རྟགས་འཇུག་ལ་དཔྱད་པའི་ལན་མདོར་བསྡུས་སུ་བརྗོད་པ་ནོར་བུ་སྦྱོང་བྱེད་ཅེས་བྱ་བ་བཞུགས་སོ།།
རྩོམ་པ་པོ།:མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-01
ཀློག་གྲངས།:
ཚེ་ཏན་ཞབས་དྲུང་ཚང་གིས་དངོས་ཤུགས་ཀྱི་བསྟན་བྱའི་སྒོ་ནས་ཐོན་མིའི་དགོངས་པ་བཤད་འདུག་གི་ཐོན་མིས་མ་ཤེས་ཞེས་སྨྲས་མི་འདུག་ན། ཨེ་ཁྱབ་སུམ་ཅུའི་ལན་རྙེད་པས་རྩ་བ་སྐྱོན་ཅན་དུ་ཇི་ལྟར་མཐོང་། བདག་གིས་ཁྱོད་ལ་སྡང་ཞུགས་ཀྱི་སྒོ་ནས་སྐྱོན་བརྗོད་འདོད་གཏན་ནས་མ་ཡིན་ཡང་རྒྱུ་མཚན་ལྟར་སྣང་འདི་ལྟ་བུ་དག་གིས་ཀྱང་སློབ་དཔོན་བདག་ཉིད་ཆེན་པོ་ལ་སྐྱོན་བརྗོད་པའི་སྤོབས་པ་དེ་ནི་ཧ་ཅང་ཐལ་མ་ཆེས་སམ་སྙམ་མོ། །བཞི་པ་རྩ་བར་རྗེས་འཇུག་གི་རྟགས་གསུམ་མམ་བརྒྱད་ཀྱི་མིང་ཙམ་ལས་མཚན་གཞི་མི་གསལ་བས་ལ་ལས་རྗེས་འཇུག་ཡང་འཇུག་ནང་ཕྲད་ཀྱི་འབྲེལ་བ་ལས་སྒྲུབ་པ་དང་། ཞེས་སོགས་དང་། ཐབས་གང་ལ་བརྟེན་ནས་ཇི་ལྟར་བསྒྲུབས་ཀྱང་མ་བརྟགས་མ་དཔྱད་ན་བདེན་བདེན་འདྲ་ཡང་། དཔྱད་ན་སྐྱོན་ཆ་ལྷང་ངེར་མངོན་ནོ། ། དཔེར་ན། །སི་ཏུའི་ལུགས་དེ་ཅུང་ཟད་གྲགས་ཆེ་ཡང་སྐྱོན་མང་དུ་ཡོད་དེ། །ཞེས་དང་སྔ་མ་བཞི་ཕོ་དང་ཕྱི་མ་བཞི་མོ་ཡིན་པས་ཕོ་ནི་མོ་ལས་སྒྲ་དྲག་དགོས་ཀྱང་དོན་དུ་མོ་ནི་ཕོ་ལས་སྒྲ་དྲག་པ་མངོན་སུམ་མིན་ནམ། ཞེས་གསུངས་སོ། །སྤྱིར་གཞུང་རྩ་བའི་བསྟན་བྱ་ཡིན་ན་ཐམས་ཅད་ཚིག་ཟིན་དུ་འཐོན་དགོས་པའི་ཁྱབ་པ་མེད་དེ། ཡན་ལག་གི་གཞུང་ངམ་འགྲེལ་བ་རྣམས་ཀྱིས་ཞིབ་པར་འཆད་པ་སྤྱིའི་ལུགས་ཡིན་པའི་ཕྱིར་རོ། །དེས་ན་རྗེས་འཇུག་གི་ཕོ་མོ་མ་ནིང་གི་མཚན་གཞི་རྣམས་ཚིག་ཟིན་དུ་མ་ཐོན་པ་ཙམ་གྱིས་སྐྱོན་ཅན་དུ་སྒྲུབ་པ་ནི་ཤིན་ཏུ་ནོར་ཏེ། དེ་འདྲ་བ་ཚད་ལྡན་གྱི་གཞུང་ཆེན་པོ་རྣམས་སུའང་ཤིན་ཏུ་མང་ངོ་། །སི་ཏུ་པཎ་ཆེན་ལ་སྐྱོན་བརྗོད་པ་རྣམས་ནི་ཡང་རང་ཉིད་ལ་དེ་ལྟར་སྣང་བ་ཚད་མར་བྱས་ཏེ་འདོན་པའི་ཕྱིར་ཞེས་དང་མངོན་སུམ་ཡིན་པའི་ཕྱིར་ཞེས་བརྗོད་འདུག་ཀྱང་དེ་ཙམ་ལ་ཁྱབ་པ་མི་འདུག་སྟེ། །སི་ཏུ་པཎ་ཆེན་གྱིས་ཀྱང་རང་ཉིད་ཀྱི་རྣམ་གཞག་དེ་དག་མངོན་སུམ་གྱིས་གྲུབ་པར་བཞེད་པའི་ཕྱིར་ཏེ། མུ་ཏིག་ཕྲེང་མཛེས་ལས། དེ་ལྟར་བཞག་པའི་ཚེ་མིང་གཞི་གང་གི་མཐར་ཡང་རུང་ག་ད་བ་ས་རྣམས་ཞུགས་པ་སྒྲ་དྲག་པ་དང་། ང་མ་འ་རྣམས་ཞུགས་པ་སྒྲ་ཞན་པ་དང་། ན་ར་ལ་རྣམས་ཞུགས་པ་སྒྲ་བར་མར་གྱུར་པ་ཞིབ་མོའི་བློས་བརྟགས་ན་མངོན་སུམ་གྱིས་གྲུབ་ཅིང་། དེའང་བརྗོད་པ་ལྡབ་ལྡིབ་མ་ཡིན་པར་ཡི་གེའི་སྐྱེ་གནས་བྱེད་རྩོལ་སོགས་དང་མཐུན་པར་ཟུར་ཕྱིན་པར་བཀླགས་པ་ལས་སོ། །ཞེས་གསུངས་འདུག་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱིས་གནད་དུ་འགྲོ་བའི་དགག་པ་ཞིག་བརྗོད་པར་འདོད་ན། སི་ཏུའི་བཞེད་པ་ལྟར་ག་སོགས་སྒྲ་དྲག་པོར་དང་། ང་སོགས་ཞན་པར་དང་། ན་སོགས་བར་མའི་ཚུལ་དུ་བཀླགས་ན་ཀློག་ཚུལ་དེ་ཡི་གེ་དེ་རྣམས་ཀྱི་སྐྱེ་གནས་དང་བྱེད་རྩོལ་འདི་དང་འདིར་འགལ་བས་བརྗོད་པ་ལྡབ་ལྡིབ་ཅན་དུ་གྱུར་པ་ཡིན་ཞེས་སུན་ཕྱུང་ལ། དེ་ནས་རང་ཉིད་ཀྱི་ཀློག་ཚུལ་དེ་ཡི་གེའི་སྐྱེ་གནས་སོགས་ལས་ཚུལ་བཞིན་དུ་བྱུང་ཚུལ་རིགས་པ་རྣམ་དག་གིས་བསྒྲུབས་ལ་གྲུབ་མཐའ་དཔྱད་བཟོད་པ་ཞིག་ཞོག་དང་། ད་གདོད་ངོ་མཐོན་དུ་སྨྲ་ཆོག་གི གཞན་དུ་རིགས་པའི་གནད་སྟོར་བའི་ཚིག་ཉོབ་མང་པོ་ཞིག་གིས་རང་ལ་གཏད་སོ་ཅི་ཡང་མེད་པར་མཁས་པ་རྣམས་ལ་སུན་ཅི་ཕྱིན་དུ་རྒོལ་བ་ནི་ཐབས་གང་ལ་བརྟེན་ནས་ཇི་ལྟར་སྨྲས་ཀྱང་བརྟགས་ཤིང་དཔྱད་ན་མ་ངེས་པ་སོགས་སྐྱོན་གྱི་ཆ་རྣམས་ལྷང་ངེར་མངོན་འདུག་གོ །ལྔ་པ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། ། ཞེས་པའི་དོན་རྗེས་འཇུག་ཕོ་མོ་མ་ནིང་དུ་ཕྱེ་བ་དེ་དག་བྱ་ཚིག་ཏུ་སྦྱོར་བའི་དོན་སྟོན་ཚུལ། སྔོན་འཇུག་གི་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་སོགས་ཚིག་རྐང་བཞི་དང་འདྲ་བས་དེ་ལྟར་སྦྱར་དགོས་ཞེས་པའི་དོན་ཡིན་ཞེས་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་འཆད་ཀྱང་དཔྱད་བཟོད་པ་མིན་ནོ། །ཞེས་ཟེར། ཡང་ཁོང་གིས་སྐྱོན་བརྗོད་པ། སི་ཏུས་ག་བ་ད་ས་རྐྱང་བ་དང་ག་བ་ས་ཡང་འཇུག་ཅན་ཕོ་རུ་འདོད། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་ཞེས་པ་ལ་སྦྱར་ན། ག་བ་ས་ཡང་འཇུག་ཅན་འདས་པ་ལ་འཇུག་ཀྱང་དེ་གཞན་ལ་མི་འཇུག་པ་ཤས་ཆེ། གལ་ཏེ་གཞན་ལ་ཡང་ས་ཡང་འཇུག་དང་ས་རྐྱང་བཞག་ན་འདས་གཞན་གཉིས་ཡིག་གཟུགས་གཅིག་ཏུ་འགྱུར་བས་འདས་གཞན་གཉིས་སུ་ཕྱེ་བ་དོན་མེད་དུ་ཐལ་ལོ། །ཞེས་དང་། ག་བ་ཡང་འཇུག་མེད་པ་གཞན་ལ་འཇུག་ཀྱང་བདག་ལ་ཡང་འཇུག་པས་རྗེས་འཇུག་གི་སྟེང་ནས་བདག་གཞན་གྱི་དབྱེ་བ་མི་ཕྱེད་ཅིང་། དེའི་དབྱེ་བ་ནི་སྔོན་འཇུག་གི་སྟེང་ན་ཡོད་པས། རྗེས་འཇུག་སྟེང་ན་བདག་གཞན་དུ་ཕྱེ་བ་ཡང་དོན་མེད་དུ་ཐལ། ཞེས་ཐལ་བ་འཕེན་པ་ནི་བཞད་གད་ཀྱི་གནས་ཏེ་སྐྱོན་འདི་རྣམས་རྗེ་སི་ཏུ་ལ་བརྗོད་པ་ཡིན་ན་ནི། མུ་ཏིག་ཕྲེང་མཛེས་ལས། གཉིས་པ་གཞན་གྱི་འདོད་པ་ནོར་བར་བསྟན་པ་ནི། སྐབས་འདིར་འགྲེལ་བྱེད་སྔ་མ་ཕལ་ཆེར་གྱིས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པའི་དོན་སྔོན་འཇུག་ལྟར་རྗེས་འཇུག་གི་ཕོ་ཡིག་རྣམས་འདས་པ་དང་། གཞན་བསྒྲུབ་པ་ལ་འཇུག་པ་སོགས་རྟགས་ཀྱི་བྱེ་བྲག་གིས་འཇུག་ཡུལ་སོ་སོར་སྦྱར་རྒྱུར་འདོད་མོད། དེ་ལྟར་སྦྱོར་བ་སྐབས་རེ་གཉིས་ལ་འགྲིག་པ་ལྟར་སྣང་ཡང་ཕལ་མོ་ཆེར་ངེས་པ་མེད་པའི་སྦྱོར་ཚུལ་དུ་འགྱུར་བས་མི་འཐད་པའི་ཚུལ་གོང་དུ་རྟགས་ངོས་འཛིན་གྱི་སྐབས་བཤད་ཟིན་ཅིང་། གཞན་ཡང་དེ་ལྟར་འདོད་པ་ལ་སྐྱོན་མང་དུ་ཡོད་དེ། ཞེས་གོང་འོག་གི་སྐབས་གཉིས་སུ་ནན་གྱིས་བཀག་པ་དེ་མ་མཐོང་བའམ་མཐོང་ཡང་སྣང་ལ་མ་ངེས་པར་སོང་བའམ། ཡང་ན་རྩ་བ་ལ་སྐྱོན་འདོགས་པ་ལྟར་ཆེད་དུ་སྐྱོན་མེད་སྐྱོན་ཅན་དུ་སྒྲུབ་པའོ། །གལ་ཏེ་སྐྱོན་དེ་རྣམས་སི་ཏུ་སོགས་ལས་གཞན་རྣམས་ལ་བརྗོད་དོ་ཟེར་ན། ཁྱོད་ཀྱིས་རྩ་བ་ལའང་ཚིག་ཐོག་ནས་ཞིབ་ཆ་མ་ཐོན་པས་བརྗོད་བྱ་མི་གསལ་བ་དང་། ཁྱབ་པ་མ་ངེས་པ་སོགས་ཀྱི་སྐྱོན་ཡོད་ཅེས་སྨྲས་པ་མ་ཡིན་ནམ། དེ་ལྟ་ན་ཁྱོད་རང་གིས་འདིར་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་འཆད་ཀྱང་ཞེས་པ་ལའང་བསྟན་བྱ་ཕྱོགས་སྔ་གང་ཡིན་མི་གསལ་བ་དང་། བོད་ཀྱི་བརྡ་སྤྲོད་སྨྲ་བ་ཐམས་ཅད་ཀྱིས་དེ་ལྟར་འཆད་པའི་ཁྱབ་པ་མ་ངེས་པ་སོགས་ཀྱི་སྐྱོན་རྣམས་མི་འདོད་བཞིན་དུ་ཁས་བླངས་པར་གྱུར་ཏོ། །ཁྱོད་ནི་ཐོན་མི་སམྦྷོ་ཊ་ལའང་ཚིག་གིས་བརྗོད་སྟངས་ཙམ་ལ་སུན་འབྱིན་སྨྲ་བ་ཞིག་ཡིན་ན། རང་ཉིད་དེའི་ལམ་ནས་འདས་ཏེ་སྨྲ་བ་ནི་ཆེས་ཡ་མཚན་པའི་གནས་སོ། །བརྒྱ་ལ་འགྲེལ་བྱེད་དག་ལ་སྐྱོན་ཞིག་ཡོད་དུ་ཆུག་ཀྱང་དེ་དག་གིས་རྩ་བའི་དགོངས་པ་མ་རྙེད་ཅེས་བྱ་ཡི་དེས་རྩ་བ་སྐྱོན་ཅན་དུ་སྒྲུབ་ན་ནི་ཤིན་ཏུ་མ་འབྲེལ་ལོ། །དྲུག་པ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །སོགས་ཀྱི་སྐབས་སུ་རྩ་བར་རྗེས་འཇུག་གི་རྟགས་ཀྱི་ངོས་འཛིན་མི་གསལ་ཞིང་། འགྲེལ་བཤད་མཁན་རང་རང་གི་འདོད་པ་ལྟར་ཕྱེས་པའི་རྟགས་དེ་སྒྲ་དྲག་ཞན་གྱི་རྣམ་བཞག་དོན་གྱི་འཇུག་ཚུལ་མིང་མཐའི་རྣམ་བཞག་སོགས་གཏན་ལ་འབེབས་དགོས་པའི་རིགས་གཏན་ལ་མི་ཕེབས་པས་དགོས་པ་ཅི་ཡོད་སྙམ་མོ། །ཞེས་ཟེར་རོ། །འདི་ཡང་རྩ་བའི་སྐྱོན་དུ་མི་འགྱུར་བའི་ཚུལ་གོང་དུ་བཤད་པ་དེ་དག་གིས་དཔྱད་ན་ཤེས་པས་ལན་གཞན་གྱི་དགོས་པ་མ་མཆིས་སོ། །དེས་ན་གཟུ་བོར་གནས་པའི་བློས་བསམས་ན། རྟགས་འཇུག་གི་གཞུང་འདིར་ཚིག་འགའ་རེ་ལ་གསལ་ཁ་མ་བཏོད་པ་བདེན་མོད། བརྡ་སྤྲོད་པའི་གཞུང་གཞན་པ་དེ་དག་ཏུ་གསལ་བ་ལ་དགོངས་ཏེ་འདིར་གསལ་བར་མ་ཕྱེས་པ་ཡིན་པ་གོར་མ་ཆག་སྟེ། གསེར་ཏོག་རྟགས་འགྲེལ་ལས། དེའི་ཞིབ་བཤད་བྱེད་པ་པོ་གཞན་འབྲེལ་ཡིན་མིན་གྱི་བདག་གཞན་དང་། དུས་གསུམ་སོ་སོའི་དོན་སྟོན་པ་ལ་སྔོན་འཇུག་རྣམས་ཇི་ལྟར་འཇུག་ཚུལ་ཁྱད་པར་དང་བཅས་པ། བསྟན་བཅོས་ཕྱི་མ་དྲུག་ཏུ་ཡོད་ངེས་ཡིན་ཡང་དཔེ་རྒྱུན་མི་བཞུགས་པས་སྔོན་གྱི་དཔེ་རྙིང་ཁུངས་དག་ལ་བརྟེན་དགོས་སོ། །ཞེས་གསུངས་པ་བཞིན་ནོ། །གང་ལྟར་ཡང་གསལ་ཁ་མ་བཏོད་པ་རྣམས་དེར་ཟད་ལ། གཞན་གཞུང་ཚིག་གི་བཅས་མཚམས་ལས་འདའ་དགོས་ཤིང་། མ་འདས་ན་སྐྱོན་དུ་འགྱུར་ངེས་ཤིག་ནི་ཁྱོད་ཀྱིས་ཚིག་འཁྲི་ཡན་ཆད་ཀྱིས་བརྒལ་ཀྱང་བཙལ་རྒྱུ་རྙེད་མི་འདུག་པས་གོང་གི་བག་མེད་ཀྱི་སྨྲ་བ་དེ་ཚོར་སླད་ནས་བག་ཟོན་རེ་མཛད་ན་ལེགས་ཏེ། གཏམ་འདི་དག་དབང་རྟུལ་དད་པའི་རྗེས་འབྲངས་དག་གིས་ཐོས་ན། འོ་བོད་ཀྱི་བརྡ་སྤྲོད་རིག་པའི་སྲོལ་འབྱེད་པ་པོ་ལའང་སྐྱོན་འདི་འདྲ་མང་པོ་ཡོད་ན། དེའི་རྗེས་སུ་འབྲངས་པའི་སྔོན་གྱི་མཁས་པར་གྲགས་པ་རྣམས་ལའང་དེ་བས་མང་ཞིག་ཡོད་པ་གོར་མ་ཆག་ལ། ད་ལྟ་བོད་ཀྱི་རིག་གནས་རྗེས་ལུས་འདི་འདྲར་གྱུར་པའི་སྐབས་སུ་མཁས་པར་རློམ་པ་དག་ལ་ནི་དེ་བས་ཀྱང་ཡིད་རྟོན་ག་ལ་ཡོད། དེས་ན་བརྡ་སྤྲོད་རིག་པས་མཚོན་པའི་བོད་ཀྱི་རིག་གཞུང་རྣམས་ནི་ལམ་ཁའི་རྩྭ་བཞིན་འདོར་བྱ་ཞིག་ལས་ཡང་དག་པ་ཞིག་ཡོད་ཚོད་མི་འདུག་གོ་སྙམ་དུ་བསམས་ཤིང་སྒྲོག་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཐོན་མིའི་རྩ་བ་གཉིས་གཞི་བྱས་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་ལས་ཐོན་མིའི་དགོངས་པ་དང་གང་མཐུན་རེས་ཁོག་བཟུང་། རང་གི་རྣམ་དཔྱོད་ཀྱི་རྩལ་གྱིས་ཅུང་ཟད་རེ་ཤེས་པ་བྱུང་ན་དེས་ཟུར་བརྒྱན་ཏེ་སྨྲས་ན་དོན་གྱི་ཐོག་ནས་ཀྱང་དེས་མ་ཆོག་པ་ཅི་ཡང་མི་འདུག་ལ། འཆད་ཉན་ལ་འཇུག་པ་ཐམས་ཅད་ཀྱང་ཉམས་དགའ་བ་ཞིག་འོང་བར་མ་ཟད་ཡ་རབས་དམ་པའི་ངང་ཚུལ་ལ་གནས་པས་འཛམ་གླིང་གི་མཁས་པ་གཟུ་བོར་གནས་པ་དག་གི་སྤྱན་ལམ་དུའང་མཛེས་པ་ཞིག་འབྱུང་ཞིང་རང་ཉིད་ཀྱི་འཕྲིན་ལས་ལའང་ཕན་པ་ཆེན་པོ་ཡོད་དོ། །གཞན་དུ་ན་ཐོན་མི་སམྦྷོ་ཊ་ལའང་དེང་སང་ལོ་འགའ་རེ་ཙམ་ལ་བརྡ་སྤྲོད་པའི་གཞུང་རེ་ཟུང་ལ་སྦྱང་པ་ཅུང་ཟད་རེ་བྱས་པའི་སྐྱེ་བོ་རྣམས་ཀྱི་བློ་གྲོས་ལས་མི་དམན་པ་ཙམ་ཡོད་ཚོད་གདའ་བས་དེས་མ་མཁྱེན་པའི་བརྡ་སྤྲོད་ཀྱི་གཞུང་ཞིག་རྩོམ་པ་ནི་ཧ་ཅང་དཀའ་བའི་གནས་སུ་སྣང་ངོ་། །གལ་ཏེ་ཁྱད་ཆོས་མེད་པར་ཁྱད་ཆོས་གདོན་ཁུལ་གྱིས་དཔེ་ཉབ་ཉོབ་རེ་བྲིས་ཀྱང་དེ་ལ་ཡིད་རྟོན་བྱེད་མཁན་ཤིན་ཏུ་དཀོན་མོ་ཡིན་པས་མཁས་པ་རྣམས་ཀྱི་རྗེས་སུ་འབྲངས་ན་ལེགས་པར་སེམས་སོ། །
སྨྲས་པ།
གངས་ཅན་རིག་གཞུང་མཛེས་པའི་མཚོ་གླིང་ན། །
སློབ་དཔོན་ཐོན་མིའི་ལེགས་བཤད་རིགས་པའི་འཕྲུལ། །
སྐྱོན་བྲལ་པདྨ་དཀར་པོའི་ལང་ཚོ་ངོམ། །
དཔྱོད་ལྡན་བུང་བའི་ཡིད་དབང་ཅིས་མི་འཕྲོག །
ལུགས་གཉིས་གཙུག་ལག་ཉི་ཟླའི་དཀྱིལ་འཁོར་ཟུང་། །
བསིལ་ལྡན་ལེགས་བྱས་ཡངས་པའི་ལྷ་ལམ་དུ། །
ཐོག་མར་འདྲེན་པའི་ཤིང་རྟ་ཨ་ནུ་རྗེའི། །
མཚུངས་མེད་བཀའ་དྲིན་དུས་ཀྱི་མཐར་ཡང་དྲན། །
གྲོགས་དག་སློབ་དཔོན་སངས་རྒྱས་གཉིས་པ་ཡིས། །
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །
ཞེས་སོགས་བསམས་ཏེ་མྱུར་དུ་བརྩོན་པ་མཛོད། །
དེ་ཡང་སྔོན་གྱི་མཁས་པ་ཡི། །
དགོངས་པའི་དྭངས་བཅུད་སྦྲང་རྩིའི་རོ། །
རྣམ་དཔྱོད་ཡངས་པའི་རོ་འཛིན་གྱིས། །
མྱོང་བའི་སྐལ་བཟང་རིངས་པར་རྟེན། །
གཞན་དུ་འཇམ་མགོན་ས་པཎ་གྱི། །
ནགས་ལ་གནས་པའི་སྤྲེའུ་དག །
ལྗོན་པའི་ཤིང་ལ་མི་གཙང་འཐོར། །
ཞེས་པའི་དཔེ་ལྟར་སྨད་པའི་གནས། །
དེ་ལྟར་བདེན་གཏམ་དྲང་ཐིག་བཏབ་པ་ལ། །
ཕྱོགས་ཞེན་ཆགས་སྡང་བསམ་པ་ཡོངས་སྤངས་ནས། །
ཟུངས་ཟད་ནད་པ་ལྟ་བུའི་རིག་གཞུང་གི །
ངང་ཚུལ་བསམ་ནས་གཟུ་བོས་སྨྲ་བར་མཛོད། །
སྨྲས་པ།
གངས་ཅན་རིག་གཞུང་མཛེས་པའི་མཚོ་གླིང་ན། །
སློབ་དཔོན་ཐོན་མིའི་ལེགས་བཤད་རིགས་པའི་འཕྲུལ། །
སྐྱོན་བྲལ་པདྨ་དཀར་པོའི་ལང་ཚོ་ངོམ། །
དཔྱོད་ལྡན་བུང་བའི་ཡིད་དབང་ཅིས་མི་འཕྲོག །
ལུགས་གཉིས་གཙུག་ལག་ཉི་ཟླའི་དཀྱིལ་འཁོར་ཟུང་། །
བསིལ་ལྡན་ལེགས་བྱས་ཡངས་པའི་ལྷ་ལམ་དུ། །
ཐོག་མར་འདྲེན་པའི་ཤིང་རྟ་ཨ་ནུ་རྗེའི། །
མཚུངས་མེད་བཀའ་དྲིན་དུས་ཀྱི་མཐར་ཡང་དྲན། །
གྲོགས་དག་སློབ་དཔོན་སངས་རྒྱས་གཉིས་པ་ཡིས། །
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །
ཞེས་སོགས་བསམས་ཏེ་མྱུར་དུ་བརྩོན་པ་མཛོད། །
དེ་ཡང་སྔོན་གྱི་མཁས་པ་ཡི། །
དགོངས་པའི་དྭངས་བཅུད་སྦྲང་རྩིའི་རོ། །
རྣམ་དཔྱོད་ཡངས་པའི་རོ་འཛིན་གྱིས། །
མྱོང་བའི་སྐལ་བཟང་རིངས་པར་རྟེན། །
གཞན་དུ་འཇམ་མགོན་ས་པཎ་གྱི། །
ནགས་ལ་གནས་པའི་སྤྲེའུ་དག །
ལྗོན་པའི་ཤིང་ལ་མི་གཙང་འཐོར། །
ཞེས་པའི་དཔེ་ལྟར་སྨད་པའི་གནས། །
དེ་ལྟར་བདེན་གཏམ་དྲང་ཐིག་བཏབ་པ་ལ། །
ཕྱོགས་ཞེན་ཆགས་སྡང་བསམ་པ་ཡོངས་སྤངས་ནས། །
ཟུངས་ཟད་ནད་པ་ལྟ་བུའི་རིག་གཞུང་གི །
ངང་ཚུལ་བསམ་ནས་གཟུ་བོས་སྨྲ་བར་མཛོད། །
འབྲེལ་ཡོད་འོས་སྦྱོར།