logo

ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས།

རྩོམ་པ་པོ།:ས་སྐྱ་བསོད་ནམས་རྩེ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-17 ཀློག་གྲངས།:

ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས།
ས་སྐྱ་བསོད་ནམས་རྩེ་མོས་མཛད།

        ༄༅། །ཨོཾ་སྭ་སྟི་སིདྡྷཾ།འགྲོ་བའི་གཉེན་གཅིག་ཐམས་ཅད་མཁྱེན་པ་དང་། ། འཇམ་པའི་དབྱངས་ལ་ཕྱག་འཚལ་གསོལ་བཏབ་སྟེ། ། ཡི་གེའི་བཀླག་ཐབས་ཅུང་ཟད་བརྗོད་པར་བྱ། ། ཚངས་པ་ཡིས་ཀྱང་རྟག་ཏུ་སྐྱོང་གྱུར་ཅིག །ཨ་ཨཱ༑ ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿདབྱངས་ཡིག་བཅུ་དྲུག་གོ ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། གསལ་བྱེད་སུམ་ཅུ་རྩ་བཞིའོ། ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཕ་མ་སུམ་ཅུ་ཐམ་པའོ། ། ཨི་ཨུ་ཨེ་ཨོ་སྲོག་རྐྱེན་དང་ཡན་ལག་གི་ཡི་གེ་བདུན་ནོ། ། གང་གིས་ཡི་གེའི་བྱེ་བྲག་དང༌། ། དབྱེ་བསྡུ་འབྱུང་གནས་མི་ཤེས་པར། ། སྒྲ་ཀློག་བརྗོད་པ་མཁས་མ་ཡིན། ། དོན་ཀྱང་རྣམ་པར་འཁྲུལ་བར་འགྱུར། ། དེ་བས་དེ་དག་ལ་བརྩེ་བའི། ། བརྗོད་པའི་དོན་མཁས་བྱ་བའི་ཕྱིར། ། ཡི་གེའི་བྱེ་བྲག་དབྱེ་བསྡུ་དང༌། ། སྒྲ་ཡིག་འབྱིན་ཐབས་འདིར་བཤད་བྱ། ། རྒྱ་སྐད་དབྱངས་དང་གསལ་བྱེད་ཀྱི། ། ཡི་གེ་ལྔ་བཅུ་ཐམ་པར་འདུས། ། བོད་ཀྱི་ཡི་གེ་སུམ་ཅུ་བདུན། ། སྒྲ་ཡི་ཕ་མ་སུམ་ཅུར་འདུས། ། སྲོག་རྐྱེན་ཡན་ལག་ཡི་གེ་བདུན། ། དེ་དག་ཨཱ་ཡི་ཁོངས་སུ་འདུ། ། ཨ་ཉིད་མ་ཡི་ཡི་གེར་བརྗོད། ། ལྷག་མ་རྣམས་ནི་ཕ་ཡིན་ནོ། ། ཕ་ནི་ལུས་ཞེས་བརྗོད་པ་སྟེ། ། མ་ནི་ཡན་ལག་ཏུ་ཡང་འགྱུར། ། དེ་བས་ཡི་གེ་མ་ལུས་པ། ། ཕ་མ་གཉིས་ལས་འབྱུང་བར་བརྗོད། ། དེ་ལ་ཐོག་མར་ཨ་བཤད་དེ། ། མ་དང་ཕྱི་མོ་ཡིན་ཕྱིར་དང༌། ། རྒྱ་ལས་ཐོག་མར་འབྱུང་ཕྱིར་དང༌། ། བརྗོད་པའི་རྒྱུ་ཞེས་གསུངས་པའི་ཕྱིར། ། དེ་ལ་ཚེག་གཉིས་སྲོག་གི་ཨའི། ། རང་ཉིད་བརྗོད་པར་མི་ནུས་ཏེ། ། ཐིག་ལེ་ཆེན་པོ་ཡི་གེ་མེད། ། ཡི་གེ་ཀུན་ལ་འཇུག་པའི་ཕྱིར། ། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། ། དེ་ཉིད་བོད་ཀྱིས་གསལ་བར་བྱ། ། དང་ཀྱོག་ཤད་ཀྱང་དེ་འདྲ་སྟེ། ། གླང་སྣའི་ཨ་དང་རྣམ་གཅད་ཨའོ། ། ཨ་ནི་རང་ཉིདབརྗོད་རུང་སྟེ། ། སེང་གེ་ལྟ་བུའི་ཨ་ཞེས་བྱ། ། ཨི་ཨུ་ཨེ་ཨོ་ཡན་ལག་ཕྱྀར། ། ཡན་ལག་གི་ནི་ཨ་ཞེས་བྱ། ། སེང་གེ་འདྲ་དང་བརྒྱ་བྱིན་མིག ། གླང་སྣ་འོད་མ་བསྒྲེང་འདྲ་དང༌། ། ཐང་གུག་དཔེ་ལྔས་བསྟན་པས་ན། ། སྟོང་ཆེན་ཡི་གེ་ལྔ་ཞེས་གསུངས། ། ད་ནི་ཕ་ཡི་ཡི་གེ་བཤད། ། རྐྱང་པ་བཏགས་དང་འཕུལ་བ་དང༌། ། འཕུལ་ཞིང་བཏགས་པ་གང་ཡིན་པ། ། དེ་དག་ལུས་ཀྱི་ཡི་གེའོ།། དེ་ལྟར་ཕ་མའི་ཡི་གེ་ལ། ། གུག་སྐྱེད་བཅས་དང་མཐའ་རྟེན་བཅས། ། དེ་ལས་བྱུང་བའི་ཡི་གེ་སྟེ། ། དེ་ལས་སྐྱེས་པས་བུ་ཞེས་བྱ། ། དེ་ལ་ཕ་མ་སུམ་ཅུ་ཉིད། ། རྐྱང་པའི་ཡི་གེ་ཞེས་བྱའོ། ། རྒྱ་གར་སྐད་ལ་ཡི་གེ་ཀུན། ། གདགས་ཤིང་བརྗོད་དུ་རུང་བ་ཡིན། ། བོད་ལའང་དེ་བཞིན་ཕལ་ཆེར་དུ། ། གདགས་ཤིང་བརྗོད་དུ་རུང་མོད་ཀྱང༌། ། ཕལ་ཆེར་བོད་ཀྱི་སྒྲ་སྐད་ལ། ། མི་དགོས་དེ་ཕྱིར་གང་དགོས་བཤད། ། ཀ་ལ་ཡ་ར་ལ་གསུམ་གདགས།། ཁ་ལ་ཡ་ར་གཉིས་གདགས་ཤིང༌། ། ག་ལ་ཡ་ར་ལ་གསུམ་མོ། ། ཏ་དང་ད་ལ་ར་གདགས་ཤིང་། ། པ་ཕ་གཉིས་ལ་ཡ་རའོ། ། བ་ལ་ཡ་ར་ལ་གསུམ་སྟེ། ། མ་ལ་ཡ་ར་ཟ་ལ་ལ། ། ར་ལ་ཀ་ག་ང་ཇ་ཉ། ། ཏ་ད་ན་བ་མ་ཙ་ཛ། ། ལ་དང་དེ་ལྟར་བཅུ་བཞི་གདགས། ། ལ་ལ་ཀ་ག་ང་ཅ་ཇ། ། ཏ་ད་པ་བ་ཧ་བཅུ་གདགས། ། ས་ལ་ཀ་ག་ང་ཉ་ཏ། ། ད་ན་པ་བ་མ་ཙ་ར། ། ལ་སྟེ་དེ་ལྟར་བཅུ་གསུམ་གདགས། ། ཧ་ལ་ར་ནི་གདགས་པའོ། ། ཝ་ནི་ཀུན་ལ་གདགས་རུང་ཡང༌། ། སྐབས་ཀྱི་བཅོ་ལྔ་དག་ལ་འཇུག ། ཝ་བཏགས་གུག་སྐྱེད་མི་འཇུག་པས། ། དེས་ན་ཝ་ནི་ཡན་ལག་ཡིན། ། བོད་ལ་ཝ་ནི་འར་བསྡུས་པས། ། དེས་ན་མ་ནིང་བརྗོད་ཀྱང་རུང༌། ། དེ་དག་གདགས་ཡིག་ཉིས་བརྩེགས་ཏེ། ། གསུམ་བཏགས་པ་ཡང་བརྗོད་པར་བྱ། ། རྐ་རྒ་རྨ་ལ་ཡ་ཡིན་ཏེ། ། སྐ་སྒ་སྤ་སྦ་སྨ་ལྔ་ལ། ། ཡ་ར་གཉིས་གཉིས་གདགས་པར་བྱ། ། སྒྲ་ཞེས་སྐབས་འགའ་དག་ཏུ་འབྱུང༌། ། དེ་ལྟར་ཉིས་བརྩེགས་ལྔ་བཅུ་བརྒྱད། ། སུམ་བརྩེགས་ཡི་གེ་བཅུ་བཞིའོ། ། མདོར་ན་ཕ་མ་སུམ་ཅུ་ལ། ། ཆ་ཐ་ཚ་ཞ་འ་ཤ་ཨ། །ཡི་གེ་བདུན་ལ་བརྩེགས་པ་མེད། ། དེ་ལྟར་བརྩེགས་པ་བདུན་ཅུ་གཉིས། ། ཝ་ཡི་དོན་ནི་སྔར་བཤད་པས། ། དེ་ནི་བརྩེགས་པར་ཡང་མི་བགྲང༌།། ད་ནི་འཕུལ་བ་བརྗོད་པར་བྱ། །ཡི་གེའི་ཕ་མ་སུམ་ཅུ་ལ། །ག་ད་བ་མ་འ་ཞེས་བྱ། ། འཕུལ་བར་བྱེད་པའི་ཡི་གེ་ལྔ། ། འ་ཧ་ཨ་གསུམ་འཕུལ་བ་མེད། ། ཝ་ནི་ཡོད་དང་མེད་པའང་ཡིན། ། ར་ལ་གཉིས་ནི་ཕྱེད་འཕུལ་ཏེ། ། རྐྱང་པ་མི་འཕུལ་བརྩེགས་པ་འཕུལ། ། དེ་ལ་ཡི་གེ་གས་འཕུལ་བ། ། ཅ་ཉ་ཏ་ད་ན་ཙ་ཞ། ། ཟ་ཡ་ཤ་ས་བཅུ་གཅིག་གོ ། ཀ་ག་ང་པ་བ་མ་དྲུག ། ད་ཡིས་འཕུལ་བར་བྱེད་པ་ཡིན། །ཀ་ག་ཅ་ཏ་ད་ཙ་ཞ། ། ཟ་ཤ་ས་སྟེ་དེ་ལྟར་བཅུ། ། ཡི་གེ་བ་ཡིས་འཕུལ་བ་ཡིན། ། ཁ་ག་ང་ཆ་ཇ་ཉ་ཐ། ། ད་ན་ཚ་ཛ་བཅུ་གཅིག་ནི། ། མ་ཡིས་འཕུལ་བར་བྱེད་པ་ཡིན། ། ག་ཁ་ཆ་ང་ཐ་ད་ཕ། ། བ་ཚ་ཛ་སྟེ་བཅུ་པོ་ནི། ། འ་ཡིས་འཕུལ་བར་བྱེད་པ་ཡིན། ། རྐྱང་པ་འཕུལ་བ་འ་ཡི་མཐའ། ། དགོས་ཀྱི་གུག་སྐྱེད་ཅན་ལ་མིན། ། དེ་ལྟར་རྐྱང་པ་འཕུལ་བ་ཡི། ། ཡི་གེ་བཞི་བཅུ་ཞེ་བརྒྱད་ཡོད་དོ།། །།
        ད་ནི་བརྩེགས་པའི་འཕུལ་བ་བརྗོད། ། གས་འཕུལ་བ་ལ་བརྩེགས་པ་མེད། ། དས་འཕུལ་ཀྱ་ཀྲ་གྱ་གྲ་དང༌། ། པྲ་པྱ་བྲ་བྱ་མྲ་མྱ་བཅུ། ། བ་ཡིས་འཕུལ་བའི་ཡི་གེ་ལ། ། ཀྱ་ཀྲ་ཀླ་གྱ་ཟླ་གླ་གྲ། ། རྐ་རྒ་རྔ་རྗ་རྙ་རྟ་རྡ། ། རྣ་རྩ་རྫ་རླ་ལྟ་ལྡ་སྐ། ། སྒ་སྔ་སྙ་སྟ་སྡ་སྣ་སྩ། ། སྲ་སླ་དེ་ལྟར་སུམ་ཅུ་དང༌། །རྐྱ་རྒྱ་སྐྱ་སྐྲ་སྒྱ་སྒྲ་དྲུག ། སུམ་བརྩེགས་བས་འཕུལ་སུམ་ཅུ་དྲུག ། མས་འཕུལ་ཁྱ་ཁྲ་གྱ་གྲ་བཞི། །འགྲོན་ཞེས་བྱ་བ་སྲིད་པ་ཙམ། ། འས་འཕུལ་བ་ལ་ཁྱ་ཁྲ་གྱ། །གྲ་ཏྲ་ཕྲ་ཕྱ་བྱ་བྲ་དགུ། ། དེ་ལྟར་བརྩེགས་འཕུལ་དྲུག་ཅུ་སྟེ། ། འཕུལ་བའི་ཡི་གེ་བརྒྱ་རྩ་བརྒྱད། ། བ་གླ་མ་དྲ་གཉིས་ན་དགོས་ཆུང་བས། ། བརྒྱ་རྩ་དྲུག་ཡིན་མདོར་བསྡུ་ན། ། ལུས་ཀྱི་ཡི་གེ་ཉིས་བརྒྱ་དང༌། ། བརྒྱད་ཀྱིས་ལྷག་པར་རབ་ཏུ་ལྡན། ། དེ་ལ་ཡན་ལག་བཞི་ལྡན་པས། ། ཆིག་སྟོང་དང་ནི་བཞི་བཅུར་འགྱུར། ། ག་ང་ད་ན་བ་ལ་ར། ། ལ་ས་ཞེས་བྱའི་ཡི་གེ་དགུ། ། མཐའ་རྟེན་ཀུན་ལ་རབ་འཇུག་པས། ། དགུ་སྟོང་སུམ་བརྒྱ་དྲུག་ཅུར་འགྱུར། ། ས་ནི་ག་ང་བ་མ་སྟེ། ། བཞི་ལ་མཐའ་རྟེན་གཉིས་པར་འཇུག ། དེ་ལ་ལྔ་སྟོང་ཉིས་བརྒྱ་ཡོད། ། ན་ར་ལ་གསུམ་པོ་ལ་ཡང༌། ། ད་དྲག་དེ་བཞིན་གསུམ་པར་འཇུག ། དེ་ལ་གསུམ་སྟོང་བརྒྱ་ཉི་ཤུ། ། དེ་དག་བསྣན་པས་ཆིག་ཁྲི་དང༌། ། བདུན་སྟོང་དྲུག་བརྒྱ་བརྒྱད་ཅུར་འགྱུར། ། དེ་ལ་མཐའ་རྟེན་མེད་པ་དང༌། ། ཝ་བཏགས་བཅོ་ལྔ་ཨ་ཡིག་བདུན། ། བགླ་བདྲོན་ཞེས་བྱ་བ་ལ་གསུམ། ། སྐབས་ཀྱིས་འཇུག་པས་དེ་དག་བསྣན། ། དེ་དག་བརྗོད་དུ་རུང་ཚད་ཀྱི། ། ཡི་གེའི་གྲངས་ནི་མདོར་བསྡུ་ན། ། ཁྲི་ཁྲག་གཅིག་དང་སྟོང་ཕྲག་བརྒྱད། ། བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན། །དེ་དག་ཐམས་ཅད་བོད་སྐད་ལ། ། མི་དགོས་གང་དང་གང་དགོས་པ། །རང་གི་བློ་ཡིས་དཔྱད་ཅིང་སྦྱར། ། ཁོ་བོས་འདི་ལྟར་རྣམ་བསམས་ནས། ། བོད་ཀྱི་སྐད་ལ་གང་དགོས་པ། །སྟོང་ཕྲག་བརྒྱད་ཀྱིས་འདུས་པར་བསམ། ། སྔོན་གྱི་བྱང་ཆུབ་སེམས་དཔའ་ཡིས། ། བོད་སྐད་ཡི་གེར་བསྡུས་པ་ལས། ། ཡི་གེའི་བྱེ་བྲག་དབྱེ་བ་དང༌། ། གྲངས་ཀྱི་དབྱེ་བསྡུ་དེ་ལྟར་བཤད། ། ཡི་གེ་བྱེ་བྲག་དང་དབྱེ་བསྡུ་བསྟན་པ་སྟེ་ལེའུ་དང་པོའོ།།  །།
        གང་གིས་འབྱུང་གནས་མི་ཤེས་པས། ། ལོག་པར་སྨྲ་བ་དུ་མ་མཐོང༌། ། དེ་ཕྱིར་དག་པར་བརྗོད་ཤེས་ཕྱིར། ། ཡི་གེའི་འབྱུང་གནས་བརྗོད་ཐབས་བཤད།ཁོག་པ་མགྲིན་པ་རྐན་དང་ལྕེ། ། སྣ་དང་སྤྱི་བོ་སོ་དང་མཆུ། ། སོ་སོ་འམ་ནི་འདུས་པ་ལས། ། སྒྲ་རྣམས་ཐམས་ཅད་འབྱུང་བར་བཤད། ། ཁོག་པ་མགྲིན་པ་ཐུན་མོང་གནས། །ལྷག་མ་སོ་སོར་ངེས་པ་སྟེ། ། བོད་སྐད་གནས་རྣམས་ཐམས་ཅད་ལས། ། འབྱུང་བའི་སྒྲ་ཡང་ཡོད་པ་ཡིན། །འ་ཧ་ཨ་ཡི་ཡི་གེ་གསུམ། ། ཁོག་པ་མགྲིན་པའི་གནས་ནས་འབྱུང༌། ། ཀ་ཁ་ག་ངའི་ཡི་གེ་གསུམ། ། རྐན་ཕུག་ལྕེ་རྩེའི་ཆ་ལས་འབྱུང་། ། ཡ་ཞ་ཅ་ཆ་ཇ་ཉ་ཤ ། བདུན་པོ་ལྕེ་དཀྱིལ་རྐན་དབུས་ལས། ། ཏ་ཐ་ད་ན་ར་ལ་དྲུག ། ལྕེ་རྩེ་རྐན་མཐའི་རྙིལ་ལས་འབྱུང༌། ། ཙ་ཚ་ཛ་ཟ་ས་ལྔ་པོ། ། ལྕེ་རྩེ་སོ་ལས་འབྱུང་བའོ། ། པ་ཕ་བ་མ་ཝ་དང་ལྔ། ། མཆུ་ལས་རབ་ཏུ་འབྱུང་བ་ཡིན། ། ང་ཉ་ན་མའི་ཡི་གེ་བཞི། ། རང་རང་གནས་དང་སྣ་ལས་འབྱུང༌། ། ལྷག་མ་གནས་རིམ་ཅི་བཞིན་དུ། ། ཅུང་ཟད་ཙམ་གྱིས་དྲག་ཅེས་བརྗོད། ། ཨི་ནི་རྐན་ཕུག་ལྕེ་རྩེའི་ཟུར། ། ཨུ་ནི་མཆུ་སྨད་ཨེ་རྐན་ཕུག ། ཨོ་ནི་མཆུ་སྟོད་སོ་ལས་འབྱུང༌། ། ཡན་ལག་རྣམས་ཀྱང་དེ་ལྟར་འབྱུང༌། ། དྲག་ལ་སྤྱི་བོའི་ཆ་ཅུང་ཟད། ། ཡོད་ཅེས་སྔོན་གྱི་མཁས་རྣམས་སྨྲ། ། དེ་ལྟར་ཡི་གེའི་གནས་ཤེས་ནས། ། རང་རང་གནས་ནས་ཕྱུང་སྟེ་བརྗོད། ། ཡི་གེའི་མདོ་ཞེས་བྱ་བ་ལས། ། འདི་དང་འབྱུང་གནས་མི་འདྲ་ཡོད། ། དེ་ནོར་འདི་བདེན་གང་ཡིན་པ། །རང་གི་ཁ་ལྕེ་ཡིད་ལ་དྲིས། ། དེ་བཞིན་བོད་ཀྱི་ཡི་གེ་ཡི། ། བཀླག་ཐབས་ནོར་བ་དུ་མ་བྱས། ། ཀ་ཁ་ཕ་མ་ཀུན་གྱིས་ཤེས། ། གང་ཡིན་རང་གི་བློ་ཡིས་དཔྱོད། ། དེ་ལྟར་འབྱུང་གནས་ཤེས་བྱས་ནས། ། ད་ནི་སྒྲ་ཡི་འབྱིན་ཐབས་བརྗོད། ། དེ་ཡང་ཡི་གེའི་གོ་རིམ་བཞིན། ། བསླབས་ན་དག་པར་འགྱུར་བ་ཡིན། ། དང་པོར་ཀ་ཁ་སུམ་ཅུ་བསླབ། ། འབྱུང་གནས་བློ་ལ་ཞེན་པར་བྱ། ། དེ་ནས་དེ་ལ་གུག་སྐྱེད་ནི། ། བཏགས་ཏེ་ཨི་ལ་གུ་གུ་བརྗོད། ། ཨུ་ལ་ཞབས་ཀྱུ་ཨེ་འགྲེང་བུ། ། ཨོ་ལ་ན་རོ་བརྗོད་ཅིང་སྦྱར། ། དེ་བཞིན་འབྱུང་གནས་ཤེས་པ་ཡིས། ། ཁ་ལྕེའི་འགྲོ་ཚུལ་ཡིད་ལ་འཆགས། ། དེ་ནས་བརྩེགས་པའི་ཡི་གེ་བསླབ། ། བཏགས་པའི་བརྡར་ནི་སྟེ་ཞེས་བྱ། ། གང་དང་གང་ལ་གང་བཏགས་པ། ། གོ་རིམ་བཞིན་དུ་གནས་ནས་འབྱུང༌། ། དེ་ལ་ར་མགོ་ལྕེ་རྩེ་འདར། ། ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། ། ས་མགོ་སོ་ཡི་བར་ནས་འབྱུང༌། ། ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། ། གལ་ཏེ་མི་ཕྱིན་གྱུར་པ་ནི། ། ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། ། དཔེར་ན་གྲ་ལ་ག་རའམ། ། སྒྲ་ལ་སྒ་ར་ཇི་བཞིན་དུ། ། དེ་ནས་འཕུལ་བ་བསླབ་པར་བྱ། ། འས་འཕུལ་ཐོག་མར་རྐན་ནས་དབྱུང༌། ། དས་འཕུལ་ལྕེ་རྩེ་ཀློད་པ་ལས། ། བ་མས་ཕུལ་ལ་ཐོག་མར་ནི། ། མཆུ་བཙུམས་པ་ལ་ཁྱད་པར་སྣ། ། འས་འཕུལ་གྲེ་བའི་ཕུག་ནས་དབྱུང༌། ། འཕུལ་ཤིང་བརྩེགས་པའི་ཡི་གེ་ཡང༌། ། གོ་རིམ་བཞིན་དབྱུང་མ་ཕྱིན་ན། ། འདི་ཡང་ཕྲལ་ཞིང་བཀླག་པ་སྟེ། ། མཁྲ་ལ་མཁའ་ར་ཇི་བཞིན་ནོ། ། སྦྱོར་དང་ཕྲལ་ཞིང་ནན་ཏན་བསྐྱེད། ། དེ་ཡི་ཕྱི་ནས་ཤིན་ཏུ་སླ། ། དེ་ནས་དེ་དག་རྣམས་ལ་ཡང༌། ། གུག་སྐྱེད་བཞི་པོ་སྦྱར་ཞིང་བཀླག །བརྩེགས་སམ་འཕུལ་ལམ་འཕུལ་ཞིང་བརྩེགས། ། ཚེག་བར་གཅིག་ན་ཡི་གེའི་གྲངས། ། དུ་ཡོད་དེ་དག་ཐམས་ཅད་ཀྱིས། ། གུག་སྐྱེས་མཉམ་པོར་ཐོབ་པ་ཡིན། ། དཔེར་ན་སྒྲུ་ལ་སྒུ་རུའམ། ། སྦྲེ་ལ་སྦེ་རེ་ཇི་བཞིན་ནོ། ། དེ་ལྟར་མ་ཤེས་ཐམས་ཅད་ལ། ། གུག་སྐྱེད་བཅས་པ་ཕྲལ་ཞིང་སྦྱར། ། དེ་དག་ལྕེ་ཡི་ཟུར་ཕྱིན་ནས། །དེ་ནས་དེ་ལ་མཐའ་བརྟེན་བསླབ། ། མཐའ་བརྟེན་གྱིས་ནི་ཡི་གེ་ལ། ། བཞག་ཅེས་བྱ་བ་བརྗོད་པར་བྱ། ། ཡང་ན་ལུས་དང་མཐའ་བརྟེན་གྱིས། ། བར་དུ་ལ་ཞེས་བྱ་བ་གཞུག ། སྦྱོར་ཞིང་ཀློག་པའི་དུས་ན་ནི། ། མཐའ་བརྟེན་ཟུར་ཕྱིན་རབ་ཏུ་བསླབས། ། དེ་བས་སྦྱོར་བའི་དུས་ཀྱི་ཚེ། ། ལུས་ཀྱི་ཡི་གེ་ཟུར་མི་ཕྱིན། ། དེ་ཕྱིར་དེ་ལ་ཕན་བྱའི་ཕྱིར། ། ནོར་པ་དེ་ཡི་འཕྲང་བཤད་བྱ། ། དེ་ལ་རང་གི་ཡུལ་གྱི་སྐད། ། མ་དག་པ་ཡི་ནོར་བ་མཐོང་། ། དབུས་པས་ར་ཡི་མགོ་ཅན་དང༌། ། རྐྱང་པར་འདྲ་ཞིང་ཡ་སྟ་དང༌། ། ར་སྟ་ཡང་ནི་ནོར་བ་ཡོད། ། གཙང་པས་མས་འཕུལ་འས་འཕུལ་དུ། ། ནོར་ཅིང་ར་ཡི་མགོ་ཅན་དང༌། ། གས་འཕུལ་དས་འཕུལ་ནོར་བ་ཡོད། ། རྐན་ཕུག་དང་ནི་ལྕེ་རྩེ་ཡ། ། ཡི་གེ་སྦྱར་བ་བཀླག་པར་དཀའ། ། དེ་བས་ཡུལ་རྣམས་ཕལ་ཆེར་དུ། ། དེ་ནི་ནོར་བ་དག་ཏུ་བརྗོད། ། མདོར་ན་སྒྲ་ཡི་འབྱུང་གནས་ལས། ། འགལ་འདུའི་ཡི་གེ་བཀླག་པར་དཀའ། ། གནས་གཅིག་ནས་ནི་འབྱུང་མོད་ཀྱང༌། ། དྲག་ཞན་འགལ་བར་ནོར་བ་ཡོད། ། དབུས་གཙང་གཉིས་ཀའི་ཡུལ་མཐིལ་གྱི། ། ཐ་མལ་པ་ཡི་སྐད་རྣམས་ལ། ། མཐའ་བརྟེན་རྫོགས་པ་རབ་ཏུ་ཉུང༌། ། དེ་བས་བསྡུ་ཚེ་མཐའ་བརྟེན་གཟབ། ། ད་ནི་རབ་ཏུ་བཤད་པར་བྱ། ། བོད་ཀྱི་སྐད་ལ་མི་དགོས་ཀྱང༌། ། ནོར་བའི་འཕྲད་ཉིད་བསྟན་པའི་ཕྱིར། ། འདོགས་འབྲེལ་མེད་པ་འགའ་ཡང་བརྗོད། ། ཀེ་ཀྱེ་ཁེ་ཁྱེ་གེ་གྱེ་དང༌། ། ངེ་ཉེ་ཀི་ཀྱི་ཁི་ཁྱི་དང༌། ། གི་གྱི་ངི་ཉི་དགེ་དགྱེ་ནོར། ། གུག་འགྲེང་ཡ་དང་གནས་གཅིག་ཕྱིར། ། ཀྲ་ཏྲ་ཁྲ་ཐྲ་གྲ་དྲ་དྲུག ། ཀྲི་ཏྲི་ཁྲི་ཐྲི་དྲི་ལ་སོགས། ། གུག་སྐྱེད་བཞི་ཀ་སྦྱར་བ་ཡང༌། ། དེ་དག་ཕན་ཚུན་ནོར་བར་འགྱུར། ། དེ་བཞིན་བསྐྲ་བསྟྲ་བསྲ་སྤྲ་དང༌། ། བསྒྲ་བསྦྲ་བསྟྲ་བབཀྲ་བཏྲ་བགྱ། ། འགྲ་འདྲ་འགྱ་མགྱ་འབྲ་དགྲ་དྷྲ། ། འཁྲ་འཐྲ་འཕྱ་མཁྱ་འཕྲ་མཐྲ་དང༌། ། སྐྲ་སྟྲ་སྲ་སྒྲ་པྲ། ། དེ་ལྟར་དེ་དག་ཐམས་ཅད་ལ། ། གུག་སྐྱེད་བཞི་དང་མཐའ་བརྟེན་དགུ ། སྦྱར་བ་བཀླག་པ་རབ་ཏུ་དཀའ། ། པྱ་དབྱ་སྦྱ་བཤའ་བཅའ་དང་ནི། ། གུག་སྐྱེད་མཐའ་བརྟེན་བཅས་པ་དཀའ། ། ཀྐ་སྐ་རྐ་དཀའ་གྒ་སྒ་རྒ་དགའ། ། དྡ་སྔ་རྔ་དངའ་དཉའ་གཉའ་སྙ་རྙ། ། ཏྟ་སྟ་རྟ་གཏའ་རྡ་སྡ་གདའ། ། ནྣ་སྣ་རྣ་གནའ་མྨ་སྨ་རྨ་དམའ། ། ཙྩ་རྩ་གཙའ་བཙའ་ཀྱ་དཀྱ་རྐྱ། ། མཉའ་དམྱ་རྨྱ་བརྙ།བསྙ་སྨྱ་རྨྱ།རྒྱ་དགྱ༑བཀྱ་བརྐྱ་བསྐྱ་བསྒྱ་བགྱ་བཀའ་བརྐ་བསྐ། ། མངའ་རྔ་སྔ་རྣམས་ནོར་བར་འགྱུར། ། གཙང་པས་དས་འཕུལ་ར་མགོ་རྣམས་སུ་ནོར། ། དབུས་པས་འཕུལ་དང་ར་ས་རྐྱང་པ་ནི། ། ནོར་གྱུར་གུག་སྐྱེད་མཐའ་བརྟེན་བཅས་དང་འདྲ། ། དེ་བས་གུག་སྐྱེད་མཐའ་བརྟེན་བཅས་པ་བསླབས། ། ཀླ་གླ་རླ་སླ་ལླ་བླ་བརླ། ། འདི་ལ་གུག་སྐྱེད་མཐའ་རྟེན་བསླབ། ། མི་ཉི་མྱི་མྱ་ཉ་ནྱ་དྲུག ། སླ་སྟེ་ནོར་མེད་དེ་བས་བསླབ། ། མཁའ་འཁའ་མགའ་འགའ་མངའ་དངའ་འདིར། ། མདའ་འདའ་ལ་སོགས་འས་འཕུལ་དང༌། ། མས་འཕུལ་བ་ནི་ནོར་མི་བྱ། ། འཕྱ་འཆའ་འབྱ་འཇ་སྨྲ་དམྲ་སོགས། ། འདི་དག་ཀུན་ལའང་གུག་སྐྱེད་དང༌། ། མཐའ་བརྟེན་སྦྱར་ཞིང་ལེགས་པར་བསླབ། ། དེ་བཞིན་ཡི་གེ་བཀླག་དཀའ་བ། ། རང་རང་བློ་གྲོས་དག་གིས་སྦྱར། ། དེ་ལྟར་སྦྱོར་ཀློག་སློབ་པའི་ཚེ། ། ནན་ཏན་བསྐྱེད་ན་ཕྱི་ནས་སླ། ། སྦྱོར་ཀློག་ལྷག་ཆད་མེད་གྱུར་ན། ། ཚིག་གི་བར་དུ་རྐྱང་སྡུད་བྱ། ། དེ་ཚེ་སྒྲ་ལ་རབ་ཏུ་འབད། ། ཤིན་ཏུ་དལ་བ་ཡིད་ལ་བཞག །ཚིག་སྡུད་འོག་མར་འདྲེས་དགོས་ཏེ། ། དཔེར་ན་དགྲ་བཅོམ་སྒྲ་བཅོམ་བཞིན། ། དེ་ལྟར་བཀླག་ན་འབྱོངས་པའི་ཚེ། ། དེ་ལ་ངེས་པ་མང་དུ་སྐྱེ། ། ཚིག་སྡུད་ནོར་བ་མེད་གྱུར་ཅིང༌། ། ཤིན་ཏུ་མྱུར་བ་གྱུར་པའི་ཚེ། ། མིང་གི་མཚམས་སུ་བསྡུ་བར་བྱ། ། ཕྲད་ཀྱི་ཚིག་རྣམས་རྐྱང་པར་བཀླག ། དེ་ལྟར་རབ་ཏུ་ཤེས་གྱུར་ནས། ། ཕྲད་ཚིག་སྔ་མའི་ཁོངས་སུ་བསྡུ། ། དེ་ལྟར་གཉིས་སྡུད་གསུམ་སྡུད་ཚེ། ། མཐའ་བརྟེན་ཚིག་རྣམས་རྫོགས་པར་བརྗོད། ། གལ་ཏེ་མཐའ་བརྟེན་མ་གཟབ་ན། ། དེ་ཡི་ཟུར་རྣམས་ཆག་པར་འགྱུར། ། དེ་བས་མཐའ་བརྟེན་དཀའ་བ་ཡི། ། ཚིག་རྣམས་ཀྱང་ནི་སྦྱར་བར་བྱ། ། སངས་རྒྱས་བཅོམ་ལྡན་འདས་ཞེས་དང༌། ། དེ་བཞིན་གཤེགས་པ་དགྲ་བཅོམ་དང༌། ། ཡང་དག་རྫོགས་པའི་སངས་རྒྱས་དང༌། ། སློབ་དཔོན་བྱང་ཆུབ་སེམས་དཔའ་སོགས།། བརྗོད་པ་རབ་ཏུ་དཀའ་བ་ཡིན། །མིང་མཐར་ཝ་སྒྲ་དབྱུང་དཀའ་སྟེ། ། ར་ལ་ང་མཐར་དེ་ནོར་ཞིང༌། ། གཞན་དག་ལ་ནི་ར་ནོར་འགྱུར། ། ང་པ་ག་ད་ལ་སོགས་པའི། ། གོང་འོག་ཚིག་འཕྲོ་འགལ་འདུ་དང༌། ། བྱིན་ནོ་འགྱུར་རོ་བྱེད་དོ་དང༌། ། འགལ་ལོ་བསམ་མོ་ལ་སོགས་པ། ། བསྟབས་པའི་ཟུར་ཡང་འབྱུང་དཀའ་བས། ། དེ་ཕྱིར་ལྕེ་ལ་གང་མི་བདེ། ། དབྱུང་བར་དཀའ་བའི་ཚིག་རྣམས་ཀྱི། ། ཟུར་རྣམས་རབ་ཏུ་དབྱུང་བར་བྱ། ། དེ་ལྟར་གཉིས་གསུམ་སྡུད་པ་ལས། ། སྒྲ་ཟུར་ཕྱིན་པ་མ་ནོར་ཚེ། ། སྐད་དང་རྗེས་སུ་མཐུན་པ་ཡི། ། ཀློག་གི་སྐད་ལ་བསྐྱོན་ཏེ་བཀླག ། ཚིགས་བཅད་རྣམས་ལ་བཅད་ཅིང་བཀླག ། ལྷུག་པ་རྣམས་ལ་བསྲིང་བར་བྱ། ། དེ་ཚེ་ཤིན་ཏུ་མགྱོགས་གྱུར་པས། ། ཤིན་ཏུ་ཐེག་པ་གལ་ཡང་ཆེ། ། ཀློག་སྐད་སློབ་པ་ཐོག་མའི་ཚེ། ། བཀླག་པ་སླ་ལ་བསླབ་པར་བྱ། ། དེ་ནས་དལ་བར་བྱ་བ་དང༌། ། དབུགས་ཐག་བསྲིང་བ་ཉིད་ལ་བསླབ། ། ཟུར་ཕྱིན་མ་ནོར་ལྷག་ཆད་མེད། ། སྒྲ་སྐད་མཉམ་ལ་ཐོགས་རྡུགས་མེད། ། དལ་ཞིག་མགྲིན་པ་རབ་ཏུ་སྙན། ། ཀློག་མཐར་ཕྱིན་པའི་ཚད་ཡིན་ནོ། ། ངག་གིས་དེ་ལྟར་མ་ཤེས་ན། ། ཡིད་ཀྱིས་ཤེས་པས་ཅི་ཞིག་ཕན། ། ཟས་ཉིད་ཁ་ཡིས་མ་ཟོས་ན། ། ཐོས་པས་འགྲངས་ལ་མི་ཕན་ཞིང་། ། དེ་ཕྱིར་དང་པོ་ལེགས་པར་བསླབ། ། མ་དག་པ་ཞིག་སྔར་ཤེས་ནས། ། སྦྱོར་བ་འམ་ནི་རྐྱང་ཀློག་ཏུ། ། བཤིག་ནས་བསླབས་ན་མཁས་པར་འགྱུར། ། ཡི་གེའི་འབྱུང་གནས་དང༌།འབྱིན་ཐབས་དང༌།ཀླག་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ།།  །།
        དེ་ནས་སྔགས་དང་རྒྱ་སྐད་ཀྱི། ། ཡི་གེའི་བཀླག་ཐབས་བརྗོད་པར་བྱ། ། འདིར་བརྗོད་རྣམས་ལ་ངག་བྱང་ན། ། ཡི་གེ་ཀུན་ལ་ཐོགས་མེད་འགྱུར། ། གང་གིས་བཀླག་ཐབས་མི་ཤེས་པ། ། རིགས་སྔགས་ལོག་པར་བཟླས་གྱུར་ན།། དད་མེད་རྣམས་ལ་དོན་མེད་འགྱུར། ། དད་པ་ཡོད་ཀྱང་དངོས་གྲུབ་རིང༌། ། དེ་ལ་བཀླག་ཐབས་མདོར་བསྡུ་ན། ། ཨཱ་ལི་ཀཱ་ལི་གུག་སྐྱེད་བཅས། ། དེ་རྣམས་སློབ་དཔོན་ངག་བཞིན་དུ། ། ཁ་མི་འདྲིས་པར་ཡུན་རིང་བསླབ། ། བཀླག་ཐབས་རིམ་བཞིན་མི་སློབ་པར། ། སྔགས་འབྲུ་རྣམས་ལ་འདི་ཅི་ཞེས། ། ཟེར་བའི་རྒྱུ་མེད་འབྲས་འདོད་པའི། ། རྨོངས་རྣམས་ཡུན་རིང་དོན་འགྱུར། ། དེས་ན་བོད་ཀྱི་ཡི་གེ་ཡི། ། སྒྲ་འབྱིན་ཐབས་གཞན་སྔར་བཤད་རྣམས། ། ཤེས་ན་རྒྱ་སྐད་ཡི་གེ་ཡང༌། ། ཕལ་ཆེར་མཐུན་པས་དག་པར་འགྱུར། ། ད་ནི་རྒྱས་པར་བཤད་པར་བྱ། ། ཐོག་མར་དབྱངས་ཡིག་བཅུ་དྲུག་ལ། ། ཨ་ནི་དྲང་པོ་ཨི་བཀུག་པ། ། ཨུ་ནི་སྨད་པ་ཞེས་བྱ་སྟེ། ། དེ་དག་རིང་ཐུང་གཉིས་གཉིས་ཡོད། ། རྀ་རཱྀ་ལྀ་ལཱྀ་ཞེས་བྱ་ཡི། ། མ་ནིང་གི་ནི་ཡི་གེ་བཞི། ། བསྒྲིམ་དང་ཀློད་པའི་ང་རོ་སྟེ། ། དེ་དག་རིང་ཐུང་གཉིས་གཉིས་ཡོད། ། ཨེ་ནི་བསྒྲེང་པའི་ང་རོ་སྟེ། ། ཨཻ་བསྒྲེང་ཞིང་བཀུག་པ་ཡིན། ། ཨོ་ནི་བསྟོད་པ་ཞེས་བྱ་སྟེ། ། ཨཽ་ནི་བསྟོད་དེ་སྨད་པ་ཡིན། ། ཨྃ་ནི་སྣ་ལྡན་ཞེས་བྱ་སྟེ། ། ཨ༔ནི་རྣམ་པར་བཅད་པའོ། ། ང་རོ་དྲང་པོ་ལས་བྱུང་བ། ། ཀ་ནས་བརྩམས་ཏེ་ཀྵཿཡི་མཐར། ། གསལ་བྱེད་ཡི་གེ་སུམ་ཅུ་བཞི། ། ཀ་ཙ་ཊ་ཏ་པ་སྟེ་ལྔ། ། ཡི་གེ་ལྔ་ལྔ་ལྡན་པ་ཡིན། ། ཡ་སྡེ་མཐར་གནས་ཡི་གེ་སྟེ། ། ཤ་སྡེ་དྲོ་བའི་སྡེ་ཞེས་བརྗོད། ། ཀྵ་ནི་མཐར་ཟད་ཅེས་བྱའོ། ། དེ་ལ་ཡ་ནི་ཀ་ཙའི་མཐའ། ། ར་ནི་ཊ་མཐའ་ལ་ཏའི་མཐར། ། ཝ་ནི་ས་སྡེའི་མཐར་གནས་ཏེ། ། དེ་ལྟར་དེ་དག་སྔ་མ་དང༌། ། འབྱུང་གནས་མཐུན་ཕྱིར་མཐར་གནས་ཡིན། ། དབུགས་དྲོའི་ཕྱིར་ན་དྲོ་སྡེའོ། ། ཀ་སོགས་གསལ་བྱེད་ཐམས་ཅད་ལ། ། མ་ནིང་བཞི་པོ་མ་གཏོགས་པའི། ། དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། ། གུག་སྐྱེད་དུ་ནི་རབ་ཏུ་སྦྱར། ། དེ་ལྟར་ཡི་གེ་མདོར་བསྡུ་ན། ། བཞི་བརྒྱ་ལྔ་བཅུ་ང་བརྒྱད་ཡོད། ། ཡི་གེ་དེ་རུ་མ་འདུས་པ། ། སྒྲ་ཡི་བསྟན་བཅོས་ལས་བྱུང་བ། ། ྈྐ་ཞེས་བྱ་བ་ལྕེ་རྩ་ཅན། ། ྉྤ་ཞེས་བྱ་བ་མཆུ་ཅན་ནོ། ། ཡི་གེ་དེ་རྣམས་ཟུར་ཕྱིན་ན། ། རྒྱ་སྐད་ཐམས་ཅད་ཤེས་པར་འགྱུར། ། ད་ནི་སྒྲ་ཡི་འབྱིན་ཐབས་བརྗོད། ། སྐད་ནི་རྒྱ་སྐད་ཡིན་མོད་ཀྱང༌། ། བོད་ཀྱི་སྐད་དང་རྗེས་མཐུན་པར། ། བརྗོད་པར་སླ་བ་རབ་ཏུ་བྲི། ། རིགས་ནི་སྤྱོད་པས་སྟོན་པར་བྱེད། ། ཁ་ཟས་ལུས་ཀྱིས་སྟོན་པར་བྱེད། །བརྩེ་བ་ཏབ་ཏབ་བྱེད་པས་སྟོན། ། ཡུལ་ནི་སྐད་ཀྱིས་སྟོན་པར་བྱེད། ། དེ་སྐད་ཟེར་བའི་ཚིག་བདེན་པས། །སྐད་གདངས་ཡུལ་གྱི་སྐད་ཀྱིས་འབྱུང༌། ། གལ་ཏེ་སྐད་གདངས་བཅོས་པ་ན། ། རྣར་མི་སྙན་ཅིང་བརྗོད་ནོར་འགྱུར། ། རྒྱ་སྐད་ཕལ་ཆེར་ལྕེ་རྩེ་ལས། ། འབྱུང་ཞིང་བརྗོད་པ་རབ་ཏུ་མྱུར། ། སྐད་གདངས་མགྲིན་པ་ཕྲ་ཞིང་སྙན། ། བོད་སྐད་ཕལ་ཆེར་ལྕེ་དབུས་ལས། ། འབྱུང་ཞིང་བརྗོད་པ་དལ་བ་ཡིན། ། མགྲིན་པ་སྦོམ་འགྱུར་ཁ་ཆེ་དང༌། ། ཨུརྻན་ཡུལ་ཡང་དེ་དང་འདྲ། ། འོན་ཀྱང་དེ་གཉིས་རྒྱ་སྐད་ཀྱི། ། ལུགས་སུ་དེ་དག་ལེགས་པར་སྨྲ། །བོད་ལ་ཁྱད་པར་སྐད་ཐུང་ཞིང༌། ། རིང་ཐུང་ཁྱད་པར་འགའ་ཡང་མེད། ། དེ་ཕྱིར་བོད་ཀྱི་རྒྱ་གར་སྐད། །ལེགས་ལོབས་ཁ་ཆེའི་སྐད་འདྲ་འབྱུང༌། ། དེ་བས་སྐད་གདངས་མ་བཅོས་པར། ། རིང་ཐུང་ཁྱད་བརྗོད་བསླབ་ལ་འབད། ། དེ་ལ་འ་མེད་ཐུང་བ་མང༌། ། ཐུང་དང་དྲག་པོར་ནོར་མི་བྱ། ། དབྱངས་ཀྱི་ཡི་གེ་རྣམ་དྲུག་ལ། ། འ་བཏགས་རྣམས་ནི་རིང་པར་ཀློག ། རྀ་རཱྀ་ལྀ་ལཱྀ་མ་ནིང་བཞི། ། ཨི་རི་ཨི་ལི་ལྟ་བུར་བརྗོད། ། དེ་ཡང་འ་བཏགས་རིང་བར་བསླབ། ། ཁ་ཆེ་ཨི་ཨེ་ལུགས་གར་སྨྲ། ། ཨེ་ཨཽ་བསྒྲེངས་དང་བསྟོད་པ་གཉིས། ། འ་མེད་ཀྱང་ནི་རིང་བར་བཀླག ། ཨཻ་ཨེ་འིར་བཀླག་པ་སྟེ། ། བསྒྲེང་ཞིང་བཀུག་པ་ཡིན་ཕྱིར་རོ། ། ཨཽ་ཨོའུ་གང་དུ་བྲིས་ཀྱང་རུང༌། ། ཨོ་འུར་བརྗོད་པ་བསྟོད་སྨད་ཕྱིར། ། སྣ་ལྡན་རྣམ་པར་བཅད་པ་སྤངས། ། རིང་བའི་སྒྲར་ནི་བརྗོད་པར་བྱ། ། དེ་ལྟར་དབྱངས་ཡིག་བཅུ་དྲུག་གི ། རིང་ཐུང་ཁྱད་པར་ལེགས་ཤེས་ནས། ། གསལ་བྱེད་སུམ་ཅུ་རྩ་བཞི་ཡི། ། བརྗོད་པ་བསླབ་ཅིང་མིག་འདྲིས་བྱ། ། དེ་ལ་ཕལ་ཆེར་བོད་དང་མཐུན། ། འོན་ཀྱང་བོད་ལ་ཡི་གེ་གང༌། ། མེད་དང་ཡི་གེ་ཡོད་གྱུར་དང༌། ། བརྗོད་པ་མི་འདྲ་འདིར་བཤད་བྱ། ། ཊ་ཋ་ཌ་ཌྷ་ཎ་ཥ་དྲུག ། གྷ་ཛྷ་དྷ་བྷ་ཀྵཿསྟེ་ལྔ། ། དེ་ལྟར་ཡི་གེ་བཅུ་གཅིག་པོ། ། བོད་ལ་གཏན་ནས་མེད་པ་ཡིན། ། རྒྱ་གར་སྐད་ལའང་དེ་དག་ལ། ། ཡི་གེ་ལོག་དང་ཧ་བཏགས་མེད། ། འོན་ཀྱང་བོད་ཀྱིས་བརྗོད་ཤེས་ཕྱིར། །སྔོན་གྱི་བྱང་ཆུབ་སེམས་དཔས་མཛད། ། དེ་ལ་ཏ་ཐ་ད་ན་ཤ ། ལྕེ་སྣེ་ལས་བྱུང་དེ་དག་ལས། །  ལྕེ་རྩེ་བཟློག་སྟེ་བརྗོད་པ་ཡིན། ། ཊ་ཋ་ཌ་ཌྷ་ཎ་ཥ་རྣམས། ། འབྱུང་བས་དེ་རྣམས་བཟློག་པར་བྲི། ། གྷ་སོགས་ཧ་བཏགས་ཡི་གེ་ལྔ། ། ག་ཛ་ཌ་ད་བ་ལྔ་ལ། །ཧ་སྒྲ་ཅུང་ཟད་འབྱུང་བ་ལ། ། དགོངས་ཏེ་ཧ་བཏགས་ཡི་གེ་མཛད། ། འོན་ཀྱང་བོད་ཀྱི་ཡི་གེ་ཡི། །  ལུགས་བྲིས་བརྗོད་པའི་ཐབས་གཞན་བྲིས། ། གྷ་ལ་འཁའ་འདྲ་ཛྷ་འཚའ་འདྲ། ། ཌྷ་ནི་འཐྲ་འདྲ་དྷ་མཐའ་འདྲ། །བྷ་ནི་འཕའ་དང་འདྲ་བར་བཀླག ། ཧ་སྒྲའང་མི་གསལ་ཅུང་ཟད་འབྱུང༌། ། ཀྵ་ནི་ཀ་ཥ་ཡིན་མོད་ཀྱི། ། མི་ཤེས་རྣམས་ཀྱི་ཁྱ་འདྲར་བཀླག ། ག་ཛ་ཌ་ད་བ་ལྔ་ལ། །མིང་གི་དང་པོའམ་རྐྱང་པར་འབྱུང༌། ། གྷ་འཛའ་དྷ་འདའ་འབའ་ལྟར་བཀླག ། མིང་མཐར་བྱུང་ན་བོད་འདྲ་ཉིད། ། ཤ་ཥ་ས་ཡི་ཡི་གེ་གསུམ། ། སྐབས་ཀྱིས་ལྕེ་ལ་གང་བདེར་བཀླག ། དེ་ལྟར་གསལ་བྱེད་ཡི་གེ་ལ། ། བརྗོད་པའི་ཁྱད་པར་ཅུང་ཟད་ཙམ། ། དེ་ནས་དེ་ལས་དབྱངས་བཅུ་གཉིས། ། སྦྱང་ཞིང་གུག་སྐྱེད་རིང་ཐུང་གི ། ཁྱད་པར་བསླབ་ལ་ནན་ཏན་ཏུ། ། བྱས་ནས་ཨུརྻན་སྐད་འདྲ་འབྱུང༌། ། དེ་ལ་སྣ་ལྡན་ཀླད་ཀོར་རྣམས། ། མི་འདྲ་བ་ཡི་ཁྱད་ཡོད་དེ། ། ཀ་ཚན་གྱི་ནི་ཀླད་ཀོར་ང༌། ། ཙ་ཚན་ཉ་ཡིན་ཊ་ཚན་ཎ། ། ཏ་ཚན་ན་ཡིན་དེ་གསུམ་ཀ ། བོད་ཀྱི་ནར་བརྗོད་པ་ཚན་མ། ། མཐར་གནས་བཞི་དང་དྲོ་བ་བཞི། ། རིམ་བཞིན་ང་ཉ་ན་མར་བཀླག ། ཨ་དང་ཀྵཿཡི་ཀླད་ཀོར་རྣམས། ། ངར་བཀླག་པ་ནི་མཆོག་ཡིན་ནོ། ། དེ་ལྟར་ཀླད་ཀོར་ཐམས་ཅད་ཀྱང༌། ། མིང་གི་འཕྲོ་ལ་གང་བྱུང་དང༌། ། རང་གི་ཡི་གེར་མི་བརྗོད་དོ།། ཐ་མའི་ཡི་གེའི་དབང་དུ་བཀླག ། བརྩེགས་པ་རྣམས་ཀྱང་དེ་འདྲ་སྟེ། ། དེ་ལྟར་བརྗོད་ན་རབ་ཏུ་མཛེས། །  ད་ནི་བརྩེགས་པའི་ཡི་གེ་བརྗོད། ། རྒྱ་གར་ལུགས་ལ་གསལ་བྱེད་ཀྱི། ། ཡི་གེ་ཐམས་ཅད་བརྩེགས་ཡོད་པས། ། ཆིག་སྟོང་ཆིག་བརྒྱ་ལྔ་བཅུ་དྲུག ། དེ་ལ་གུག་སྐྱེད་བཅུ་གཉིས་ཀྱིས། ། ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་དང༌། ། བདུན་ཅུ་རྩ་གཉིས་རབ་ཏུ་ལྡན། ། དེ་སྟེང་སྔར་གྱིས་མནན་པ་ཡོད། ། དེ་ལྟར་ཡི་གེ་མང་ཡོད་ཀྱང༌། ། རྒྱ་ལུགས་བཀླག་བསླབ་ཅི་ཕྱིར་ན། ། བརྩེགས་པའི་སྟེང་མ་གང་དུ་སྦྱོར། ། དཔེར་ན་ཏིཥྛི་ཏིས་ཐྲ་བཞིན། ། གལ་ཏེ་གོང་དུ་མི་སྦྱར་བར། ། སྔར་བསྟན་འབྱུང་གནས་ཤེས་གྱུར་པས། ། ཕྲལ་ཞིང་གནས་ནས་རིམ་བཞིན་དབྱུང༌། ། དེས་ན་མི་ཤེས་འགའ་ཡང་མེད། ། གུག་སྐྱེད་ཅན་ནི་བྱུང་གྱུར་ནའང༌། ། ཕྲལ་ཏེ་གུག་སྐྱེད་ཀུན་ལ་སྦྱར། ། དཔེར་ན་ཏྱུ་ལ་ཏ་ཡུའམ། ། ཐྱ་ལ་ཤི་ཐི་ཇི་བཞིན་ནོ། ། གལ་ཏེ་ཕྲལ་ཏེ་ཀློག་པ་ན། ། ཅི་ཕྱིར་ཕྲལ་ནས་མི་འབྲི་ཞེས། ། རྒོལ་ན་བོད་སྐད་ཀྱང་མཚུངས་ཞེས། ། དེ་གཉིས་ཁྱད་པར་མེད་པར་བསྒྲེ། ། མྱུར་དུ་བརྗོད་ཕྱིར་ཡིག་ཉུང་ཕྱིར། ། སྒྲ་གནས་བསྡུས་ཕྱིར་འདིར་བརྩེགས་ན། ། དེས་ན་འདི་ཡང་དེ་དང་འདྲ། ། དེ་ཕྱིར་ཕྲལ་ཞིང་མྱུར་བར་བཀླག ། དེས་ན་རྒྱ་གར་སྒྲ་གནས་ཀུན། ། བསྡུས་པས་ཨ་ལས་ཨ་བྱུང་ཞིང༌། ། ཨེ་ལས་ཨི་བྱུང་ཨོ་ལས་ཨུ། ། དེ་ལྟར་འབྱུང་གནས་བསྡུས་པ་ཡོད། ། གསང་སྔགས་ཀྱི་ནི་རྒྱུད་རྣམས་ལ། ། ཡི་གེ་མང་པོ་བརྩེགས་པ་ཡོད། ། དེ་ནི་ས་བོན་ཡིན་པའི་ཕྱིར། ། དུས་གཅིག་མི་བརྗོད་ཕྲལ་ཏེ་བཀླག།
         ད་ནི་བླུན་པོའི་མི་རྣམས་ལ། །བསྟན་ཕྱིར་བོད་ལ་མེད་པ་ཡི། །ཡིག་འབྲུ་བརྩེགས་པ་བཀླག་པའི་ཐབས། །བོད་ཀྱི་ལུགས་ཀྱིས་འགའ་ཞིག་བརྗོད། །ཙ་ཚ་ཛ་ལ་ཡ་སྟ་བཏགས། །བོད་ཀྱི་ཅ་ཆ་ཇ་བཞིན་བཀླག །གུག་སྐྱེད་ཅན་ཡང་དེ་བཞིན་ཏེ། །དཔེར་ན་ཙྱ་ལ་ཙེ་ཡ་བཞིན། །ཏ་ཐ་ད་སོགས་ཡ་སྟ་འབྱུང༌། །ཨེ་སྒྲ་ལྡན་པས་ཕྲལ་ཞིང་བཀླག །དཔེར་ན་ཏྱ་ལ་ཏེ་ཡ་འམ། །ཐྱ་ལ་ཐེ་ཡ་ཇི་བཞིན་ནོ། །ཛྙ་ཞེས་བྱ་བའི་ཡི་གེ་ལ། །རྒྱ་གར་འགྱར་ཀློག་ཁ་ཆེ་གཉའ། །བོད་ཀྱི་གཉའ་ཞེས་བྱ་བར་ཀློག །ཁ་ཆེའི་ལུགས་སུ་བཀླག་ན་བདེ། །ཥྞ་ཥྟ་ཥྛ་སོགས་ཡི་གེ་ལ། །ཤ་ལོག་ཤ་རྣལ་གང་བྱུང་ཡང༌། །ས་དང་འདྲ་བར་བྱ་བ་སྟེ། །སྣྲ་སྟྲ་ཞེས་བརྗོད་པས་འགྲུབ། །གལ་ཏེ་དེ་ལྟར་མ་ཐོབ་ན། །ཕྲལ་ཏེ་བཀླགས་པས་ཐམས་ཅད་འགྲུབ། །སྟྱཻ་དྷ་ལྟ་བུ་ལ། སྟྱཻ་ཡད་དྷར་བཀླགས་པས་འགྲུབ། །དེ་ལ་སོགས་པ་བསམ་མི་ཁྱབ། །སྔགས་ཀྱི་བཀླགས་ཐབས་མི་ཤེས་ན། །འདི་མང་བྲིས་པས་ཅི་ཞིག་ཕན། །དེ་བས་སྔར་བརྗོད་ཐབས་ལ་འབད། །དེ་ནས་གཞན་ཡང་རབ་བཤད་བྱ། །ཨཱ་ལི་ཀཱ་ལི་གུག་སྐྱེད་བཅས། །ལེགས་ཤེས་ཁ་ཆེ་ནས་བྱུང་ཞིང༌། ། ལྕེ་བདེར་འགྱུར་བའི་ཡི་གེ་བྲི། ། རྦ་ཛྙནྶ་ཎྜ་ཌ་ཀྵཿསྠ་རྵ་ནྐ་ཏྲ་ཌྒཙྪ། ཡ་རྐྲ་ཏྟྱ་རྫ་ནཱ་  དྷྲ། ཤངྐུ་ རྠ་ ཉྫུ་ཉྫུ་རྡྷྭ། སྟྭནྟྱ་ཀྲོ་སྨྲོ་སྤྲོ་དྡྷ་ ་ཌཱ། ། ཀནྠི་རྦྷྱ་ཥྐ་བྫིམ་ཕཱ། ཡ  ཌྷྱ་པྲེངྐ༌། ངྐ་ཚེཙྪར།  རེངྐ་སྲེ་ཀླི་རྠཿའདི་རྣམས་ལེགས་པར་ཟུར་ཕྱིན་ན། །ལྕེ་བདེ་བར་ནི་འགྱུར་བ་ཡིན། །དེས་ན་གཎྜཱིའི་བསྟོད་ཚོགས་ལས། །ཚེག་ཀློག་སྦྱངས་ན་མཁས་པར་འགྱུར། །འདིར་མང་བརྗོད་པས་ཅི་ཞིག་བྱ། །བཀླག་ཐབས་ལེགས་པར་མི་སློབ་པར། །ཡི་གེར་བྲིས་པས་ཆོག་ཤེས་པའི། །རྨོངས་རྣམས་དོན་མེད་མ་གྱུར་ཏམ། །དེ་བས་ལེགས་པར་སློབ་འདོད་ན། །ཐོག་མར་ཨཱ་ལི་ཀཱ་ལི་ལ། །སློབ་དཔོན་གྱི་ནི་ངག་བཞིན་དུ། །རིང་ཐུང་ཕྱེད་པར་ལེགས་པར་བསླབ། །དེ་ལ་གུག་སྐྱེད་བཅས་ཤེས་ན། །དོན་ཡོད་ཞགས་པའི་གཟུངས་སོགས་ལ། །ཤིན་ཏུ་དལ་བར་བྱས་ནས་ནི། །རིང་ཐུང་ཁྱད་ཕྱེད་བྱ་ཞིང་བསླབ། །མདོར་ན་སློབ་དཔོན་བརྗོད་པ་བཞིན། །བོད་ཀློག་ཤེས་པས་ཞག་བཅུའམ། །ཟླ་ཕྱེད་ཉི་ཤུ་རྩ་གཅིག་ཏུ། །བསླབས་ན་ཐམས་ཅད་ཤེས་པར་འགྱུར། །སྐད་གདངས་མ་བཅོས་དལ་བ་དང༌། །རིང་ཐུང་ཁྱད་པར་ལེགས་ཕྱེད་ཅིང༌། །སྒྲ་ཡི་ཟུར་ཕྱིན་མི་ཐོགས་པ། །སྔགས་ཀྱི་ཀློག་མཐར་ཕྱིན་པ་ཡིན། །སྔགས་བརྗོད་རྣམས་ལ་རྣམ་ཀུན་ཏུ། །གལ་ཆེ་བ་ནི་ས་མཚམས་ཡིན། །དཔེ་ལ་ནན་ཏན་བསྐྱེད་དེ་བསླབ། །རྒྱ་ཡིག་ཤེས་ན་གཅིག་པ་རྟ། །ཀློག་པ་བསླབ་ན་མི་ཤེས་པས། །ས་མཚམས་གང་དང་གང་ཡིན་པ། །རང་ཉིད་ཀྱིས་ཀྱང་ལེགས་ཤེས་འགྱུར། །རྒྱ་གར་གྱི་སྐད་དང་སྔགས་ཀྱི་བཀླག་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ།།  །།
དེ་ལྟར་འདི་ནི་ཁོ་བོས་འབད་དེ་བྲིས་པ་གང༌། །མཁས་པ་སློབ་པར་འདོད་པའི་བྱིས་པ་གཞུག་ཕྱིར་ཡིན། །འོན་ཀྱང་ཆེན་པོ་རྣམས་ཀྱིས་ལན་འགའ་གཟིགས་གྱུར་ནའང༌། །དེ་ཡང་དོན་མེད་མི་འགྱུར་བློ་གྲོས་སྐྱེ་བར་འགྱུར་སྙམ་དང་། །དེ་ཉིད་ལེགས་པར་ཤེས་ན་ཀློག་གི་སློབ་དཔོན་ཤེས་ལ་རབ་ཏུ་མཁས་པར་འགྱུར། །དེ་ཕྱིར་མཁས་པ་རྣམས་ཀྱང་ཁེངས་པ་དོར་ནས་འདི་བྲིས་ལེགས་པར་སློབ་གྱུར་སྙམ། །བརྩེ་བས་འདི་བྲིས་པ་ལས་དུབ་པར་གྱུར་པའི་བསོད་ནམས་གང་ཡོད་པ། །དེས་ནི་འགྲོ་བ་མཐའ་དག་བྱང་ཆུབ་སེམས་ལྡན་སྤྱོད་པ་མཆོག་ལ་གནས་ཀྱི་བར། །གང་དང་གང་བརྗོད་དེ་དག་དོན་གསལ་དོན་ལ་བརྗོད་པའི་ཟུར་ཕྱིན་རབ་ཏུ་མཁས། །ལེགས་སྦྱར་རྒྱ་མཚོའི་བློ་གྲོས་ཡངས་པའི་གཟུངས་ཀྱི་རྩེ་མོ་མཆོག་ནི་ཐོབ་པར་ཤོག །ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ། །དགེ་བསྙེན་བསོད་ནམས་རྩེ་མོས་སྦྱར་བའོ། །།རྐེད་སླས་དམ་པ་དང༌།དཔལ་ས་སྐྱའི་དབེན་གནས་དམ་པར་སྦྱར་བའོ། །ཕག་ལོ་རྟའི་ཚེས་བཅུ་གཅིག་ལ་ཚར་བར་བགྱིས་སོ། །ཞུ་བ་པོ་ཞང་སྟོན་ཕྱར་བུ་པས་བགྱིས་སོ།། །། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ།།  །།
        (ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་བོད་ཀྱི་ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་གི་དཔེ་འདི་མཁོ་འདོན་གནང་མཁན་སི་ཁྲོད་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཁྲོཾ་ལྗོངས་མཁན་པོ་འཇམ་བློ་ལགས་ཡིན་པས་ཁོང་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག  དེང་སྐབས་རང་རེ་བོད་ཀྱི་ཡི་གེ་ཀློག་སྟངས་ཐད་ནས་གཅིག་གྱུར་ལ་ཁ་ཐག་ཤིན་ཏུ་རིང་ཞིང་། ཉོག་དྲ་ཅན་གྱི་ལམ་ནས་ཐར་ཐུབ་ཀྱིན་མེད་པར་སྣང་ན་རང་རེའི་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་གི་དགེ་རྒན་རྣམ་པས་རང་ལུང་གི་སྲོལ་ཡིན་ཞེས་ཨུ་ཚུགས་མཐའ་སྐྱེལ་མི་གནང་བར། འདི་འདྲའི་དཔྱད་གཞིའི་རིགས་ལ་ཞིབ་གཟིགས་དང་དཔྱད་བསྡུར་བྱས་ནས་གཅིག་གྱུར་ཀློག་སྟངས་ཤིག་གི་ཕྱོགས་སུ་གོམ་ཁ་ཕྱོགས་ཐུབ་ན་ཅི་མ་རུང་སྙམ་ནས་ཡི་གེའི་བཀླག་ཐབས་འདི་གཟིགས་རྟེན་དུ་ཕུལ་བ་ཡིན་མོད། འོན་ཀྱང་འདིའི་མ་ཡིག་དག་པོ་ཡིན་མིན་ཁ་ཚོན་གཅོད་དཀའ་བས་རྒྱ་ཆེའི་གྲོགས་པོ་ཀློག་མཁན་རྣམ་པས་ཤེས་རབ་ཀྱི་སྤྱན་ཟུང་ཡངས་པོས་འཇོལ་བར་ཞུ་ཞེས་སྨིན་དབུས་པོ་ནས།)


འབྲེལ་ཡོད་འོས་སྦྱོར།