logo

མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་བོའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།:པཎ་ཆེན་བསོད་ནམས་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-27 ཀློག་གྲངས།:

ལུགས་གཉིས་ཇི་བཞིན་མཁྱེན་པ་ཡི།།
ཐུབ་དབང་ཞབས་ལ་གུས་བཏུད་ནས།།
མཁས་དང་བླུན་པོ་རྣམ་དབྱེ་པའི།།
ལེགས་བཤད་མདོ་ཙམ་བསྒྲག་པར་བྱ།།


མཁས་པ་ཞེས་བྱ་འཇིག་རྟེན་དང༌།།
ཆོས་ཀྱི་ཚུལ་ལ་མཁས་པ་སྟེ།།
རྣམ་པ་གཉིས་གསུངས་དེ་བཞིན་དུ།།
བླུན་པོ་ཡང་ནི་གཉིས་སུ་བཤད།།


མཁས་པ་དང་བོ་ཚེ་འདི་དང༌།།
ཕྱི་མ་དང་བོར་དགེ་འགྱུར་ཞིང༌།།
བླུན་པོ་གཉིས་ནི་རིམ་པ་བཞིན།།
འདི་དང་ཕྱི་མར་ཕུད་ཞེས་བཤད།།


དེས་ན་མཁས་དང་བླུན་པོའི་ཁྱད།།
རི་རབ་དང་ནི་རྡུལ་ཕྲན་དང༌།།
རྒྱ་མཚོ་དང་ནི་ལྟེང་ཀ་དང༌།།
ནམ་མཁའ་ལག་མཐིལ་ལྟ་བུ་ཡིན།།


མཁས་པ་མཁས་པའི་དྲུང་ན་མཛེས།།
ཡོན་ཏན་ཇི་བཞིན་མཐོང་བས་ཡིན།།
རིན་ཐང་མེད་པའི་ནོར་བུ་དེ།།
དེད་དཔོན་ལག་ཏུ་མཛེས་ལ་ལྟོས།།


བླུན་པོའི་གམ་ན་མཁས་མི་མཛེས།།
ཡོན་ཏན་མཐོང་བ་མེད་པས་ནོངས།།
ཙན་དན་གསེར་ལས་རིན་ཆེ་བ།།
བླུན་པོས་སོལ་བར་བྱས་ལ་ལྟོས།།


མཁས་པ་མཁས་པའི་ངག་བཞིན་ཉན།།
དེ་ལས་ཡོན་ཏན་འོས་པ་འཐོབ།།
གྲུ་དཔོན་ལེགས་ཕྱིན་ངག་ཉན་པས།།
ཚོང་མགྲོན་དབྱིག་དང་འཕྲད་ཅེས་གྲགས།།


བླུན་པོ་མཁས་པའི་ངག་མི་ཉན།།
དེ་ལས་ཉེས་སྐྱོན་འོས་པ་འཐོབ།།
ངང་བའི་ངག་བཞིན་མ་ཉན་པས།།
རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས།།


མཁས་པ་མཁས་པའི་སྙན་པ་བརྗོད།།
དེ་ཡིས་ལུས་ཅན་དང་བ་འདྲེན།།
རི་བོང་སེམས་དཔའི་གྲགས་པ་གང༌།།
བརྒྱ་བྱིན་གྱིས་ནི་བརྗོད་ལ་ལྟོས།།


བླུན་པོས་མཁས་པའི་མི་སྙན་བརྗོད།།
དེ་ཡིས་ལུས་ཅན་དང་བ་ལྟོས།།
མཛའ་བོས་དགེ་སློང་གྱད་ནོར་གྱི།།
མི་སྙན་བརྗོད་པའི་བྱུང་བ་ལྟོས།།


མཁས་པས་མཁས་པ་དབུལ་མཐོང་ན།།
ལྷག་པར་སེམས་ཀྱིས་ཡི་རང་བྱེད༌།།
དཀའ་ཐུབ་གཙང་མའི་དྲང་སྲོང་ལ།།
བརྒྱ་བྱིན་དགྱེས་པའི་བྱུང་བ་ལྟོས།།


བླུན་པོས་མཁས་པ་དབུལ་མཐོང་ན།།
ང་རྒྱལ་སེམས་ཀྱིས་ཁྱད་གསོད་བྱེད།།
སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས།།
མཇུག་མ་མེད་ཅེས་བགད་ལ་ལྟོས།།


མཁས་པས་གོང་མ་ཐོད་བཞིན་ཁུར།།
དེ་ཡིས་བདག་ཉིད་གོང་དུ་མཛེས།།
བཞིན་བཟང་གིས་ནི་ཡུལ་འཁོར་སྲུང༌།།
མཆོག་ཏུ་བཀུར་བའི་ཡ་མཚན་ལྟོས།།


བླུན་པོས་གོང་མ་ཁྱད་དུ་གསོད།།
དེ་ཡིས་བདག་ཉིད་འོག་ཏུ་ལྷུང༌།།
གཙུག་ཕུད་ཅན་གྱིས་རང་གི་ཕ།།
དགྲ་བཅོན་བསད་པའི་ཉེས་དམིགས་ལྟོས།།


མཁས་པས་བདེན་པར་སྨྲ་བ་ཡིས།།
རང་ཚིག་གཞན་གྱིས་ཚད་མར་བྱེད།།
རྒྱལ་པོའི་སྲས་ཀྱིས་བདེན་སྨྲས་པས།།
སུ་དཱ་བུ་ཡིས་མཉན་ལ་ལྟོས།།


བླུན་པོས་རྫུན་པར་སྨྲ་བ་ཡིས།།
རང་ཚིག་གཞན་གྱིས་རིས་སུ་འབོར།།
མུ་སྟེགས་བྱེད་ཀྱིས་རྫུན་སྨྲས་པས།།
ཁྱིམ་བདག་ལུག་གིས་སྤངས་ལ་ལྟོས།།


མཁས་པས་འཕྲལ་དང་ཕྱིས་གཉིས་ལས།།
ཕྱིས་སུ་བདེ་བ་མཆོག་ཏུ་བྱེད།།
ཐམས་ཅད་སྒྲོལ་གྱི་དཀའ་ཐུབ་ཀྱིས།།
ཆོས་སྐུའི་བདེ་བ་ཐོབ་ལ་ལྟོས།།


བླུན་པོས་འཕྲལ་དང་ཕྱིས་གཉིས་ལས།།
འཕྲལ་དུ་བདེ་མ་མཆོག་ཏུ་བྱེད།།
རི་དྭགས་རུ་རུས་ཕན་བཏགས་པའི།།
མི་ངན་གྱི་ནི་སྤྱོད་ཚུལ་ལྟོས།།


མཁས་པ་དང་བོ་མཐུན་ཕྱིན་ཆད།།
མཛའ་བ་ནམ་ཡང་གཏོང་མི་བྱེད།།
སྤྲེའུའི་དབང་བོས་སྤྲེའུའི་ཚོགས།།
རྗེས་སུ་བསྐྱངས་པའི་སྤྱོད་ཚུལ་ལྟོས།།


བླུན་པོ་དང་བོ་མཐུན་ན་ཡང༌།།
ཅུང་ཟད་ཙམ་གྱིས་འགྱུར་ལྡོག་བྱེད།།
ཤིང་རྟ་མོ་དང་མཛའ་བ་ཡི།།
སེང་གེ་ངན་པའི་སྤྱོད་ཚུལ་ལྟོས།།


མཁས་པ་ལུས་སྟོབས་ཆུང་ན་ཡང༌།།
རྣམ་དཔྱོད་རྩལ་གྱིས་དགྲ་ལས་རྒྱལ།།
རི་བོར་བློ་དང་ལྡན་པ་ཡིས།།
རི་དྭགས་རྒྱལ་པོ་བསད་ཅེས་གྲགས།།


བླུན་པོ་ལུས་སྟོབས་ཆེ་ན་ཡང༌།།
བློ་གྲོས་དམན་པས་དགྲ་དབང་འགྲོ།།
ལུས་བོངས་ཆེ་བའི་གླང་བོ་ཉིད།།
སྲེ་མོང་དག་གིས་བསད་ལ་ལྟོས།།


མཁས་པ་ཡོན་ཏན་ཀུན་ལྡན་པས།།
གང་དུ་ཕྱིན་པ་དེ་རུ་བྲིན།།
རྟ་ཕོ་བཟང་དང་རྒྱན་བཟང་བོ།།
ཚོང་འདུས་དག་ལ་བྲིན་ཞེས་གྲགས།།


བླུན་པོ་ཉེས་པ་ཀུན་ལྡན་པས།།
གང་དུ་ཕྱིན་པ་དེ་ནས་ལྡོག།
བོང་ཤ་ཡིན་པར་ངོ་ཤེས་ན།།
སུས་ཀྱང་ཉོ་བ་མེད་ལ་ལྟོས།།


མཁས་པ་རང་གི་ཡུལ་ལས་ཀྱང༌།།
ཡུལ་ཁམས་གཞན་དུ་མཆོད་པ་ཐོབ།།
ནོར་བུ་གཞན་དུ་བྲིན་པ་ཙམ།།
རྒྱ་མཚོའི་ནང་དུ་ག་ལ་ཡིན།།


བླུན་པོ་གང་དུ་གནས་ན་ཡང༌།།
ལུས་ཅན་ཀུན་གྱིས་སྤོང་བར་བྱེད།།
ཉེས་འོངས་ཞེས་བྱའི་ཁྱིམ་བདག་བུ།།
སྐྱེ་བོ་ཀུན་གྱིས་བོར་ལ་ལྟོས།།


མཁས་པ་དམ་ཚིག་གཙང་བའི་མཐུས།།
ཡིད་ལ་འདོད་པའི་དོན་ཆེན་འགྲུབ།།
སྲེག་པའི་ཕྲུ་གུ་སེམས་བསྐྱེད་པས།།
ཕ་རོལ་མེ་ཆེན་ལོག་ལ་ལྟོས།།


བླུན་པོ་དམ་ཚིག་མི་གཙང་བས།།
མི་འདོན་མཚན་མ་འཕྲལ་དུ་འབྱུང༌།།
ཅི་ཚུགས་བྱས་ཀྱང་བརླག་པར་འགྱུར།།
མེ་ཡིས་འཇིགས་པའི་འཕགས་སྐྱེས་པོ།།
སྐྱེད་མོས་ཚལ་དུ་ཚིག་ལ་ལྟོས།།


མཁས་པ་ཕམ་པ་ཙམ་གྱིས་ནི།།
དགྲ་ལན་ལྡོན་པའི་བློ་སྟོབས་འབྱུང༌།།
མདའ་ཡིས་ཕོག་པའི་བྱང་གཡག་གིས།།
རྔོན་པ་སྲོག་དང་ཕྲལ་ལ་ལྟོས།།


བླུན་པོ་ལན་ཅིག་ཕམ་པ་ན།།
གཉེན་ལ་འཁང་ཞིང་དགྲ་བློ་ཞི།།
ཁྱི་ངན་ལ་ནི་རྡོ་ཕོག་ན།།
འཁང་ནས་ཉལ་བའི་སྤྱོད་ཚུལ་ལྟོས།།


མཁས་པ་དོན་གྱི་གལ་ཐུག་ན།།
དགྲ་བོ་གང་ལའང་འཇིགས་པ་མེད།།
ལྷ་དབང་གཅིག་གིས་ལྷ་མིན་གྱི།།
དཔུང་ཚོགས་ཕམ་པའི་བྱུང་བ་ལྟོས།།


བླུན་པོ་དོན་གྱི་གལ་ཐུག་ན།།
ཅུང་ཟད་ཙམ་ལའང་སྐྲག་པ་སྐྱེ།།
མི་ལ་ཟགས་སུ་འཁྲུལ་བ་ཡིས།།
སྟག་གི་སྙིང་སྲིད་གས་ལ་ལྟོས།།


མཁས་པ་མང་དུ་འདུས་པ་ན།།
བློ་གྲོས་བསྡུས་བས་ལེགས་ལ་སྦྱོར།།
གླང་བོ་ལ་སོགས་སྲོག་ཆགས་བཞི།།
འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས།།


བླུན་པོ་མང་དུ་འདུས་པ་ན།།
བློ་ངན་བསྡུས་བས་ཉེས་ལ་སྦྱོར།།
རྫོགས་བྱེད་མང་དུ་འདུས་ནས་ནི།།
འཕགས་པ་མདྒལ་བཀྲོངས་ལ་ལྟོས།།


མཁས་པ་རེ་རེའི་དགེ་མཚན་གྱིས།།
རྒྱལ་ཁམས་ཀུན་ལ་བདེ་སྐྱིད་འབྱུང༌།།
ཤ་བྱིན་ཞེས་བྱའི་ཆོས་རྒྱལ་གྱིས།།
རང་སྲིད་བསྐྱངས་པའི་ཡ་མཚན་ལྟོས།།


བླུན་པོ་རེ་རེའི་བྱེད་པ་ཡིས།།
རྒྱལ་ཁམས་ཀུན་ལ་སྡུག་བསྔལ་འབྱུང༌།།
མ་ལ་གནོད་ཀྱི་བྱེད་པ་ཡིས།།
ཤཱཀྱའི་རིགས་ནི་ཕུང་ལ་ལྟོས།།


མཁས་པ་ཆགས་སྡང་ཞི་བ་ཡིས།།
དགྲ་བོ་དང་ཡང་མཛའ་བ་འཐོབ།།
རི་དྭགས་ཤ་བྷས་བསྒྲལ་བ་ཡིས།།
རྒྱལ་པོ་དགའ་བའི་ངང་ཚུལ་ལྟོས།།


བླུན་པོ་ཆགས་སྡང་གོམས་པ་ཡིས།།
ཀུན་དང་འཁོན་པ་ངང་གིས་འཐོབ།།
དུག་སྦྲུལ་གདུག་པའི་གཟུགས་མཐོང་ན།།
སྐྱེ་བོ་མཐའ་དག་བྲོས་ལ་ལྟོས།།


མཁས་པའི་རྙེད་པ་རྙེད་པ་སྟེ།།
འབྱུང་འོས་ཤིག་ལས་བྱུང་བ་ཡིན།།
སྐྱེ་བོ་མང་བོས་བཀུར་བ་ཡིས།།
སྔོན་གྱི་རྒྱལ་པོའི་ཡ་མཚན་ལྟོས།།


བླུན་པོའི་རྙེད་པ་ལོག་འཚོ་སྟེ།།
འབྱུང་མི་འོས་ཤིག་བྱུང་བ་ཡིན།།
ལྭ་སྐྱེས་རྒྱལ་པོར་བཀུར་བ་ཡིས།།
རི་དྭགས་རྒྱལ་པོས་བསད་ལ་ལྟོས།།


མཁས་པ་དང་བོ་བརྩམས་ཕྱིན་ཆད།།
ཅི་ལ་ཐུག་ཀྱང་ཕ་མཐར་སྐྱེལ།།
མེ་འོབས་བརྒལ་ནས་ཚོང་དཔོན་གྱིས།།
དྲང་སྲོང་མཆོད་པའི་སྙིང་སྟོབས་ལྟོས།།


བླུན་པོ་བྱ་བ་གང་བརྩམས་ཀྱང༌།།
ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད།།
ཁྱེའུ་མེ་སྐྱེས་ཕ་ཡིས་ནི།།
བུད་མེད་ལྟོ་བ་མཉེས་ལ་ལྟོས།།


མཁས་པས་གཞན་དག་ཅི་ཟེར་ཡང༌།།
དོན་ལ་བལྟས་ནས་འཇུག་ལྡོག་བྱེད།།
བྲམ་ཟེའི་སློབ་མས་སློབ་དཔོན་གྱིས།།
རྐུ་བར་བསྔགས་པ་བཟློག་ལ་ལྟོས།།


བླུན་པོ་དོན་ལ་མི་ལྟ་བར།།
གཞན་གྱིས་བྲིད་པའི་དབང་དུ་གཏོང༌།།
སྲིན་མོའི་ངག་བཞིན་ཉན་པ་ཡིས།།
ཚོང་མགྲོན་མཐའ་དག་ཕུང་ལ་ལྟོས།།


མཁས་པ་ཤིན་ཏུ་རྒུད་ན་ཡང༌།།
ཟླ་བ་བཞིན་དུ་ཡར་ངོ་འབྱུང༌།།
བཙོན་རྭར་འཁོད་པའི་བློན་པོ་མགར།།
རྗེས་སུ་ཀུན་ལས་རྒྱལ་ཞེས་གྲགས།།


བླུན་པོ་ལན་ཅིག་རྒུད་པ་ན།།
མར་མེ་བཞིན་དུ་ཟད་པར་འགྱུར།།
བཟོད་སྨྲར་རྒོལ་བའི་རྒྱལ་པོ་ཉིད།།
འཕྲལ་དུ་བརླགས་པའི་ངང་ཚུལ་ལྟོས།།


མཁས་པས་གཞན་དག་འཐབ་པ་ན།།
ཕན་པའི་སེམས་ཀྱིས་མཐུན་པར་སྒྲུབ།།
རྒྱལ་བུ་དད་པས་ཀླུ་རྒྱལ་གཉིས།།
མཛའ་བར་བྱས་པའི་དགེ་མཚན་ལྟོས།།


བླུན་པོས་གཞན་དག་འཐབ་པ་ན།།
ཀྱོག་པོའི་སེམས་ཀྱིས་ཅི་དགར་འཇོག།
བྱི་བས་གླང་ཆེན་སྲེ་མོང་གཉིས།།
བཏང་སྙོམས་བྱས་པས་ཕུང་ལ་ལྟོས།།


མཁས་པས་ནོར་བསགས་སྦྱིན་པར་གཏོང༌།།
དེ་ཡིས་ཁྲོན་ཆུ་བཞིན་དུ་འཕེལ།།
འཕྲལ་ལ་མཐོ་ཞེས་ཁྱེའུ་ཡིས།།
སངས་རྒྱས་མཆོད་པའི་བསོད་ནམས་ལྟོས།།


བླུན་པོས་སེར་སྣས་ལོངས་མི་སྤྱོད།།
དེ་ཡིས་ཟླ་བ་བཞིན་དུ་འཛད།།
སྦྲང་མས་བསགས་པའི་སྦྲང་རྩི་རྣམས།།
གཞན་གྱིས་སྤྱད་ནས་ཟད་ལ་ལྟོས།།


མཁས་པས་དང་བོ་འཐབ་རྩོད་སྤོང༌།།
འཐབ་རྟིང་དགྲ་ལ་ནུས་ཐོན་བྱེད།།
རྒྱལ་པོ་སྲིད་སྒྲུབ་ཅེས་བྱ་བས།།
ཕ་རོལ་དམག་ཚོགས་བཅོམ་ལ་ལྟོས།།


བླུན་པོས་དང་བོ་འཐབ་རྩོད་སློང༌།།
འཐབ་ནས་རྒྱལ་ཁ་དགྲ་ལ་གཏོང༌།།
རྒྱལ་པོ་མེ་ལོང་འཛིན་པ་ཡིས།།
རྒྱལ་ཁ་བློན་པོར་ཤོར་ཞེས་གྲགས།།


མཁས་པས་རང་ལ་གནོད་ནུས་པའི།།
དགྲ་བོ་ཐོག་མར་ཆམ་ལ་འབེབས།།
དེད་དཔོན་རྒྱ་མཚོར་འཇུག་པ་ན།།
སྔོན་ལ་ཆུ་སྲིན་གསོད་ཅེས་གྲགས།།


བླུན་པོས་རང་ལ་གནོད་ངེས་ཀྱང༌།།
ཟང་ཟིང་སེམས་ཀྱིས་ཅི་དགར་འཇོག།
གཟུགས་ཅན་སྙིང་བོས་ལུས་འཕགས་མ།།
བཙུན་མོར་བྱས་པའི་ཉེས་དམིགས་ལྟོས།།


མཁས་པས་རང་གི་སྙན་གྲགས་གང༌།།
སྐྱེ་བོ་གཞན་ལ་བགོ་བཤའ་བྱེད།།
རྒྱལ་པོས་བསྟན་པ་བཙུགས་པ་ཡི།།
སྙན་གྲགས་འགོས་ཀྱིས་ཐོབ་ལ་ལྟོས།།


བླུན་པོ་རང་གི་ཉེས་སྐྱོན་རྣམས།།
སྐྱེ་བོ་གཞན་ལ་ནན་གྱིས་བགོ།
གཡོ་ཅན་གྱིས་ནི་གོ་ཏམ་དྲུང༌།།
རང་གྲི་ཁྲག་ཅན་བོར་ལ་ལྟོས།།


མཁས་པས་ཐབས་ལ་མཁས་པའི་མཐུས།།
ཆེན་པོ་རྣམས་ཀྱང་བྲན་དུ་བཀོལ།།
མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང༌།།
གོས་སེར་ཅན་གྱིས་བཞོན་ལ་ལྟོས།།


བླུན་པོ་ཐབས་ལ་མི་མཁས་པས།།
ཆུང་ངུ་རྣམས་ཀྱིའང་བྲན་དུ་འགྱུར།།
ཝ་ཡིས་ཁུར་བོ་བསྐུར་བ་ཡིས།།
སེདྒ་རྒྱགས་པའི་སྤྱོད་ཚུལ་ལྟོས།།


མཁས་པ་བློ་གྲོས་མཛངས་པའི་མཐུས།།
རང་གི་གཏམ་ངན་ཐབས་ཀྱིས་སེལ།།
དྲང་སྲོང་ཞིག་གིས་རྒྱལ་པོ་ལ།།
ཐབས་ཀྱིས་དག་པར་བྱས་ལ་ལྟོས།།


བླུན་པོ་མཛངས་པའི་བློ་མེད་པས།།
རང་གི་གཏམ་ངན་ངོ་སོར་བྱེད།།
ཙུ་ཏའི་ཡུལ་གྱི་རྒྱལ་ཕྲན་འགའ།།
ཕ་བསད་པ་ལ་རྒྱལ་རྔ་རྡུང༌།།


མཁས་པ་ཤིན་ཏུ་ཉམ་ང་བའི།།
གནས་ལ་གཟུར་བ་དཔའ་རྟགས་དེ།།
སེང་གེ་ཁྱུ་མཆོག་གསོད་པའི་ཚེ།།
རྭ་ལས་གཟུར་བ་བྱེད་ཅེས་གྲགས།།


བླུན་པོ་གཅིག་ལས་མེད་ན་ཡང༌།།
མང་བ་བཞིན་དུ་ཉེས་སྐྱོན་ཆེ།།
སྦལ་བ་རྨ་ཅན་གཅིག་གིས་ནི།།
སྲོག་ཆགས་ཟླ་བོ་ཕུང་ལ་ལྟོས།།


མཁས་པ་གལ་ཏེ་ནོར་ན་ཡང༌།།
ཅུང་ཟད་ཙམ་གྱིས་མཐོ་དམའ་ཡིན།།
ཆག་ཚད་ཤེས་པའི་བཟོ་བོ་ཡིས།།
ནོར་ཡང་སོར་གང་ཡིན་ཞེས་གྲགས།།


བླུན་པོ་གལ་ཏེ་ནོར་བ་ན།།
ཚད་ལས་བརྒལ་བའི་མཐོ་དམའ་འབྱུང༌།།
རི་དྭགས་རྒྱ་རུ་ཚུད་པ་ན།།
སྲོག་དང་བྲལ་བའི་ཉེས་དམིགས་ལྟོས།།


མཁས་པས་རང་སྲིད་ནང་བསྡུམས་ཏེ།།
སྡང་བའི་དགྲ་ལ་ནུས་པ་འདོན།།
སྲིན་པོ་རང་ཁྲིམས་བསྡོམས་ནས་ནི།།
ཕ་རོལ་མི་ཤ་ཟ་ལ་ལྟོས།།


བླུན་པོ་དགྲ་ལ་བག་འཁུམས་ཀྱང༌།།
ནང་དུ་འཁྲུགས་ལོང་སྣ་ཚོགས་བྱེད།།
ཁྱི་ངན་མི་ལ་མཇུག་བསྒྲིལ་ཡང༌།།
ཕན་ཚུན་སྐྱེལ་བསུ་བྱེད་ལ་ལྟོས།།


མཁས་པས་དགྲ་ལ་མིག་བསྲིངས་པས།།
ཐ་མར་དགྲ་བོ་དབང་དུ་བསྡུས།།
དཀའ་ཐུབ་ཅན་གྱི་བཟོ་པ་ཡིས།།
རྒྱལ་པོ་དབང་དུ་བསྡུས་ལ་ལྟོས།།


བླུན་པོས་དགྲ་ལ་ལན་བྱས་པས།།
དཀའ་བ་རྒྱུན་མི་འཆད་པ་འཐོབ།།
སྲོག་ཆགས་བྱ་རོག་འུག་པ་གཉིས།།
རྟག་ཏུ་འཐབ་པའི་སྤྱོད་ཚུལ་ལྟོས།།


མཁས་པ་ང་རྒྱལ་ཞི་བའི་མཐུས།།
དམ་པ་བསྟེན་ནས་ལེགས་བཤད་ལེན།།
གཞོན་ནུ་ནོར་བཟང་ཞེས་བྱ་བས།།
བཤེས་གཉེན་བཙལ་བའི་རྣམ་ཐར་ལྟོས།།


བླུན་པོ་ང་རྒྱལ་ཆེ་བའི་མཐུས།།
དམ་པ་བསྟེན་པའི་གོ་སྐབས་མེད།།
མཁས་རློམ་ཞིག་གིས་མཁན་སློབ་ནི།།
མེད་པར་རང་རྟགས་བླངས་ཞེས་གྲགས།།


མཁས་པ་དང་བོ་དབྱེ་དཀའ་ཞིང༌།།
ཕྱེ་ནས་ཡང་ནི་འདུམ་པ་སླ།།
ལྗོན་ཤིང་གཅོད་པ་དཀའ་ན་ཡང༌།།
སྦྱར་བའི་ཚེ་ན་འབྱར་ལ་ལྟོས།།


བླུན་པོ་དང་བོ་དབྱེ་སླ་ཞིང༌།།
ཕྱེ་ནས་ཡང་ནི་འདུམ་པ་དཀའ།།
སོལ་བ་ཆག་པར་གྱུར་བ་ན།།
འབྱར་བའི་གོ་སྐབས་མེད་ལ་ལྟོས།།


མཁས་པ་ཤིན་ཏུ་ཁྲོས་གྱུར་ཀྱང༌།།
ཕུགས་སུ་ཕན་པ་ཁོ་ན་སྟེ།།
ཡི་དམ་ཆོས་སྐྱོང་ཁྲོས་ན་ཡང༌།།
བར་ཆད་མཐའ་དག་སྲུང་ལ་ལྟོས།།


བླུན་པོ་ཤིན་ཏུ་འཛུམ་ན་ཡང༌།།
ཕུགས་སུ་གནོད་པ་ཁོ་ན་སྟེ།།
གཤིན་རྗེ་འཛུམ་པ་སྟོན་པ་ཡིས།།
སྲོག་ཆགས་གསོད་པའི་ཚུལ་ལ་ལྟོས།།


མཁས་པ་འབྱོར་བ་ཙམ་གྱིས་ནི།།
གཞན་ལ་མི་གནོད་བདེ་བར་གནས།།
རི་དྭགས་རྒྱལ་པོ་འགྲངས་པ་ན།།
གཞོགས་གཡས་ཕབ་ནས་ཉལ་ལ་ལྟོས།།


བླུན་པོ་ཅུང་ཟད་འབྱོར་བ་ན།།
གཞན་ལ་གནོད་པ་ཁོ་ན་སྟེ།།
ཝ་སྐྱེས་ཟས་ཀྱིས་འགྲངས་པ་ན།།
བརྒྱལ་ནས་ལྟས་ངན་སྒྲོག་ལ་ལྟོས།།


མཁས་པ་ཡོན་ཏན་བསླབ་པའི་ཚེ།།
སྡུག་ཀྱང་སྲན་དུ་ཚུགས་པ་སྟེ།།
རྒྱ་མཚོར་བགྲོད་པར་དཀའ་ན་ཡང༌།།
ནོར་བུ་ལོན་པས་འཚེངས་ལ་ལྟོས།།


བླུན་པོས་སྐྱིད་འདོད་ལེ་ལོས་འདའ།།
མ་བསླབ་ཡོན་ཏན་ཅི་ལ་འབྱུང༌།།
ཚོང་དང་ཞིང་ལས་མ་ནུས་པའི།།
ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས།།


མཁས་པ་རང་གི་སྐྱོན་ལ་ལྟ།།
དེ་ཡིས་བག་ཡོད་དགེ་ལེགས་ཐོབ།།
མ་སྐྱེས་དགྲ་ཡིས་རང་སྐྱོན་ལ།།
བལྟས་པས་བདེན་པ་མཐོང་ལ་ལྟོས།།


བླུན་པོས་སྙན་གྲགས་ཁྱད་བསད་ནས།།
ཅུང་ཟད་འབྱོར་ལ་ངོ་སོ་བྱེད།།
རྐུ་འཕྲོག་བྱེད་པའི་སྐྱེ་བོ་ཡང༌།།
རྒྱན་གྱིས་མཛེས་པར་བྱེད་ལ་ལྟོས།།


མཁས་པ་རྟག་ཏུ་ཟོན་གནས་པས།།
ནམ་ཡང་གཞན་གྱིས་བརླག་མི་ནུས།།
རབ་སྣང་གཏུམ་པོས་ས་འཛིན་ལ།།
གླགས་མ་རྙེད་པའི་བྱུང་ལ་ལྟོས།།


བླུན་པོས་རྟག་ཏུ་ཟོན་གློད་པས།།
ངེས་པར་གཞན་གྱིས་བརླག་པར་འགྱུར།།
མ་ཞང་གྲོམ་པ་སྐྱེས་ཞེས་པ།།
དོང་དུ་བཅུག་པའི་བྱུང་བ་ལྟོས།།


མཁས་པ་ལ་ནི་གཞན་དག་གིས།།
གནོད་པ་བྱས་ཀྱང་ཕན་པ་སྟེ།།
དགེ་སློང་ལམ་པར་བཅུ་གཉིས་སྡེས།།
གནོད་ཀྱང་ཕན་པའི་རྣམ་ཐར་ལྟོས།།


བླུན་པོ་ཉིད་ལ་གཞན་དག་གིས།།
ཕན་པར་བྱས་ཀྱང་གནོད་པ་སྟེ།།
ལྷས་བྱིན་ལ་ནི་མ་སྐྱེས་དགྲས།།
བསྙེན་བཀུར་བྱས་པའི་ཉེས་དམིགས་ལྟོས།།


མཁས་པ་རང་ལ་ཉེ་བ་ལ།།
བག་ཕེབས་སེམས་བདེ་སྟེར་བར་བྱེད།།
སེང་གེ་རི་དྭགས་མཐའ་དག་གིས།།
དབུགས་དབྱུང་བྱས་པའི་བྱུང་བ་ལྟོས།།


བླུན་པོ་རང་དང་ཉེ་བ་ལ།།
ཡེ་འདྲོག་སྡུག་བསྔལ་ངང་གིས་སྟེར།།
ཅལ་སྒྲ་ཐོས་པའི་རི་བོང་གིས།།
སྲོག་ཆགས་ཟླ་བོ་སྐྲོག་ལ་ལྟོས།།


མཁས་པ་ཡོན་ཏན་ཁོང་དུ་སྦེད།།
དེ་ལ་སྐྱེ་བོ་མང་དུ་འཁོར།།
རྒྱ་མཚོའི་ནང་གི་ནོར་བུ་ལ།།
དེད་དཔོན་མང་པོ་འཁོར་ལ་ལྟོས།།


བླུན་པོ་ཡོན་ཏན་ཁ་རུ་འབྱིན།།
དེ་ལ་སྐྱེ་བོ་འཁོར་མི་འགྱུར།།
སོག་མ་ཆུ་ཡི་སྟེང་འགྲོ་བ།།
སུས་ཀྱང་ལེན་པ་མེད་ལ་ལྟོས།།


མཁས་པ་ཁོག་ཡངས་ཅ་ཅོ་མེད།།
དེ་ཡིས་ཟབ་ཁྱད་མཚོན་པ་སྟེ།།
རྒྱ་མཚོ་དལ་བར་འབབ་པ་ཡི།།
གཏིང་དཔག་མཆོག་ཏུ་དཀའ་ལ་ལྟོས།།


བླུན་པོ་ཁེངས་ཤིང་སྨྲ་བ་མང༌།།
དེ་ཡིས་བློ་ཆུང་མཚོན་པ་སྟེ།།
འུར་སྒྲ་འབྱིན་པའི་ཆུ་ཕྲན་གྱི།།
གཏིང་དཔག་ཤིན་ཏུ་སླ་ལ་ལྟོས།།


མཁས་པ་གཏིང་ནས་འཁོན་ཡང་རུང༌།།
ལེགས་པར་བཏུད་ན་ཞི་བ་སྟེ།།
གསེར་དངུལ་ཤིན་ཏུ་སྲ་བ་ཡང༌།།
བཞུ་བར་ནུས་པའི་ཚུལ་ལ་ལྟོས།།


བླུན་པོ་འཁོན་ནམ་མ་འཁོན་ཡང༌།།
ལེགས་པར་བཏུད་ནས་རེངས་པ་སྟེ།།
ཁྱི་ལུད་ཕུང་བོ་བཞུར་བ་ན།།
དྲི་ངན་འབའ་ཞིག་བྱུང་ལ་ལྟོས།།


མཁས་པ་དྲང་བའི་སེམས་ལྡན་པས།།
བྱ་བ་གང་བྱས་ཐད་ཀར་འགྲོ།
འཚོ་བྱེད་གཞོན་ནུའི་སྨན་དཔྱད་ནི།།
བྱས་པ་མཐའ་དག་འཚེངས་ལ་ལྟོས།།


བླུན་པོ་གཡོ་སྒྱུའི་སེམས་ལྡན་པས།།
བྱ་བ་ཕལ་ཆེར་རང་ལ་ལྡོག།
ཤར་བའི་བུ་ཉིད་ཐར་རྗེས་སུ།།
བུད་མེད་གཡོ་སྒྱུས་བསད་ལ་ལྟོས།།


མཁས་པ་སྔར་འདྲིས་མ་གཏོགས་པ།།
གློ་བུར་ཕྲད་ལ་ཡིད་མི་རྟོན།།
རི་དྭགས་མི་དང་མ་འདྲིས་པས།།
མཐོང་མ་ཐག་ཏུ་བྲོས་ལ་ལྟོས།།


བླུན་པོ་སྔོན་ཆད་མ་འདྲིས་ཀྱང༌།།
གློ་བུར་འགྲོགས་ལ་མགོ་བློ་གཏོད།།
བྷ་ག་ལ་ཡི་རྒྱལ་པོ་ཉིད།།
བདུད་མོས་བསླུས་པའི་བྱུང་བ་ལྟོས།།


མཁས་པ་གནོད་ཚིག་ཁར་མི་འབྱིན།།
དེ་ཉིད་དགྲ་ཡིས་གཞོམ་མི་ནུས།།
སེང་གེ་ཉལ་བར་གྱུར་ཀྱང་ནི།།
རི་དྭགས་སྐྲག་པའི་ཚུལ་ལ་ལྟོས།།


བླུན་པོ་གནོད་ཚིག་ཁ་རུ་འབྱིན།།
དེ་ཉིད་དགྲ་ཡིས་གཞོམ་པར་ནུས།།
ཁྱི་རྣམས་རྟག་ཏུ་ཟུག་པ་ཡང༌།།
སྤྱང་ཀིས་སྐྲག་པར་གྱུར་ལ་ལྟོས།།


མཁས་པ་བློ་གྲོས་ཟབ་པའི་མཐུས།།
གཞན་ལ་མི་ལྟོས་རང་གིས་སྤྱོད།།
མཆོད་སྦྱིན་བྱེད་པའི་རྒྱལ་པོ་ཡིས།།
ཆོས་ཀྱི་མཆོད་སྦྱིན་བྱེད་ལ་ལྟོས།།


བླུན་པོ་བློ་གྲོས་འཆལ་བའི་མཐུས།།
དབང་མེད་གཞན་གྱི་ངག་རྗེས་འབྲང༌།།
དཔལ་སྦེད་ཀྱིས་ནི་སངས་རྒྱས་ལ།།
དུག་གི་ཟས་སྦྱོར་བྱས་ལ་ལྟོས།།


མཁས་པ་བཟང་བོའི་ལས་བྱེད་པས།།
ལས་འབྲས་བཟང་བོ་འཕྲལ་དུ་མྱོང༌།།
སིང་ག་ལ་ཞེས་བྱ་བ་ཡིས།།
འཕྲལ་དུ་རྒྱལ་སྲིད་ཐོབ་ལ་ལྟོས།།


བླུན་པོ་ངན་པའི་ལས་བྱེད་པས།།
ལས་འབྲས་ངན་པ་འཕྲལ་དུ་མྱོང༌།།
མ་དུས་སྔོ་བསངས་འཁོར་བཅས་རྣམས།།
མེ་ལ་བསྲེགས་པའི་རྣམ་སྨིན་ལྟོས།།


མཁས་པ་མགུ་བར་དཀའ་བ་སྟེ།།
ཡོན་ཏན་མེད་ལ་མཁས་མི་མགུ།།
ཕྲེང་ལྡན་མ་ཡིས་མུ་སྟེགས་བྱེད།།
བཀུར་བའི་གོ་སྐབས་མེད་ལ་ལྟོས།།


བླུན་པོ་མགུ་བར་སླ་བ་སྟེ།།
ཡོན་ཏན་ལྟར་སྣང་ཙམ་གྱིས་མགུ།།
ཁྲི་སྡེའི་བླ་དཔོན་ཕལ་ཆེ་བས།།
རྒྱ་ནག་མཁན་པོར་བཀུར་ལ་ལྟོས།།


མཁས་པ་ཡོན་ཏན་ཀུན་ལྡན་ཏེ།།
བླུན་པོ་ལ་སྐྱོན་འབའ་ཞིག་ཡིན།།
རིན་ཆེན་དགོས་འདོད་འབྱུང་བ་དང༌།།
སྦྲུལ་གདུག་ཉེས་ཀུན་སྐྱེས་ལ་ལྟོས།།


དེ་ཕྱིར་མཁས་དང་བླུན་པོ་ཡི།།
རྣམ་དབྱེ་ལེགས་པར་ཕྱེད་གྱིས་ལ།།
མཁས་པ་རྒྱན་བཞིན་འཛིན་པ་དང༌།།
བླུན་པོ་རྩྭ་བཞིན་དོར་བར་འོས།།


གླང་ཆེན་ནང་གི་འཁུན་པ་བཞིན།།
འཇིག་རྟེན་མཁས་པའི་ནང་ནས་ཀྱང༌།།
དཔའ་མཛངས་ལྡན་པའི་ཡིད་འཕྲོག་ནི།།
འཇིག་རྟེན་འདི་ན་རྒྱན་དུ་ཆེ།།


ནོར་བུའི་ནང་གི་བསམ་འཕེལ་བཞིན།།
ཆོས་ལ་མཁས་པའི་ནང་ནས་ཀྱང༌།།
མཁས་བཙུན་བཟང་གསུམ་འཛོམས་པ་ནི།།
བསྟན་པ་འདི་ལ་རྒྱན་དུ་ཆེ།།


མཁས་པའི་དབང་བོས་ས་པཎ་གྱིས།།
མཁས་པ་རྣམ་པར་དབྱེ་བ་ཡི།།
ལེགས་བཤད་རིན་ཆེན་གཏེར་ཞེས་པ།།
འཇིག་རྟེན་མིག་ཏུ་བྱིན་ན་ཡང༌།།


དེང་སང་མཁས་པའི་ཉིན་བྱེད་རྣམས།།
ཞིང་གཞན་ནུབ་རིའི་རྩེར་སོན་ཅིང༌།།
བླུན་རྨོངས་ཟླ་བའི་གཟུགས་ཤར་བས།།
ལེགས་བཤད་པད་མོ་ཕལ་ཆེར་ཟུམ།།


སླར་ཡང་བདག་བློའི་སྐྱེལ་ཚལ་འདིར།།
རྣམ་དཔྱོད་ཉི་མའི་ཟེར་འཁྱིལ་ཞིང༌།།
བརྩོན་འགྲུས་ཆར་གྱིས་བྲན་པ་ལས།།
ལེགས་བཤད་པད་མ་དཀར་བོ་འཁྲུངས།།


ཁྲེལ་ཡོད་མཇེས་པའི་ལུས་འཆང་ཞིང༌།།
བློ་གྲོས་མིག་དཀྱུས་རིང་བོ་ཡིས།།
སྐལ་བཟང་རྐང་དྲུག་ལྡན་པ་རྣམས།།
དེང་ནས་རྩེ་ཞིང་རོལ་བར་མཛོད།།


དེ་ལྟར་ལེགས་པར་བཤད་པ་ཡི།།
དགེ་བས་དེང་སང་སྐྱེ་བོ་ཀུན།།
མཁས་བླུན་རྣམ་དབྱེ་ཤེས་ནས་ནི།།
མཁས་ལ་མ་ནོར་དད་གྱུར་ཅིག།ཅེས་མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་བོའི་ཆུན་པོ་ཞེས་བྱ་བ་འདི་ནི། རང་གི་སློབ་མ་ལེགས་བཤད་དོན་དུ་གཉེར་བའི་བློ་གྲོས་ཅན་འགའ་ཟུང་གིས་བསྐུལ་བ་ལ་བརྟེན་ནས། ཡུལ་གངས་ཅན་དབུས་ཀྱི་ལེགས་པར་སྨྲ་བ་བསོད་ནམས་གྲགས་པ་མཆོག་གི་སྡེས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་བ་ནི་ལེགས་བཤད་སྨྲ་བ་ངག་དབང་ཆོས་ཀྱི་གྲགས་པའོ།། འདིས་ཀྱང་སྐྱེ་བོ་མཐའ་དག་གིས་མཁས་པ་དང་བླུན་པོའི་རྣམ་དབྱེ་བདེ་བླག་ཏུ་ཕྱེད་པར་གྱུར་ཅིག


འབྲེལ་ཡོད་འོས་སྦྱོར།