ་ནི། །
འདུ་འཛིའི་འཁྲུལ་གྱིས་སེམས་པ་གཡོ་རུ་འཇུག །
སེམས་པ་གཡོ་ན་དམ་ཆོས་བྱེད་མི་ཐུབ། །
དམ་ཆོས་མེད་ན་སྐྱབས་དང་མགོན་ནི་མེད། །
དེ་གཉིས་མེད་ན་འཆི་གནས་འགྲིམ་པའི་ཚེ། །
བཟོད་མེད་སྡུལ་བསྔལ་གྱིས་མནར་བ་དང་གཅིག །
ངན་འགྲོར་སྐྱེས་ན་སྡུག་བསྔལ་རི་རབ་བཞིན། །
དུས་དྲུག་སྡུག་བསྔལ་ནང་ནས་ཐར་ཐབས་མེད། །
གལ་ཏེ་ལས་ཀྱིས་དམྱལ་བར་སྐྱེས་གྱུར་ཚེ། །
ཚ་གྲང་སྡུག་བསྔལ་བཟོད་མེད་མྱོང་དང་གཉིས། །
མནར་མེད་ལ་སོགས་སྡུག་བསྔལ་རབ་ཆེ་བའི། །
དམྱམ་ཁམས་མིང་ཙམ་གོ་བས་འཇིགས་སྲིད་ན། །
དངོས་སུ་སྐྱེས་ན་གཞན་ལྟ་སྨོས་ཅི་དགོས། །
གྲང་དམྱལ་ལ་སོགས་སྡུག་བསྔལ་གྱིས་མནར་བའི། །
མགོན་མེད་སེམས་ཅན་དེ་རྣམས་སྙིང་རེ་རྗེ། །
སྡིག་ལས་དབང་གིས་ཡི་དྭགས་ལ་སྐྱེས་ན། །
ཕྱི་ནང་སྒྲིབ་པས་མནར་བའི་དུས་ཀྱི་ཚེ། །
སྐྱབས་ནི་སུ་ལ་བཅོལ་དགོས་ཡིད་ནི་སྐྱོ། །
ཟས་སྐོམ་གདུང་བས་མནར་ལ་ག་ནས་བཟོད། །
མེ་ལྕེའི་འཁོར་ལོ་ལ་སོགས་ག་ནས་བཟོད། །
མགོན་མེད་དེ་དག་སྡུག་བསྔལ་ཆེན་པོ་ལས། །
ཐར་ནས་ཐར་པའི་གླིང་ལ་སྐྱེས་པ་ཤོག །
བྱིངས་གནས་ཁ་འཐོར་ལ་སོགས་དུད་འགྲོའི་གནས། །
དེ་ལ་སྐྱེས་ན་བཀོལ་སྤྱོད་སྡུག་བསྔལ་མྱོང་། །
གླེན་ལྐུགས་གཅིག་ལ་གཅིག་བཟའི་འཇིགས་པས་མནར། །
དམ་ཆོས་སྦྱོང་བའི་གོ་སྐབས་འཐོབ་རྒྱུ་མེད། །
ཉིན་ལྟར་སྡུག་གི་འོག་ནས་ཐར་བ་དཀའ། །
ཀྱེ་མ་དེ་འདྲའི་ཉམ་ཐག་སེམས་ཅན་རྣམས། །
མཚུངས་མེད་རྗེ་བཙུན་བླ་མའི་མཐུ་སྟོབས་ཀྱིས། །
སེམས་ཅན་དེ་དག་ཐར་པར་སྒྲོལ་བར་ཤོག །
ཅེས་གསུངས་ནས་དགེ་སློང་ཁོང་བྱམས་སེམས་ཀྱི་དབང་གིས་སྤྱན་ཆབ་ཤོར་རོ། ། སྐབས་དེར་བྱིའུ་ཆུང་དབྱངས་སྙན་དགེ་སློང་ལ་རབ་ཏུ་དད་ནས་སླར་ཡང་ཚིག་གི་མཆོད་པ་འབུལ་བ་འདི་ལྟར།
དམ་ཆོས་དཔལ་ལ་རོལ་བའི་དགེ་སློང་ཁྱེད། །
ཉམ་ཐག་སེམས་ཅན་དགོངས་པ་ཨེ་མ་མཚར། །
བདག་ཀྱང་དེ་རིང་སེམས་བསྐྱེད་ལ་གནས་ཏེ། །
སེམས་ཅན་དོན་དུ་ཆོས་ལ་འཇུག་པར་བྱ། །
དེ་རིང་ནས་བཟུང་འབུ་ནི་མི་བཟའ་འོ། །
ཆོས་ལ་བསྟེན་ནས་ཟས་ནི་བཙལ་བར་བྱ། །
དགེ་སློང་ཁྱེད་དྲུང་དམ་ཆོས་ཞུ་བར་བྱ། །
སེམས་ཅན་དོན་དུ་དམ་ཆོས་བསྟེན་པར་བྱ། །
དགེ་འདིས་དམྱལ་ཁམས་སྐྱེས་པའི་སེམས་ཅན་ཚོགས། །
ཚ་གྲང་སྡུག་བསྔལ་ནས་ཐར་བདེ་ཅན་ལ། །
སྐྱེས་ནས་དམ་ཆོས་དཔལ་ལ་རོལ་བར་ཤོག །
ཡི་དྭགས་དུད་འགྲོ་ལ་སོགས་ངན་སོང་ཀུན། །
ངན་སོང་གནས་ནས་སྐད་ཅིག་ཐར་བར་ཤོག །
ཁྱེད་ནས་དམ་ཆོས་སྙིང་པོ་སྟོན་པར་ཞུ། །
དང་བས་བསྟེན་ནས་ཆོས་ལ་འཇུག་པར་བྱ། །
འདི་ནས་ཚེ་རབས་ཐམས་ཅད་ཁྱེད་དྲུང་ལ། །
དམ་ཆོས་ཉིང་ཁུ་འཐུང་རྒྱུ་ཡོང་བ་ཤོག །
སེམས་ཅན་ཡོངས་ལ་བསྟན་ནས་སངས་རྒྱས་ཤོག །
ཅེས་ཞུས་པས། དགེ་སློང་ཚུལ་ཁྲིམས་ཀྱི་ཐད་མོ་སྙིང་ཁར་སྦྱར་ནས་འདི་ལྟར་གསུངས།
མཚུངས་བྲལ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
དེ་རིང་དབེན་གནས་དེ་ཉིད་འོད་ཀྱིས་ཁེངས། །
བྱིའུ་ཆུང་སེམས་པ་ཆོས་ལ་གཏོད་པ་བཟང་། །
དགེ་སློང་བདག་ཀྱང་ཡི་རངས་བདེ་བས་བརླན། །
ཨེ་མ་བྱིའུ་ཆུང་སེམས་བསྐྱེད་བསྟེན་པ་འདི། །
རབ་ཏུ་ངོ་མཚར་སྔ་མའི་དྲིན་དུ་ངེས། །
དོན་བཟང་ཆོས་ལ་བསྟེན་འདོད་སྐྱེས་པ་འདི། །
རང་གཞན་སེམས་ཅན་ཀུན་གྱི་བསོད་ནམས་ཡིན། །
དེས་ན་སེམས་པ་ཆོས་ལ་གཞག་བྱས་ནས། །
སྙིང་པོ་ཆོས་ལ་དཀའ་ཐུབ་སྤྱོད་དགོས་སོ། །
སེམས་པ་གཡེང་དུ་མི་ཞུགས་རབ་བསྟེན་དགོས། །
བླ་མའི་གསུང་ལ་དད་པ་རབ་བསྟེན་ནས། །
བཀའ་སློབ་སེམས་ཀྱི་བདུད་རྩིར་བསྟེན་ཐུབ་དགོས། །
མགོན་མེད་སེམས་ཅན་སྙིང་ལ་འཆང་དགོས་གལ། །
ཐོག་མེད་དུས་ནས་རང་གི་ཕ་མ་ཡིན། །
དེ་བས་དེ་རིང་སེམས་མཆོག་བསྐྱེད་པ་འདི། །
ངོ་མཚར་ནང་གི་ངོ་མཚར་ཕུལ་དུ་བྱུང་། །
ཞེས་གསུངས་ནས་ཁྱོད་འདི་ལ་འཕུར་ཤོག་ཅེས་གསུངས་ནས་དལ་གྱིས་ཕྱག་རྐྱོང་ནས་བྱིའུ་ཆུང་དབྱངས་སྙན་ཕྱག་ནང་དུ་བབས་སུ་འཇུག ། མོད་པས་དང་བཅས་སྨོན་ལམ་འདི་ལྟར་གསུངས།
མགོན་ཡི་དམ་གཉིས་སུ་མེད་པ་ཡི། །
ཕ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
དུས་དེ་རིང་བྱིའུ་ཆུང་སེམས་བསྐྱེད་བསྟེན། །
ས་ཐམས་ཅད་དྲི་བསུང་རབ་ཏུ་འཐུལ། །
ལ་ཡུལ་ཀླུང་ཐམས་ཅད་ཁེབས་པར་བྱས། །
བློ་དོན་ལྡན་ཆོས་ལ་གཏོད་པ་བཟང་། །
ལམ་ཟབ་མོ་སྦྱོང་བའི་འདུན་པ་སྐྱེས། །
ཕ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
མགོན་བླ་མ་བདག་སྙིང་དབུས་སུ་ཕེབས། །
ཁྱེད་འདྲ་བའི་བྱང་སེམས་སྐྱེས་བྱས་ནས། །
གང་འགྲོ་བ་འདྲེན་པའི་ཐབས་ལ་འབད། །
ཆོས་སྙིང་པོ་བསྟེན་ནས་སེམས་ཅན་འདྲེན། །
མ་མཁའ་ཁྱབ་སེམས་ཅན་ཡོད་དོ་ཅོག །
ཐར་བདེ་བའི་ཞིང་ལ་འདྲེན་དུ་འབད། །
ཟབ་བྱམས་སེམས་གཡོ་མེད་བསྟེན་བྱས་ནས། །
མ་འགྲོ་བའི་སྡུག་བསྔལ་སེལ་དུ་འབད། །
དྲིན་བླ་མའི་གདམས་ངག་བསྒོམ་བྱས་ནས། །
ས་ལམ་གྱི་རིམ་པ་བགྲོད་པར་བྱ། །
ཞེས་གསུངས་ནས་བྱིའུ་ཆུང་དབྱངས་སྙན་དང་མཉམ་དུ་ཞི་གནས་ལ་བསྟེན་པར་བྱས་སོ། ། དགེ་སློང་དང་བྱིའུ་ཆུང་གི་གཏམ་རྒྱུད་ངོ་མཚར་དགའ་སྟོན་ཞེས་བྱ་བ་རྫོགས་སོ། ། དཔལ་ནཱ་ལེནྡྲའི་ལྔ་རིག་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།


འབྲེལ་ཡོད་འོས་སྦྱོར།