སྐྱོན་བརྗོད་སློབ་གསོ་དང་ཞི་འཇམ་སློབ་གསོའི་ཐད་ཀྱི་བསམ་ཚུལ་རེ་གཉིས།
སྐྱོན་བརྗོད་སློབ་གསོ་དང་ཞི་འཇམ་སློབ་གསོའི་ཐད་ཀྱི་བསམ་ཚུལ་རེ་གཉིས།
གཡག་ཚེ་བརྟན།
སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་དང་འདུ་ཤེས་འཛིན་སྟངས་སོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པའི་ཁར། སློབ་གསོའི་གཞུང་ལུགས་དང་ལག་ལེན། ཐབས་ལམ་སོགས་ཀྱི་ཐད་ལའང་ངོས་འཛིན་གསར་བ་ཞིག་ཆགས་བཞིན་ཡོད། དེ་ཡང་ཅུང་བྱེ་བྲག་ཏུ་བཤད་ན་སློབ་གསོའི་ལག་ལེན་གྱི་ཁྲོད་དུ་སློབ་མའི་མི་གཞི་དང་རྩིས་ཐང་ལ་བརྩི་བཀུར་བྱེད་པ་གནད་དུ་བཟུང་ནས་སློབ་མར་བཟང་རབས་རྒྱན་རབས་སོགས་ཡར་སྐུལ་དང་ཞི་འཇམ་གྱི་ཐབས་ལ་བརྟེན་ནས་གོ་བསྐོན་བློ་འགུག་གི་སློབ་གསོ་གཏོང་རྒྱུ་ལས་སློབ་མར་སྐྱོན་བརྗོད་བྱེད་པ་དང་ལུས་ཆད་གཅོད་པ་སོགས་ཀྱི་དྲག་པོའི་ཐབས་ལ་བརྟེན་ན་སློབ་གསོའི་ཆོས་ཉིད་དང་འགལ་ཞིང་མི་རུང་བའི་ཚུལ་སྨྲ། གཞུང་ལུགས་ཀྱི་ངོས་ཐད་ནས་བཤད་ན་འདི་ནི་ཤིན་ཏུ་མད་པའི་ལེགས་བཤད་ཅིག་ཏུ་འཁུམས་ཏེ་སློབ་གསོ་མ་གཞི་ནས་མི་གསོ་སྐྱོང་བྱེད་པའི་གོ་རིམ་ཞིག་ཡིན་པས་ན་སློབ་གསོ་བྱ་ཡུལ་གང་དེའི་མི་གཞི་དང་རྩིས་ཐང་ལ་བརྩི་བཀུར་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་འདོད། དེ་ཡང་ལམ་ལུགས་གསར་རྙིང་གང་ཞིག་ལ་མཚོན་ནའང་གཞུང་ལུགས་ཀྱི་རྒྱབ་རྟེན་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད། ས་གནས་གང་དེའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་མིན། ཡུལ་གང་དེའི་གནས་བབ་དངོས་དང་མཐུན་མིན་སོགས་ཀྱི་རྐྱེན་མང་པོ་ཞིག་ལའང་བལྟ་དགོས་པ་རེད།
འགྲན་རྩོད་ཚ་རླབས་དྲག་ཏུ་འཕྱུར་བཞིན་པའི་དེང་གི་ཆར་རང་རེའི་རྫ་རི་ལུང་སྟོང་གི་ཡུལ་གྲུ་ཁག་ཏུའང་སློབ་གསོའི་ལས་དོན་ལ་དོ་སྣང་དང་ཐུགས་ཁུར་བླ་ལྷག་གནང་བཞིན་པའི་རྣམ་པ་ལེགས་པོ་ཞིག་ཆགས་བཞིན་ཡོད་ལ། དེ་ལས་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པར་རྔམ་པའི་ཞིབ་འཇུག་པ་དང་སློབ་གསོ་བ་གང་མང་ཞིག་གིས་སློབ་གསོའི་གནས་བབ་དངོས་དང་རིག་གནས་ཁོར་ཡུག མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་དང་འཚམ་མིན་སོགས་ལ་དཔྱད་པ་བརྡར་ནས་རྟོག་དཔྱོད་མི་བྱེད་པར་ཨ་གསར་ཧར་གྱིས་ལངས་ཏེ་དེང་རབས་སློབ་གསོའི་མ་ལག་ཁྱབ་བརྡལ་བཏང་ནས་སློབ་གསོ་དེང་རབས་ཅན་དུ་ཁ་ཕྱོགས་པར་བྱ་རྒྱུ་ནི་ཐར་ལམ་ཉག་གཅིག་ཡིན་པའི་གནས་ལུགས་ཤུགས་ཀྱིས་བསྒྲགས་དང་སྒྲོག་བཞིན་འདུག་ཅིང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁག་ལ་གཞི་བཅོལ་ནས་སློབ་མར་སྐྱོན་བརྗོད་བྱས་ནས་ཆད་པ་གཅོད་པ་ནི་ཁྲིམས་འགལ་གྱི་བྱས་ཉེས་ཡིན་པ་དང་སློབ་མའི་མི་གཞི་ལ་བརྩི་བཀུར་བྱས་ཏེ་སྐུལ་མ་དང་ཞི་འཇམ་གྱི་སློབ་གསོ་གང་ལེགས་གཏོང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཚུལ་བདེན་ཅོག་ཅོག་གིས་འཆད་ཀྱིན་ཡོད། དྲང་ཕྱོགས་བཤད་ན་ཤིན་ཏུ་བདེན་པའི་ཚུལ་དུ་འདུག་ཀྱང་ང་ཚོས་ཞིབ་ཏུ་བསམ་དགོས་པ་ཞིག་ལ་སློབ་མའི་མི་གཞི་ལ་བརྩི་བཀུར་བྱེད་ན་དགོས་ངེས་ཀྱི་སྐྱོན་བརྗོད་དང་ཆད་པ་སྤངས་དགོས་པས་ཁྱབ་བམ། དོན་དུ་སློབ་མའི་མི་གཞི་ལ་བརྩི་བཀུར་བྱེད་པ་དང་དགོས་ངེས་ཀྱི་སྐྱོན་བརྗོད་གཉིས་འགལ་བ་ལྟག་སྤྲོད་ཀྱི་ཆོས་ཐ་དད་སུ་ངོས་འཛིན་བྱེད་མི་རུང་སྟེ། དགོས་ངེས་ཀྱི་སྐྱོན་བརྗོད་བྱེད་པ་དང་ཁྲིམས་མཐུན་གྱི་ཆད་པ་གཅོད་པའང་བརྩི་བཀུར་བྱེད་པའི་མངོན་ཚུལ་ཞིག་ཡིན་ཞེས་འཇར་མན་གྱི་སློབ་གསོ་བ་ཏེ་སི་ཏའོ་ཝེ(diesterweg)ཡིས་འཁྲུལ་མེད་དུ་གསུངས་མྱོང་།
ཆུང་འབྲིང་སློབ་མར་སློབ་གསོ་གཏོང་བའི་ངོས་ཐད་ནས་བཤད་ན་བཟང་རབས་རྒྱན་རབས་ཀྱིས་སྐུལ་མ་བཏང་ནས་ཞི་འཇམ་གྱི་སློབ་གསོ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡང་སློབ་མར་དགོས་ངེས་ཀྱི་སྐྱོན་བརྗོད་བྱེད་པ་དང་ཁྲིམས་མཐུན་གྱི་ཆད་པ་གཅོད་པའང་སློབ་གསོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སློབ་མ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་དགོས་མཁོ་མེད་པའི་ཁ་ཚོན་སུས་ཀྱང་གཅོད་དཀའ་སྟེ། ཇི་སྐད་དུ་གོ་བ་མེད་པའི་གླང་རྒན་ལ།། རྒྱལ་བའི་བཀའ་ལས་དབྱུག་པ་བཙན་ཞེས་པ་བཞིན་ནོ།།
སློབ་གསོ་ནི་མི་སྤྱི་ཚོགས་ཅན་ཏུ་བསྒྱུར་བའི་གོ་རིམ་ཞིག་ཡིན་པས་ན་སློབ་གསོ་མྱོང་བའི་གོ་རིམ་ཁྲོད་དུ་སློབ་མ་རྣམས་ལ་ཤེས་རིག་གི་བདུད་བརྩི་མཁོ་བར་མ་ཟད། འགྲོ་འདུག་ཉལ་ཆག་གི་སྤྱོད་ལམ་ཚད་ལྡན་ཞིག་ཀྱང་དགོས་གལ་ཆེ། སློབ་གྲྭ་དང་དགེ་རྒན་གྱིས་སྤྱོད་ཡོན་གཉིས་ཆ་ནས་བསྐྱེད་བསྲིང་དང་གསོ་སྐྱོང་བྱེད་པར་བསྟོད་པའི་ཟོལ་གྱིས་སྐུལ་མ་བྱེད་དགོས་ལ་སྨད་པའི་ཚུལ་གྱིས་སྒུལ་ཤུགས་ཡང་སྟེར་དགོས། དེ་ལས་ཀྱང་སློབ་གསོ་གཏོང་བའི་གོ་རིམ་སྣ་འཛོམས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་སྟེ། བསྟོད་པ་དང་སྐྱོན་བརྗོད། སྐུལ་མ་དང་ཆད་པ་སོགས་ཀྱི་ཞི་དྲག་གི་བྱེད་ཐབས་ཅི་རིགས་དགོས་མཁོ་ངེས་ཅན་ལ་བསྟུན་ནས་སྤྱད་ཆོག་ཆོག་ཡིན། དེ་ཡང་ཇི་སྐད་དུ་རེ་ཧྲིའི་སློབ་གསོ་བ་ཕེ་སུ་ཐཱོ་ལོ་ཆི(pestalozzi)ཡིས་སློབ་གསོ་ནི་མིའི་གོ་རྟོགས་སད་པའི་གོ་རིམ་ཞིག་སྟེ། འཇིག་རྟེན་ཁྲ་ཁྲ་རིག་རིག་ཅིག་ཡིན་ལ་མི་ལས་དེ་ལས་ཀྱང་ཁྲ་ཁྲ་རིག་རིག་ཅིག་རེད། བྱིས་པ་ལ་ལར་གཟེངས་བསྟོད་དང་སྐུལ་མ་བྱས་ཏེ་ཞི་འཇམ་གྱི་ཐབས་ལ་བརྟེན་ནས་སློབ་གསོ་བཏང་ན་གོ་རྟོགས་སད་སླ་ལ། བྱིས་པ་ལ་ལར་སྐྱོན་བརྗོད་ནན་མོ་དང་ཆད་པ་ལྗིད་མོ་བཅད་ན་གོ་རྟོགས་སད་སླ་བར་འདུག མི་རེ་རེའི་གཤིས་ཀའི་ཁྱད་ཆོས་མི་འདྲ་བས་བྱེད་ཐབས་དེ་བསྟུན་བཀོལ་དགོས། འདི་ནི་འོལ་ཚོད་ཀྱིས་བཤད་པ་ཙམ་མིན་ཏེ། རང་ཉིད་ཀྱིས་མི་ལོ་སུམ་ཅུའི་རིང་ལ་སློབ་གསོ་གཉེར་བའི་ཡུན་གྱི་ཉམས་མྱོང་ལས་ཐོན་པའི་ལེགས་བཤད་ཅིག་ཡིན་ཅེས་པ་ལྟར། སྐྱོན་བརྗོད་མེད་པའི་སློབ་གསོ་ནི་ཉམས་དམའ་བ་དང་འཐུས་མི་ཚང་བ། འགན་མི་ཁུར་བའི་སློབ་གསོའི་ལམ་ལུགས་ཤིག་ཡིན་ཅེས་སྨྲས་ཆོག་ཆོག་ཡིན།
གཤམ་ནས་ང་ཚོས་མཉམ་དུ་མིའི་རྩིས་ཐང་བརྩི་བཀུར་བླ་ལྷག་བྱེད་པའི་རྒྱལ་ཁབ་ཁག་ཅིག་གི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་ཞིག་བྱེད་ན།
ཨ་མེ་རི་ཁ། ཨ་རིའི་ཡུལ་གྲུ་ཁ་ཤས་སུ་སློབ་མས་སློབ་སྦྱོང་ལ་འབད་པ་མ་བྱས་ན་བཙོན་འཇུག་བཀག་སྐྱིལ་གྱིས་ཁྲིམས་ཆད་བཅད་ཆོག་པའི་གཏན་འབེབས་བཟོས་ཡོད་དེ། སློབ་མ་བཅུ་ཕྲག་ལྷག་སྦྱངས་འབྲས་ཞན་པར་རྐྱེན་བྱས་ནས་ཟླ་གཉིས་ཡུན་གྱི་བཙོན་འཇུག་བཀག་སྐྱིལ་བྱས་བའི་ཟིན་ཐོ་ཡོད། དེ་ལས་གཞན་སློབ་སྦྱོང་གོ་མི་ཆོད་པའི་དངོས་པོ་དང་ཅ་ལག་གཞུང་བཞེས་བྱས་ཆོག དགེ་རྒན་ལ་ངག་ཐོག་ནས་སྐྱོན་བརྗོད་བྱེད་པ་དང་ཡུན་ཐུང་སློབ་མཚམས་འཇོག་པ། སློབ་གྲྭ་ནས་ཕྱིར་ཕུད་ཆོག་པ་སོགས་ཀྱི་ཁྱད་དབང་ངེས་ཅན་ཞིག་ཡོད།
ཉི་ཧོང་། ཉི་ཧོང་བའི་རྒྱལ་ཁམས་སུ་ཆུང་འབྲིང་སློབ་མའི་སློབ་གསོ་ལ་མཐོང་ཆེན་ཞེ་དྲག་བྱེད་ཀྱིན་ཡོད་པ་རེད། སློབ་མས་སློབ་སྦྱོང་ལ་འབད་པ་མ་བྱས་པར་སློབ་མའི་བསྲུང་བྱའམ་སྒྲིག་ཁྲིམས་དང་འགལ་བའི་སྤྱོད་ངན་བྱས་ཚེ་འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་སྐྱོན་བརྗོད་ནན་མོ་བྱས་ནས་ཆད་པ་བཅད་ཆོག་པ་རེད།
ཁོ་རེ་ཡ་ལྷོ་མ། ཉེ་བའི་ལོ་འགའི་སྔོན་ལ་ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱིས་སློབ་གསོའི་ཆད་པ་གཅོད་ཐབས་ཀྱི་བཅའ་ཁྲིམས་དངོས་སུ་མཆོག་མཆན་བཀོད་ནས་ལག་བསྟར་བྱས། གཏན་འཁེལ་ལྟར་ན་དགེ་རྒན་གྱིས་རིང་ཐུང་ལི་སྨི100དང་མཐུག་ཚད་ལི་སྨི1ཅན་གྱི་དབྱུག་པ་སློབ་ཁང་དུ་ཁྱེར་ཆོག་ལ་དགོས་ངེས་སུ་ཁྲིམས་མཐུན་གྱིས་བཀོལ་སྤྱོད་བྱས་ཆོག་པར་འདུག
རེ་ཧྲི། སློབ་མ་རྣམས་ལ་རེ་བ་ནན་མོ་འཛིན་གྱིན་ཡོད་དེ། དོན་མེད་དུ་སློབ་བྱོལ་བྱས་པའི་སློབ་མ་ཁྲིམས་ཁང་དུ་གཏུག་བཤེར་བྱས་ཆོག་པར་མ་ཟད་སྐྱོན་བརྗོད་ནན་མོ་དང་ཆད་པ་ལྗིད་མོ་བཅད་ཆོག་པར་མ་ཟད། དཔལ་འབྱོར་གྱི་ཐད་ནས་ཀྱང་ཆད་པ་ངེས་ཅན་ཞིག་གཅོད་ཀྱིན་ཡོད།
སིང་ག་ཕོར། སློབ་སྦྱོང་ལ་འབད་པ་མི་བྱེད་པའམ་ལས་བྱ་དུས་ལྟར་ནན་ཏན་གྱིས་མི་བསྒྲུབས་བའི་སློབ་མར་ན་ཚོད་དང་བསྟུན་ནས་སྐྱོན་བརྗོད་བྱས་ཏེ་ཆད་པ་བཅད་ཆོག་ལ། འོས་འཚམ་གྱི་ལུས་ཆད་ཡང་བཅད་ཆོག་པར་འདུག
ཧྥ་རན་སི། སྦྱང་འབྲས་ཞན་པ་དང་བསམ་སྦྱོར་ངན་པའི་སློབ་མར་འཛིན་གྲྭའི་ལས་འཛིན་ཚོགས་པའི(སློབ་གཙོ་དང་སློབ་སྟོན་པ། འཛིན་གྲྭའི་བསླབ་ཚན་དགེ་རྒན་ཁག་གིས་གྲུབ)ཐག་གཅོད་ལྟར་ལོ་རིམ་འཕར་དུ་མི་འཇུག་པ་དང་སློབ་གྲྭ་ནས་ཕྱིར་ཕུད་གཏོང་བ་སོགས་ཀྱི་ཆད་པ་གཅོད་ཅིང་། དུས་ལྟར་དུ་སློབ་ཁྲིད་ལ་མི་ཞུགས་པ་དང་རྡུང་རེས་བྱས་པ། རྫུན་བཤད་པ། བརྐུ་བྱས་པ་སོགས་ཀྱི་བྱས་ཉེས་ལ་དུས་ཐོག་ཏུ་སྐྱོན་བརྗོད་བྱས་ནས་ཆད་པ་བཅད་ཆོག་པའི་གཏན་འབེབས་བཟོས་ཡོད་འདུག
དབྱིན་ཇི། དགེ་རྒན་གྱི་ཆད་པ་གཅོད་པའི་དབང་ཆ་ལ། ངག་ཐོག་ནས་སྐྱོན་བརྗོད་བྱེད་པ་དང་ཁྲིམས་མཐུན་གྱི་ལུས་ཆད་གཅོད་པ། རྩོམ་ཡིག་འབྲི་རུ་འཇུག་པ། དུས་ལྟར་དུ་ཡུལ་ལ་ལོག་ཏུ་མི་འཇུག་པ། སློབ་མཚམས་འཇོག་ཏུ་བཅུག་་ནས་སྐྱོན་བརྗོད་ནན་མོ་བྱེད་པར་མ་ཟད། ཕ་མར་དཔལ་འབྱོར་གྱི་ཆད་པ་ངེས་ཅན་ཞིག་གཅོད་ཀྱིན་ཡོད།
ཨོ་སུ་ཁྲོ་རི་ལི་ཡ། སློབ་མས་སློབ་གྲྭའི་སྒྲིག་ཁྲིམས་དང་འགལ་བའི་སྦྱོར་བ་ཐ་ཤལ་བྱས་ཉེས་ལ། དུས་ལྟར་དུ་ལུས་ངག་གང་རུང་གི་ཆད་པ་གཅོད་ཀྱིན་ཡོད་ལ། ཞིང་རྭར་མངགས་ངལ་རྩོལ་བྱེད་དུ་འཇུག་པ་དང་ཕྱུགས་རར་བསྐྱེལ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་དུ་འཇུག་པ་སོགས་ཀྱི་ཆད་གཅོད་ཀྱིན་ཡོད་འདུག་གོ།