སློབ་གསོ་ཐབས་གཉིས་སྐོར་གྱི་ཕྲན་དཔྱད།
གླེང་གཞི།
སློབ་གསོ་ཐབས་གཉིས་སྐོར་གྱི་ཕྲན་དཔྱད་གླེང་བའི་གཞི ། །
འགྱུུར་མེད་དམ་གྱི་སྣང་བས་ཤོག་དཀར་ངོས་སུ་དབབ ། །
ཀུན་ཕན་བསམ་བློའི་འདབ་བརྒྱ་གྲོལ་བའི་སྤྱི་གླིང་འདི ། །
སྐྱེ་འགྲོ་ཁམས་གསུམ་དབང་གི་ཐུགས་ཡིད་མཐུན་པར་སྨོན ། །
འདས་པས་སྐལ་བའི་ཁྲོད་ཀྱི་གོང་བཀུར་རྗེ ། །
ད་ལྟའི་མཁས་པའི་སྙན་པ་གྲགས་ཆེ་བ ། །
མ་འོངས་མི་རིགས་བདེ་ལམ་སྟོན་མཁས་ཀྱི ། །
བསླབ་གཙོ་དོན་གྱི་རིགས་སུ་གུས་པས་འདུད ། །
1.སློབ་གསོའི་ནུས་པ་གཙུག་འཛིན་གྱི་དགོས་པ།
སྤྱིར་སློབ་གསོ་ལ་ནང་གསེས་སུ་དབྱེ་རྒྱུ་མང་པོ་ཡོད་པ་ཤེས་གསལ་ལྟར་སྣང་། ཡིན་ན་རང་གི་ཕ་མ་དང་བུ་ཕྲུག་བར་གྱི་སློབ་གསོ་དགེ་རྒན་དང་སློབ་མའི་ཐད་སློབ་གསོ་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད། རང་གི་སྐབས་བབ་ཀྱི་བརྗོད་བྱ་དགེ་རྒན་དང་སློབ་མ་སློབ་གྲྭའི་སློབ་གསོ་ཡིན། དེ་ན་སློབ་མ་དང་དགེ་རྒན་གཉིས་ཀྱི་ཆེས་ཐོག་མའི་ཤེས་དགོས་གལ་ཆེ་བ་རང་སྣང་དུ་བྱས་ཏེ་ཅུང་ཙམ་འཆད་པར་བྱེད།
2.སློབ་གསོའི་ངོ་བོ་དང་རྩ་དོན།
སློབ་གསོའི་ངོ་བོ་ནི་ཤེས་རིག་གོང་དུ་སྤེལ་ཐབས་སམ་གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ། སློབ་སྟོན་དང་གསོ་སྐྱོང་བྱེད་པའི་བྱ་བའི་མིང་སྟེ། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེ་ཤོས་སུ་ཆགས་འདུག་པ་དེ་རེད། མི་རིགས་གང་དང་གང་ཡིན་ནའང་སློབ་གསོའི་འདུ་ཤེས་ཤུགས་དྲག་ཅིག་གི་ཁྲོད་ནས་མི་རིགས་རང་དང་མི་བུ་སྒེར་རེ་རེ་ཚུགས་ཐུབ་ཀྱི་གང་ཟག་ཅིག་གི་གྱུར་འགྲོ་གིན་ཡིན་པ་ཚང་མའི་ཤེས་གསལ་ལྟར་སྣང་བྱས་ཏེ་གནས་སྐབས་དེ་ཙམ་གྱིས་མི་སྨྲ་བ་བྱེད།
3.སྐད་ཡིག་འབྲེལ་བའི་འདུ་ཤེས
སྐད་ཆ་དང་ཡི་གེ སྔ་རབས་ཀྱི་ཡི་གེ རྒྱའི་སྐད་ཡིག་བོད་ཀྱི་སྐད་ཡིག་ཅེས་པ་བརྗོད། དེ་ལྟར་མི་རིགས་སྐད་ཡིག་ཅེས་པའི་ཚིག་དོན་ནས་སོ་སོ་ལ་སྐད་ཡིག་གཉིས་ཀྱི་སྟེང་ནས་རིགས་དགར་གྱི་གཞི་རྩའི་སྟེང་ནས་ཅུང་ཙམ་ཤིག་གི་ཁ་སྐོང་པར་བྱས་ཚེ་སྐད་ཡིག་སློབ་གསོ་ཅེས་པའི་གླེང་གཞི་བརྒྱུས་ནས་འཕྲོས་དགོས་པར་བྱུང་།
དེ་ལ་སྐད་ཡིག་ནི་སློབ་སྦྱོང་དང་ལས་ཀ་བྱེད་སྐབས་ཀྱི་ལག་ཆ་ཡིན་ལ་རིག་ཚན་གཞན་སློབ་སྦྱོང་བྱེད་སྐབས་ཀྱི་རྨང་གཞི་དང་ལག་ཆ་ཞིག་དང་། མིའི་རིགས་ཤེས་རིག་ཚད་མཐོར་སླེབས་པའི་མཚོན་རྟགས་ཤིག་ཀྱང་ཡིན ། སྐད་ནི་མིའི་རིགས་ཕན་ཚུན་འབྲེལ་གཏུག་གི་དགོས་མཁོ་གཞིགས་ནས་འཕེལ་རྒྱས་བྱུང་ཞིང་། ཡི་གེ་ནི་སྐད་ཀྱི་རྨང་གཞི་སྟེང་ཐོན་པ་དང་ཡི་གེ་བྱུང་བ་དེས་ཡུལ་དུས་ཀྱི་ཚད་བཀག་ལས་གྲོལ་ཏེ་རྒྱ་ཁྱབ་དང་ཡུན་རིང་འབྲེལ་གཏུག་གི་ཕན་འབྲས་ཐོན་པ་རེད། སྤྱིར་མི་ཕན་ཚུན་སྐད་ལ་བརྟེན་ནས་བསམ་བློ་བརྗེ་རེས་དང་སྐད་ལ་བརྟེན་ནས་བསམ་གཞིགས་བྱེད་ཀྱི་ཡོད་པས་དེས་ན་མི་གཞན་ལ་གོ་བརྡ་སྤྲོད་པ་དང་གཞན་ལས་སྐད་ཆ་གོ་བར་བྱེད་པ་ནི་སྐད་དེ་ཕྱིེར་མངོན་པའི་མཚོན་ཚུལ་ཞིག་ཡིན་ལ་བསམ་གཞིགས་ཀྱི་ལག་ཆའི་ངོས་ནས་བཤད་ན་མིའི་རིགས་ཀྱི་ལྐོག་གྱུར་གྱི་བསམ་ཚུལ་འཕེལ་རྒྱས་སོང་བའི་རྟགས་མཚན་ཞིག་ཀྱང་ཡིན། དེས་ན་སྐད་ཀྱི་འགྲོ་ལུགས་དང་རྣམ་པ་སྦྱོང་བ་ཙམ་མ་ཡིན་པར་ཉན་ཐུབ་པ་དང་ཤོད་ཐུབ་པ་བཅས་ཀྱི་ཕྱོགས་སུ་སྦྱོང་བརྡར་བྱས་ཏེ་སྐད་ཡིག་བེད་སྤྱོད་གཏོང་བའི་ནུས་པ་གསོ་སྐྱོང་བྱས་ནས་སྐད་ཡིག་གི་ལག་ཆའི་ཁྱད་ཆོས་མངོན་ཐུབ་པ་བྱེད་རྒྱུ་བྱས་ཚེ་ད་གཟོད་སྐད་ཡིག་སློབ་གསོའི་ངོ་བོ་འཐུས་ཚང་ཞིག་ཏུ་འབྱུང་ཐུབ་པ་ཡིན།
དཔེར་ན་ས་ཆ་སོ་སོ་ལ་རང་གི་ཡུལ་སྲོལ་གོམས་སྲོལ་བཞིན་ཐུན་མོང་ལ་རང་རིགས་རང་སྐྱོང་གི་ཐ་སྙད་གསར་བའི་ངོས་ཐད་ནས་གོ་བདེ་དོན་ཟབ་པ་དེས་སློབ་གསོའི་དམིགས་ཡུལ་འགྲུབ་དགོས་ལ་དེར་ལོ་རྒྱུས་དང་སྤྱི་ཚོགས་རང་བྱུང་སོགས་ཀྱི་ཤེས་བྱའི་ནང་དོན་ལྡན་ལ་རང་ལ་བག་ཆགས་ངེས་ཅན་ཞིག་འཇོག་ཐུབ་པར་སྙམ་མོ།
སྤྱིར་སློབ་གསོ་ལ་ཤུགས་ཆེན་པོ་གཏོང་གིན་ཡོད་ནའང་རང་རང་གི་སློང་གསོའི་ཁ་ཕྱོགས་སུ་རྒྱུས་ལོན་ཙམ་བྱས་པའི་སྟེང་ནས་དབུལ་གྱི་ཆ་ཙམ་མངོན་བྱུང་བ་དེ་ལ་ཕྲན་དཔྱད་ཙམ་བྱེད་འདོད་པ་ཡིན།
བོད་ཀྱི་སློབ་གྲྭའི་བསླབ་དེབ་ཀྱི་དམིགས་ཚད་དམ་རེ་བ་ག་འདྲ་རེད་ཅེ་ན། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་བོད་སྐད་ཡིག་སློབ་ཁྲིད་རྩ་འཛིན་དུ་ཏང་གི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་སློབ་སྟོན་འོག་བོད་སྐད་ཡིག་གི་སྟེང་ནས་སློབ་ཕྲུག་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་གནས་བབས་ཀྱི་སློབ་གསོ་དང་དགའ་ཞེན་ལྔ་ཡི་སློབ་གསོ་གཏོང་རྒྱུར་མཐོང་ཆེན་བྱས་ནས་སློབ་མ་ཚོར་ཡང་དག་པའི་འཇིག་རྟེན་ལྟ་བ་བཙུགས་ནས་མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བསམ་པ་གསོ་སྐྱོང་བྱས་ཐོག་སློབ་ཆུང་དང་དམའ་འབྲིང་སྐབས་སུ་བོད་ཡིག་གི་རྨང་གཞིའི་ཤེས་བྱ་ཡི་རྩ་བ་བརྟན་ཙམ་བཙུགས་ཐུབ་པ་བྱེད་དགོས་ཅེས་བསྟན་ཡོད་པ་ནན་གྱི་སློབ་སྦྱོང་དང་ངེས་ཤེས་རྙེད་ཐུབ་པ་བྱ་དགོས།
ད་ལྟ་གསར་དུ་བཙུགས་ཡོད་པས་སློབ་གྲྭ་སོ་སོའི་གྲ་སྒྲིག་འཛིན་གྲྭ་ལ་དཔེར་མཚོན་ན་ཉན་བཤད་ནུས་པ་གསོ་སྐྱོང་བྱེད་དགོས་ཀྱི་འདུག་པ་མ་ཟད་བོད་སྐད་ཡིག་ལ་དགའ་ཞེན་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས།
དེ་དག་གཙིགས་སུ་མི་འཛིན་པའི་སློབ་གྲྭ་ཁ་ཤས་ཀྱི་སློབ་གསོ་བྱེད་སྟངས་ལ་བལྟས་ཚེ་ཧ་ཅང་གི་སྐྱོ་བ་དང་ཡིད་མི་ཚིམ་པས་སྣང་བ་ཞིག་ངམ་ངམ་ཤུགས་ཀྱི་སྐྱེས་ཡོང་།
ལྷག་པར་རང་གི་དུས་ཡུན་མི་རིང་བའི་དགེ་རྒན་གྱི་ལས་གནས་ཁྲོད་དུ་དེ་འདྲའི་གནས་ཚུལ་མི་ཉུང་བ་ཞིག་འདུག་ལྷག་ཏུ་མི་རིགས་མི་གཅིག་གམ་ཡང་ན་མི་རིགས་གཉིས་སམ་གསུམ་གྱི་གྲུབ་པས་སློབ་གྲྭ་ཅིག་ལ་ཆ་མཚོན་ནས་བཤད་ན། སློབ་གྲྭ་དེ་གའི་བྱིས་པ་དེ་དག་གི་བདམ་གསེས་ཁོ་ཚོར་འདྲི་རྟགས་ཅིག་མིན་པ་རྟོགས་པས་མ་ཟིན་གྱི་རྒྱུ་མཚན་རགས་བསྡུས་ཤིག་ཕྲི་ན། ཁོར་ཡུག་ལྟོས་པ། མི་རིགས་འབྲེལ་བ། ཕ་མའི་སློབ་གསོ། རྒན་གྱི་དམིགས་ཁྱད།
མ་གཞི་ནར་མ་སོན་པའི་བྱིས་པའི་བློ་ཁོག་བག་ཆུང་བ་གཡག་སྣ་གར་ཁྲིད་ཀྱི་དཔེ་བཞིན་ཡིན་གྱི་དབང་དུ་བཏང་ན། ཁོར་ཡུག་མི་མཐུན་པས་གསོ་སྐྱོང་། ཐོག་མའི་སྐད་ཆ་སྐྱོན་གྱི་ཟིན་པའི་ལྟ་ཚུལ། སློབ་གྲྭའི་སློབ་མའི་རིགས་དང་མི་མཐུན་པའི་སྐད་ཆའི་འཁྱུག་རྩལ། རྗེས་མར་ཁྱད་ཆོས་ར་མ་ལུག་གི་སྐྱོན་ཅན་གྱི་སྤྲས་པ། ཕ་མ་དང་མི་རིགས་གཉིས་དཀའ་ལས་ཕྲད་ཀྱི་གནས་ཚུལ། བུ་ཕྲུག་གི་སྐད་ཡིག་རིན་ཐང་མ་ངེས་པས་མཚར་གཏམ། ཕ་མ་བུ་ཕྲུག་གི་འབྲེལ་བ་འདྲི་རྟགས་རྟོགས་པའི་མ་ཟིན་པས་རྒྱུ་མཚན་དེ་གའི་རང་སྐྱོང་ས་ཁུལ་གྱི་སྐྱོན་དཔྱད་ཕྲན་ཙམ་གྱི་མཇུག་བསྡུ་བའོ།
4.ཡི་གེ་ངོས་ཟིན་གྱི་རྩ་དོན།
ཐོག་མའི་རྨང་གཞི་དེ་བསྟུན་བློ་སྦྱོངས་སམ་བོད་སྐད་ཡིག་འབྲེལ་བའི་དབྱངས་གསལ་ངོས་འཛིན་གྱི་སྐོར་ནས་ངོས་ཟིན་མིན་དང་དེའི་རྩ་དོན་ཉུང་བསྡུས་གླེང་བར་བྱེད།
དེ་ལ་ཐོག་མའི་སློབ་གསོ་མཁན་ཕ་མ་དང་དགེ་རྒན་བླ་མ་དང་སྤྲུལ་སྐུ་གང་ཡིན་པས་ཀྱང་བོད་བྱམས་ལྡན་དང་སྙིང་རྗེ་མི་རིགས་ཤིག་ཡིན་པ་ལས་བུ་རབས་ཚ་རྒྱུད་དེ་བཞིན་མི་གཞི་ལེགས་པོ་ཚུགས་ཐུབ་ཅིག་ཉན་དགོས་ཚེ་སློབ་གསོ་མཁན་ཐོག་མའི་སྐད་ཡིག་གོམས་གཤིས་ལས་འཁྱོངས་དགོས་ཀྱི་རིགས་གཞན་གྱི་ནུས་པ་གདེང་འཇོག་ཚབས་ཆེན་བྱས་པ་ནི་ཧ་ཅང་ཁག་པོའི་ལམ་དུ་བསྐྱལ་བ་ལས་ཅི་ཡང་མིན་ཞེས་ལབ་མེད་ནའང་དེ་ལྟར་ཡིན་གྱི་འདོད་པས་སྐད་ཆ་མདོར་ཙམ་བཤད་ན། སྔོན་བྱོན་མེས་པོ་དང་བླ་མ་ད་ལྟའི་དགོང་སྐར་གྱི་གནས་བབ་ན་ཡོད་པས་གོང་བཀུར་གྱི་སྐྱེས་བུ་དམ་པས་གསུང་རྒྱུན་དུའང་མི་གང་ཡིན་པ་དང་སྲོགས་ཆགས་གང་ཡིན་པས་ཀྱང་སྐྱེ་སྔོན་ལས་བསགས་ད་ལྟའི་འབྲས་བུར་དམིགས་པ་དང་བག་ཆགས་སུ་གོམས་པ་ལ་རྟོག་པ་འདྲ྄་མིན་འཆར་ཡང་བསམ་གཞིག་གམ་མདང་རྒྱག་དགོས་ཀྱི་འདུག་སྙམ།
སྤྱིར་རང་སྐྱོང་ས་ཁུལ་གྱི་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་། སློབ་ཆེན། གང་དང་གང་ཡིན་ནའང་རང་སྐད་ཀྱི་སློབ་ཁྲིད་ཁྲོད་དུ་དགེ་སློབ་ཕྱོགས་གཉིས་ཀས་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས།
སྐད་ཡིག་སློབ་ཁྲིད་དེ་དགེ་རྒན་གྱི་ཁྲིད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པ་མ་ཡིན་པར་དགེ་སློབ་འདྲ་མཉམ་གྱིས་ཕན་ཚུན་གཏམ་གླེང་བྱེད་པའི་བརྒྱུད་རིམ་ནང་བྱེད་དགོས། སློབ་མ་ནི་སྐད་ཡིག་སློབ་སྦྱོང་བྱཻད་མཁན་གྱི་བྱེད་པ་པོ་དངོས་དེ་ཡིན།
སྐད་ཡིག་སློབ་ཁྲིད་ཀྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐུལ་སློང་བྱེད་དགོས་པ་དང་སློབ་མས་རང་ཐོག་གི་སྒོ་ནས་སྐད་ཡིག་སློབ་སྦྱོང་བྱེད་པའི་འདུ་ཤེས་དང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སློབ་མར་རང་རྟོགས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ལེགས་པོ་ཞིག་བསྐྲུན་དགོས་དེ་བཞིན་མི་རིགས་གང་གི་སློབ་མ་ཡིན་ནའང་སློབ་མ་སོ་སོའི་ཁྱད་ཆོས་མི་འདྲ་བར་བརྩི་འཇོག་བྱས་ཏེ་ཁོ་ཚོ་རང་ཉིད་ཀྱི་ཁྱད་ཆོས་མི་འདྲ་བར་བརྩི་འཇོག་བྱས་ཏེ་ཁོ་ཚོ་རང་ཉིད་ཀྱི་ཁྱད་ཆོས་དང་འཚམ་པའི་སློང་སྦྱོང་བྱེད་ཐབས་འདེམས་རྒྱུར་སྐུལ་མ་གཏོང་དགོས།
5.རྨང་གཞིའི་སློབ་གསོ་དང་ཤེས་བྱའི་སྐོར།
རང་སྐྱོང་ལྗོངས་རང་སྐྱོང་ཁུལ་སོ་སོའི་ཆེས་མ་མཐའ་རང་གི་སྐད་དང་ཡི་གེ་མཐོང་ཆེན་འཛིན་དགོས་པ་གལ་ཆེ་ཤོས་སུ་ཆགས་འདུག་པ་དང་འོས་འགན་ལྕི་མོ་ཡིན་པར་འདོད་པས་ལྷག་ཏུ་སློབ་ཆུང་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་སྐད་ཡིག་གི་དབྱངས་གསལ་ངོས་འཛིན་དང་མགོ་འདོགས་རྩེག་གསུམ་སོགས་ཀྱི་ཡི་གེ་ངོས་འཛིན་པ་དང་ཡིག་གཟུགས་འབྲི་སྦྱོང་བྱ་རྒྱུ་ནི་ལྟ་ཀློག་དང་རྩོམ་འབྲིར་འཇུག་པའི་ཐོག་མའི་རྨང་གཞི་ཡིན་པས་སློབ་ཆུང་གནས་སྐབས་སུ་ཀློག་གི་སྦྱོང་བརྡར་སྤྲོད་རྒྱུ་དེ་སློབ་ཁྲིད་ཀྱི་གཙོ་གནད་དུ་བཞག་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་སྦྱོང་བརྡར་སྤྲོད་དགོས།
དེ་ལྟར་རྒྱུན་མཁོའི་མིང་ཚིག་གསོག་འཇོག་བྱ་རྒྱུ་ནི་ལྟ་ཀློག་དང་རྩོམ་འབྲིའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན། ཞོར་དུ་སུམ་ཅུ་བའི་སྒྲ་སྦྱོར་བློ་འཛིན་བྱེད་པ་མཐོང་ཆེན་བྱེད་དགོས་པ་དང་བརྡ་སྤྲོད་ཤེས་བྱ་སློབ་ཁྲིད་བྱེད་སྐབས་སྐད་ཡིག་ལག་ལེན་དང་ཟུང་འབྲེལ་བྱེད་དགོས་པ་མ་ཟད་ནམ་ཀུན་སློབ་ཁྲིད་ཁྲོད་སློབ་ཚན་དང་སྐབས་འཕྲལ་འབྲེལ་བ་བྱས་ཏེ་ལག་ལེན་གྱི་ཁྲོད་དུ་རིམ་པས་སྦྱོང་བརྡར་སྤྲོད་ན་བཟང་བར་སེམས།
གཞན་ཡིག་གཟུགས་འབྲི་སྟངས་སློབ་ཁྲིད་བྱེད་སྐབས་སློབ་མར་མཛུབ་ཁྲིད་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་ཡིག་གཟུགས་འབྲི་སྟངས་ཀྱི་རྩ་བའི་ཆོས་ཉིད་དང་འགྲོ་ལུགས་ཁོང་དུ་ཆུད་རྒྱུར་ལམ་སྟོན་བྱས་ནས་ཡི་གེ་འབྲི་སྟངས་ཀྱི་གོམས་གཤིས་ལེགས་པོ་ཞིག་ཆགས་ཐུབ་པ་བྱེད་དགོས་པ་ལས་ཞིབ་ཕྲའི་རེ་འདུན་དང་དམིགས་སའི་རང་བཞིན་ཆེར་མེད་པར་ཐེངས་གྲངས་གཏན་འབེབ་ཀྱིས་སྦྱོང་བརྡར་སྤྲོད་པ་ཆེར་འགྲིག་འདུག་མི་ཤེས་གི་དེའི་སྟབས་ཀྱི་བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་རྨང་གཞིའི་སློབ་གསོའི་དུས་སྐབས་སུ་བོད་སྐད་ཡིག་གི་ལས་འགན་དང་དགོས་མཁོ་བཅས་ལ་དམིགས་ཏེ་དུས་རབས་རིམ་བྱུང་གི་རྩོམ་རིག་གྲངས་འབོར་ཅིག་ལྟ་ཀློག་བྱེད་དགོས་རང་གིི་ཡང་ད་ལྟའི་སྤྱི་ཚོགས་ཀྱི་སློབ་གསོ་ལྷག་པར་རང་སྐྱོང་ལྗོངས་རང་གནས་རང་འཕེལ་དགོས་པར་དམིགས་ཏེ་བཤད་ཁུལ་ཙམ་བྱས་ཟིན་ནོ།
6.ཡིད་གཟབ་བྱེད་དགོས་སའི་རྩ་གནད་འགའ།
སྐད་ཡིག་སྦྱོང་བརྡར་དང་བསམ་བློའི་སློབ་གསོའི་བར་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་ཡིན་པས་སློབ་ཕྲུག་ལ་སྐད་ཡིག་ཤེས་བྱའི་སྦྱོང་བརྡར་སྤྲོད་པའི་བརྒྱུད་རིམ་ནང་བསམ་བློའི་སློབ་གསོ་གཏོང་དགོས། འོན་ཀྱང་། བསམ་བློའི་སློབ་གསོ་གཏོང་རྒྱུར་མཐོང་ཆེན་གྱིས་སྐད་ཡིག་ཤེས་བྱའི་སྦྱོང་བརྡར་ལྷོད་གཡེང་གཏོང་བའི་སྣང་ཚུལ་མི་ཐོན་པ་བྱེད་དགོས་ལ་སྐད་ཡིག་ཤེས་བྱར་མཐོང་ཆེན་གྱིས་བསམ་བློའི་སློབ་གསོར་མཐོང་ཆུང་མི་འགྲོ་བའང་དགོས།
ཉན་བཤད་ཀློག་འབྲི་བཞི་ནི་སྐད་ཡིག་གི་གཞི་རྩའི་ནུས་རྩལ་ཡིན་ཞིང་སྐད་ཡིག་གི་གཞི་རྩའི་ནུས་རྩལ་གསོ་སྐྱོང་བྱེད་རྒྱུ་དེ་ནི་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་གྲས་ཤིག་ཡིན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་ངེས་པར་དུ་ཉན་བཤད་སྦྱོང་བརྡར་ཀློག་འབྲིའི་ནུས་རྩལ་བཞི་བོ་གསོ་སྐྱོང་བྱེད་རྒྱུར་གཅིག་མཚུངས་ཀྱི་མཐོང་ཆེན་བྱས་ཏེ་ཉན་ཀློག་བརྒྱུད་ནས་བཤད་འབྲི་སྦྱོང་དུ་བཅུག་པ་དང་བཤད་འབྲིར་བརྟེན་ནས་ཉན་ཀློག་ལ་སྐུལ་འདེད་བྱས་ཐོག་ཉན་བཤད་ཀློག་འབྲི་ཕྱོགས་བཞི་ཀའི་འཇོན་ཐང་གསོ་སྐྱོང་བྱེད་དགོས།
དེ་ལྟར་ང་ཚོ་སུ་དང་སུ་ཡིན་ནའང་ལས་གནས་གང་འདྲ་དེ་འདྲའི་སྟེང་ནས་དོགས་ཟོན་བྱེད་དགོས་ས་དག་དམིགས་སུ་བཟུང་ནས་འབད་པའི་རེ་བ་དང་བཅས་བྲིས་སོ།
8.སློབ་ཁྲིད་ཀྱི་ཐབས་ཤེས་མདོར་ཙམ།
དགེ་རྒན་གྱིས་སློབ་དེབ་འཕྱན་དུ་བཙིར་པ་ནས་སློབ་མའི་སློབ་སྦྱོང་ཞིག་ཡིན་པ་དང་སོ་སོས་སློབ་སྦྱོང་བྱེད་ཤེས་པ་བྱ་རྒྱུ་ནི་ཆེས་རྩ་བར་གྱུར་པའི་སློབ་སྦྱོང་གི་འདུ་ཤེས་ཤིག་རེད། ང་ཚོའི་དུས་རབས་ནི་ཆེས་མྱུར་ཞིང་སྐད་ཅིག་ཏུ་སྐད་ཅིག་ཏུ་འཕེལ་རྒྱས་འགྲོ་བའི་དུས་རབས་ཤིག་དང་ཆ་འཕྲིན་མྱུར་འཕེལ་གྱི་དུས་རབས་ཤིག་ཡིན་པ་དེའི་ནང་འཚོ་གནས་བྱེད་ཐུབ་པ་དང་རྗེས་ཆོད་པ་བྱུང་དགོས་ཚེ་རང་སྦྱོང་བྱེད་ཤེས་པ་ཞིག་བྱེད་དགོས།
སློབ་གྲྭའི་ནང་ཤེས་བྱ་སྦྱོང་བའི་དུས་ཚོད་ལ་ཚད་ཡོད་ཅིང་། སྤྱི་ཚོགས་ལ་མཁོ་པའི་ཤེས་བྱ་ནི་ཚད་མེད་ཅིག་ཡིན་པས་རང་སྦྱོང་བྱེད་ཤེས་པ་བྱ་རྒྱུ་དེ་གལ་ཤིན་དུ་ཆེ་བ་ཡིན། སློབ་ཁྲིད་ཀྱི་ཐབས་ཤེས་ཡོད་ཚད་སྐོང་འཐེན་བྱས་ཏེ་སློབ་ཁྲིད་ཀྱི་ལྷུ་ཚིགས་ཚང་མའི་ནང་སློབ་མ་ཚོས་སློབ་སྦྱོང་ཇི་ལྟར་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། སློབ་མ་ཚོར་སྐད་ཡིག་ཁོང་དུ་ཆུད་ཐབས་སློབ་སྐབས་སྐད་ཡིག་རང་སྦྱོང་བྱེད་པའི་ནུས་པ་གསོ་སྐྱོང་གི་དགོས་པ་དེ་དམིགས་ཏེ་བཤད་ན་འགྲིག་ལ་སློབ་ཚན་འཁྲིད་པའི་བརྒྱུད་རིམ་དང་། བསྐྱར་སྦྱོང་དང་རྩོམ་ཡིག་ལ་དཔྱད་བརྗོད་བྱེད་སྐབས་སམ་རྒྱུགས་ཤོག་དབྱེ་ཞིབ་སྐབས་དང་སློབ་གསེང་གི་བར་དུ་བཤད་ནའང་འགྲྀག དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་བྱེད་དགོས་པ་དང་སློབ་མ་སོ་སོས་རང་སྦྱོང་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་སློབ་སྦྱོང་བྱེད་ཐབས་ཀྱི་ཉམ་མྱོང་སྤེལ་རེས་བྱ་རྒྱུར་མཛུབ་སྟོན་བྱེད་དགོས། སློབ་སྦྱོང་བྱེད་ཐབས་ཁོང་དུ་བྱ་རྒྱུ་ནི་སློབ་མ་རང་ངོས་ཀྱི་བྱ་སྤྱོད་ཅིག་ཡིན། དགེ་རྒན་གྱིས་སློབ་སྦྱོང་བྱེད་ཐབས་བཤད་ཁྲིད་དང་མཛུབ་ཁྲིད་དཔེ་སྟོན་བྱེད་པ་ནི་བློ་སྒོ་འབྱེད་བྱེད་ཙམ་ལས་གཞན་འགན་འཕྲོག་སྒྲུབ་བྱེད་པ་ཞིག་མིན་པས་སློབ་ཕྲུག་གིས་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས་ན་ངེས་པར་དུ་སློབ་ཕྲུག་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་རྒྱུར་ཡིད་གཟབ་བྱས་ནས་སློབ་མ་རང་ཉིད་ཀྱིས་སློབ་སྦྱོང་ལ་ཉམས་ཞིབ་དང་བསམ་གཞིག་ཐུབ་པ་བྱས་ཏེ་སོ་སོའི་ཡོན་ཚད་དང་འཚམ་པའི་ཕན་ནུས་ཐོན་པའི་སློབ་སྦྱོང་བྱེད་ཐབས་ཕྱོགས་བསྡོམས་ཐུབ་པ་བྱེད་དགོས།
དགེ་རྒན་རང་ངོས་ནས་ཐབས་ཤེས་རིག་པ་དང་སློབ་སྦྱོང་རིག་པ་སྐད་ཡིག་སློབ་སྦྱོང་བྱེད་ཐབས་བཅས་ལ་ཤུགས་སྣོན་ཡང་བྱེད་དགོས། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེ་བའི་མཐོ་སློབ་རྒྱུགས་ལེན་གྱིས་གཙོས་པའི་རྒྱུགས་ལེན་ལས་བྱུང་བའི་ལྟ་སྟངས་བསམ་འཆར་སྣ་ཚོགས་ཡོད་མོད་འདིར་གཙོ་བོ་རྒྱུགས་ལེན་གྱི་ནུས་པའི་སྐོར་བཤད་ན། རྒྱུགས་ལེན་གང་འདྲ྄་ཞིག་ཡིན་རུང་བསྐྱར་སྦྱོང་དང་འབྲེལ་བ་ཡོད།
བསྐྱར་སྦྱོང་བྱ་རྒྱུ་དེ་ཡང་སྦྱངས་ཟིན་པའི་ཤེས་བྱ་ཁག་བསྐྱར་ཟློས་དྲན་གསོ་བྱ་རྒྱུ་ཙམ་ཞིག་མིན་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་པ་ཞིག་ཡིན། དེ་བས་དེའི་ཕྱོགས་ལ་དོ་སྣང་རྒྱ་ཆེན་པོ་བྱེད་རྒྱུ་གལ།
8.རྒྱུན་ལྡན་འཚོ་བའི་དགོས་མཁོ་རགས་ཙམ།
རྒྱལ་ཁབ་སོ་སོ་ནས་མི་རིགས་སོ་སོ་ཡུལ་གྲུ་སོ་སོར་རང་གི་ཁོར་ཡུག་དང་མཐུན་པའི་སློབ་གསོ་བྱེད་སྟངས་འདྲ་མིན་ཞིག་ཡོད་པ་རེ་རེ་རང་ལ་རྒྱུས་མངའ་ཆེ་དྲག་པོ་མེད་ནའང་གསལ་ཁ་དོད་པོའི་སྒོ་ནས་སྨྲ་འང་མི་སྤོབས། གང་ལྟར་རང་གི་ཁོར་ཡུག་གམ་ཐག་ཉེ་ས་དེ་ནས་རང་གི་ནུས་པ་དང་འཚམ་པའི་སྣང་ཚུལ་འགའ་བརྗོད་ན། མི་རིགས་ཀྱི་མི་རིགས་ཚབ་བྱེད་པ་དང་སྐད་ཡིག་སྐད་ཡིག་གི་ཚབ་ཏུ་ཉན་པ་དུས་རབས་གསར་བའི་འགྲོ་ཕྱོགས་ཅིག་ཡིན་སྲིད་ན་ཐང་མོད་ཕ་མ་བུ་རྒྱུད་ཀྱི་གཏམ་གླེང་བྱེད་མི་ཐུབ་པ་དེ་ནི་མི་རིགས་དང་དེ་གའི་སྤྱིའི་ཁོར་ཡུག་གི་གྱོང་གུད་ཚབས་ཆེན་ལྟ་བུ་ཞིག་ག་ལ་མིན།
དེ་འདྲའི་གནས་ཚུལ་འཇིགས་ཡེར་བ་ཞིག་གི་དུས་བབས་སུ་བག་ཆགས་གཏན་ཚིགས་བྱིས་པའི་བསམ་བློ་འགྱུར་བ་གཏོང་བའི་སྐད་ཡིག་གི་སྒྱུ་རྩལ་དེར་ཅི་ནས་འབད་ཐག་ཅིག་བྱེད་པ་དང་དགོས་གལ་ཆེ་བ་དྲིན་ཆེན་དྲིན་དུ་བཟོ་བ་ལེགས་ཉེས་ཁྱད་པར་འབྱེད་ཐབས་སུ་དེ་བས་མདང་རྒྱག་དགོས་པ་དང་ལག་ལེན་ལག་བསྟར་ཡང་བཏབ་དགོས།
9.མཇུག་གཏམ།
རང་གཞན་ཀུན་ཕན་གྱི་བསམ་བློ་དེ་འདྲའི་ཐོག་ནས་སྤྱི་ཚོགས་ཀྱི་ལམ་བུ་བརྒྱུས་པའི་མི་ཚེའི་བགྲོད་ལམ་ངོགས་ནས་སློབ་གསོའི་ཁ་ཕྱོགས་ཀྱི་ལམ་བུ་དེ་ནས་མི་ཚོགས་ལ་སྐུལ་མ་ཙམ་གྱི་སློབ་གསོ་ཐབས་གཉིས་སྐོར་གྱི་ཕྲན་དཔྱད་ཅེས་པ་གནས་སྐབས་སུ་མཇུག་རྫོགས་པས་བརྗོད་བྱ་གཏམ་གྱི་ལང་ཚོ་མིག་གི་དགའ་སྟོན་དུ་འགྱུར་བའི་སྨོན་འདུན་དང་བཅས་ལྷག་བསམ་རྣམ་པར་དག་པའི་བློ་ཡི་ཚུལ་དང་འགྲོགས་ནས་མཇུག་བསྡུས་པའོ ། །
སློབ༵་གསོའི་དུས་ཀྱི་རེ་བཞག་ཀུན་གྱི་འབད་པས་བརྩོན་ལ་བྲེལ ། །
གསོ༵་སྐྱོང་བྱིས་པའི་དམིགས་ལྟོས་ཕ་མའི་ཚེ་གཅིག་སྐུལ་མའི་རྒྱུ ། །
ཐབ༵ས་ཀྱི་རིགས་སུ་དཀའ་བརྒྱའི་ལང་ཚོ་བྲེལ་བའི་དུས་འདའ་བ ། །
གཉིས༵་ཕན་བསམ་བློའི་ཕྱུག་པའི་གང་ཟག་མཚན་གྱིས་ཕན་པར་དགེ།