འཛིན་བདག་གིས་སློབ་མར་དོ་དམ་བྱ་ཚུལ་སྐོར་ཅུང་ཙམ་གླེང་བ།
གྲུབ་ཚིག་གལ་ཆེན། འཛིན་གྲྭ སློབ་སྦྱོང་། སྒྲིག་ལམ། དགའ་ཁ་མོས་ཕྱོགས། རང་གཤིས། སློབ་གསོ།
ནང་དོན་གནད་བསྡུས། འཛིན་གྲྭ་ཞིག་གི་སློབ་སྦྱོང་དང་སྒྲིག་ལམ།ཀུན་སྤྱོད།གཙང་སྦྲ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་མིན་དེ་ཐད་ཀར་དུ་འཛིན་གྲྭའི་འཛིན་བདག་ལ་འབྲེལ་བ་དམ་པོ་ཡོད་པས།འཛིན་བདག་གིས་ནུས་པ་གང་ལེགས་བཏོན་ནས་འཛིན་གྲྭ་དེའི་ཕྱོགས་ཡོངས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ན་འཛིན་གྲྭ་དེ་སྤྱི་ཁྱབ་རང་བཞིན་གྱི་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་ངེས་ཡིན།དགེ་རྒན་སུ་ཡིན་རུང་འཛིན་གྲྭ་ཞིག་གི་བདག་པོའི་འགན་འཁྲི་བསྐོས་ཚེ། འཛིན་གྲྭ་དེའི་སློབ་མ་རྣམས་ལ་དོ་དམ་གང་འདྲ་བྱེད་པ་དང་གནད་གང་དག་དམིགས་སུ་འཛིན་དགོས་པ་ཕྱོགས་ལྔ་ནས་བསམ་བློ་གཏོང་དགོས།
དང་པོ། སློབ་མ་སོ་སོའི་དགའ་ཁ་མོས་ཕྱོགས་ལ་རྒྱུས་ལོན་བྱས་ནས་སློབ་གསོ་གཏོང་སྟངས།
འཛིན་བདག་ཞིག་ཡིན་ཚེ།ཐོག་མར་འཛིན་གྲྭའི་སློབ་མ་རེ་རེའི་གནས་ཚུལ་གསལ་བོར་ཤེས་པའི་རྨང་གཞའི་སྟེང་ནས་སློབ་མར་རྒྱུས་ལོན་བྱ་དགོས།སློབ་མ་སོ་སོའི་རང་གཤིས་མི་འདྲ་ཞིང་།སློབ་གྲོགས་ལ་ལ་རྩེད་མོ་སྣ་ཚོགས་རྩེ་བར་དགའ་བ་དང་སྐད་ཆ་ཡོད་ན་ཁོག་ཏུ་མི་སྦ་བར་གང་བྱུང་དུ་འཆད་པར་དགའ་ལ།སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་དཀའ་ཁག་འདྲ་མིན་ལ་ཕྲད་ཚེ་སྤོབས་པ་གཟེངས་སུ་བཏེགས་ཏེ་དགེ་རྒན་ལ་འདྲི་ནུས་ཤིང་ཡིན་མིན་བརྡར་ཤ་གཅོད་པར་ཐེ་ཚོམ་མེད།སློབ་གྲོགས་ལ་ལ་སྐད་ཆ་འཆད་རྒྱུར་མི་དགའ་ཞིང་རྩེད་མོ་ལའང་མི་སྤྲོ་བར་ཁོ་གཅིག་པུར་གྲགས་མེད་འགུལ་མེད་ངང་དཔེ་ཆ་ཁོ་ནར་བལྟ་རྒྱུར་དགའ་བ་རེད།ཡང་སློབ་གྲོགས་ལ་ལ་གླུ་གར་དང་རྩལ་སྦྱོང་ལ་དགའ་ཞིང་།སློབ་གྲོགས་ལ་ལ་རི་མོ་དངཡིག་གཟུགས་འབྲི་བ།དཔེ་ཆ་བལྟ་རྒྱུ་སོགས་ལ་དགའ་བས།འཛིན་བདག་གིས་སློབ་མ་རེ་རེའི་་དགའ་ཁ་མོས་ཕྱོགས་གསལ་བོར་རྒྱུས་ལོན་བྱས་རྗེས།སློབ་མ་རེ་རེའི་མོས་ཕྱོགས་ཐད་ལ་རམ་བུ་བཏགས་ཏེ་འཐུས་སྒོ་ཚང་བའི་སྣེ་ཁྲིད་དང་སྐྱེད་སྲིང་བྱ་དགོས་ཤིང་།དེ་ཡང་འབྲེལ་ཡོད་ཀྱི་ཤེས་བྱའི་རྒྱུ་ཆ་མཁོ་འདོན་བྱས་ཏེ་དགའ་ཕྱོགས་དེའི་རྨང་གཞི་ཇེ་བརྟན་དུ་གཏོང་བར་སེམས་ཤུགས་བཀོལ་དགོས།སློབ་མ་དེ་དག་ལ་འཛིན་གྲྭ་ཡོངས་ཀྱི་སྔུན་ནས་གཟེངས་བསྟོད་བྱས་ནས་སྐུལ་ལྕག་གཏོང་དགོས་པ་དང་སློབ་མ་རེ་རེའི་རྒྱུད་ཀྱི་ལྷན་སྐྱེས་ཀྱི་རང་གཤིས་དེ་རྒྱུན་སྐྱོང་བ་ལས་བཀག་རྒྱ་གཏན་ནས་བཟོ་མི་ཉན་པ་རེད།
གཉིས་པ། སློབ་མ་སོ་སོའི་རང་གཤིས་ལ་རྒྱུས་ལོན་བྱས་ནས་སློབ་གསོ་གཏོང་སྟངས།
“མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག” ཅེས་པ་བཞིན་སློབ་མ་མང་ཆེ་ཤོས་ཤིག་ལ་སློབ་གསོ་ཐེངས་གཅིག་བཏང་བས་ཁ་ལེན་ཚིག་བརྩི་བྱེད་ནའང་།སློབ་མ་མང་ཤོས་ཤིག་ལ་སློབ་གསོ་ཐེངས་གཅིག་བཏང་བས་ཕན་ནུས་སྤུ་ཙམ་ཡང་མི་ཐོན་པ་རེད།དེ་བས་སློབ་མ་ལ་ལར་དགེ་རྒན་གྱི་འུད་བསྟོད་དང་ངོ་བསྟོད་ཀྱི་ཚིག་འཇམ་པོ་འོ་མ་འདྲ་བ་མཁོ་སྟེ།དཔེར་ན།ཁྱོད་ཀྱིས་ད་ཐེངས་ཀྱི་སྐྱོན་ཆར་བདག་གིས་གུ་ཡངས་བཏང་ཆོག“ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན།མི་སྐྱོན་མེད་འཛམ་བུ་གླིང་ན་མེད།”ཅེས་པའི་དཔེ་སོགས་དྲངས་ཏེ།རང་ཉིད་ཀྱི་སྐྱོན་ཆར་སེམས་གཏིང་ནས་ངོས་ཟིན་དུ་བཅུག་ནས་“རྗེས་ཕྱོགས་སུ་རང་སྐྱོན་རང་གིས་བཅོས་བསྒྱུར་བྱེད་ཐུབ་ན་ཡ་རབས་ཀྱི་སློབ་མ་ཡིན”་ཞེས་སློབ་གསོ་གཏོང་དགོས་པ་རེད།ཡང་སློབ་མ་ལ་ལས་ཐོག་དང་པོར་སྐྱོན་ཆུང་ངུ་རེ་བཅོས་ཚེ།དགེ་རྒན་གྱིས་དེ་མ་ཉིད་ནས་འབུར་འཇོམས་བྱས་ན།རྗེས་ཕྱོགས་སུ་སློབ་མ་ཚང་མའི་སེམས་སུ་དགེ་རྒན་བཙན་པོ་ཞིག་རེད་སྙམ་ནས།དགེ་རྒན་དང་འབྲེལ་འདྲིས་བྱེད་མི་ཐུབ་པར་བར་ཐག་བཀྱེད་འགྲོ་བ་རེད།དེའི་ཕྱིར་དགེ་རྒན་གྱིས་སློབ་མ་སོ་སོའི་རང་གཤིས་ལ་རྒྱུས་ལོན་ཟབ་མོ་བྱས་ནས་ལ་ལར་འཇམ་པོའི་ངག་གིས་སྐུལ་མ་གཏོང་བ་དང་།ལ་ལར་སྐད་གདངས་དྲག་པོས་འཇིགས་སྐུལ་བ།ལ་ལར་སེམས་བསྟན་ནས་སྙིང་གཏམ་བརྗོད་པ་སོགས་གང་ལ་གང་འཚམ་སྒོས་སློབ་གསོ་གཏོང་དགོས་པ་ཡིན།
གསུམ་པ། འཛིན་དཔོན་དང་ཚོ་དཔོན་སོ་སོར་རང་ལྕོག་གི་འགན་འཁྲི་འཇོག་པ།
འཛིན་གྲྭ་གཅིག་ལ་འཛིན་དཔོན་གཉིས་དང་ཚོ་དཔོན་བཞི་ཡོད་པའི་དབང་དུ་བཏང་ཚེ།འཛིན་གྲྭའི་བྱ་བ་ཕྲན་ཚེགས་རེ་མི་དྲུག་པོར་ཆ་སྙོམས་ཀྱིས་བགོ་དགོས།སློབ་མ་གཅིག་གིས་སློབ་སྦྱོང་ཐད་ཀྱི་གནད་དོན་ཐག་གཅོད་པ་དང་སློབ་མ་ཅིག་ཤོས་ཀྱིས་སྒྲིག་ལམ་ཐད་ལ་མཉམ་འཇོག་བྱེད་པ།ཡང་སློབ་མ་གཅིག་གིས་འཛིན་གྲྭའི་ཕྱི་ནང་གི་གཙང་སྦྲའི་ཐད་ལ་སྐོར་ཞིབ་བྱེད་པ།ཅིག་ཤོས་ཀྱིས་འཛིན་གྲྭའི་རྒྱུ་རྗས་ལ་བདག་གཉེར་དོ་དམ་བྱེད་པ་སོགས་རང་གི་ནུས་ཚོད་ལྟར་འགན་འཁུར་དུ་འཇུག་དགོས་ཤིང་།གཟའ་འཁོར་རེ་རེའི་གཟའ་ཉི་མའི་ཉིན་འཛིན་བདག་གིས་རེ་རེ་བཞིན་དུ་སྤྱི་སྡོམ་དང་དག་ཐེར།ཐག་གཅོད་བཟང་བོ་བྱས་ན་སློབ་མའི་རང་རྐྱ་འཕེར་བའི་ནུས་པ་སྔོག་འདོན་བྱེད་པར་དགེ་མཚན་ཐོན་ངེས་ཡིན།
བཞི་བ། སློབ་མའི་གནས་བབ་རྒྱུས་ལོན་བྱས་རྗེས་གང་ལ་གང་འཚམ་གྱི་བྱ་འགུལ་སྤེལ་བ།
འཛིན་བདག་ལ་ལས་རང་ཉིད་ཀྱི་སློབ་མར་ཧ་ཅང་ཤ་ཚ་ཞེས་ཉིན་མཚན་དུས་དྲུག་ཏུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས།ནམ་རྒྱུན་དུ་སློབ་གསོ་བཏང་ན་སློབ་མར་སུན་སྣང་སྐྱེ་སྲིད།ཡང་སློབ་མའི་སེམས་ཁམས་དང་མི་བསྟུན་པར་སློབ་ཁྲིད་ཀྱི་ཁར་སློབ་ཁྲིད་བརྩེགས་ན།སློབ་མ་རྣམས་ཀྱི་སྤྲོ་བ་ཉམས་པ་ལས་གཞན་དགོས་མེད་ཀྱི་གནོན་ཤུགས་ཤིག་ཏུའང་འགྱུར་སྲིད།དེའི་རྐྱེན་གྱིས་སྐབས་འགར་ཕྱི་རོལ་ཏུ་འཆམ་འཆམ་སྤྲོ་གསེང་ལ་ཁྲིད་དེ་རྩེད་འཇོར་རོལ་བ་དང་།ཡང་སྐབས་འགར་སྤོ་ལོ་འགྲན་སྡུར་རམ་མཆོང་ཐག་འགྲན་སྡུར།རྐང་རྒྱུག་འགྲན་སྡུར་སོགས་ཀྱི་བྱ་འགུལ་ཆུང་ངུ་རེ་སྤེལ་བ་དང་།ཡང་སྐབས་ལ་ལར་སློབ་མ་ཡོད་ཚད་གཞི་གཅིག་ལ་འཛོམ་དུ་བཅུག་རྗེས་རང་རང་གི་བསམ་འཆར་དང་རེ་བ།འདོད་ཚུལ་རྣམས་སྦ་གསང་མེད་པར་འཆད་དུ་འཇུག་དགོས།
ལྔ་བ། སྒྲིག་གཞི་དང་ལྷག་བསམ་གཞི་གཅིག་ཏུ་བསྲེས་ཏེ་སློབ་གསོ་གཏོང་དགོས།
འཛིན་གྲྭ་ཞིག་ལ་མཚོན་ན་འཛིན་གྲྭ་རང་ལ་སློབ་མ་རྣམས་ཀྱིས་ངེས་པར་དུ་བརྩི་དགོས་པ་དང་བསྲུང་དགོས་པའི་སྒྲིག་ལམ་ཞིག་ཡོད་ལ།སྲུང་བྱ་རེ་རེ་ལག་ལེན་མཐའ་འཁྱོལ་བྱ་རྒྱུ་ནི་ངེས་པར་དུ་ཤེས་དགོས་པའི་དོན་དག་གལ་ཆེན་ཞིག་ཡིན།གལ་ཏེ་སློབ་མ་སུ་ཞིག་གིས་མ་རབས་པྲ་ཆལ་གྱི་བྱ་བ་བསྒྲུབས་ཚེ།དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས་ལྷག་བསམ་རྣམ་དག་སྒོས་སློབ་གསོ་བཏང་ནས།སློབ་མ་དེ་ལེགས་ལམ་དུ་ཁྲིད་པར་རོགས་རམ་བྱ་དགོས།།