མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་བུ་མོའི་འཕྲོད་བསྟན་ཐད་ཀྱི་འཆད་ཁྲིད་གནང་བ།
འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།
འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།
ཟླ10བའི་ཚེས26ཉིན་ནས་ཚེས27ཉིན་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཀུན་སྤྱོད་སློབ་གསོའི་འཆར་བཀོད་ལྟར་སློབ་དོན་ཁྲུའུ་དང་། བུད་མེད་ལྷན་ཚོགས། སློབ་མའི་ཚོགས་པ་བཅས་ཀྱིས་སློབ་གྲྭ་ཡོངས་སུ་བུ་མོའི་འཕྲོད་བསྟེན་ཐད་ཀྱི་ཆེད་དོན་འཆད་ཁྲིདགནང་བའི་བྱ་འགུལ་སྤེལ་བ་རེད།
འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།
འཆད་ཁྲིད་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་ལགས་དང་། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་འོ་བཞུགས་སྐྱིད་ལགས། མཚོ་སྔོན་སློབ་དེབ་བསྒྱུར་སྒྲིག་ལྟེ་གནས་ཀྱི་དགེ་རྒན་མཁའ་མོ་རྒྱལ་ལགས་བཅས་གདན་འདྲེན་ཞུས་ནས་འཚོ་བའི་ཉམས་མྱོང་དང་ཆེད་ལས་ཤེས་བྱ་ཟུང་དུ་སྦྲེལ་ཏེ་ལང་ཚོ་དར་དུས་བུ་མོའི་ལུས་ཁམས་འཚར་བའི་འགྱུར་བ་དང་། ལུས་ཁམས་འཕྲོད་བསྟེན་གྱི་ཤེས་བྱ། རང་ལ་བདག་སྐྱོང་བྱེད་པ། བུད་མེད་ཀྱི་སྣང་བརྙན་ལེགས་པོ་བསྐྲུན་དགོས་པའི་ཚུལ་སོགས་ནས་སློབ་ཁྲིད་དང་མཛུབ་སྟོན་གནང་བར་བརྟེན། སློབ་གྲོགས་རྣམ་པས་ལུས་ཁམས་དང་། སེམས་ཁམས། བརྩེ་དུང་སོགས་ཀྱི་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ཤེས་རྟོགས་ཐུབ་པ་རེད།
ཉེ་བའི་ལོ་ནང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ལང་ཚོ་དར་དུས་ཀྱི་ཤེས་བྱའི་སློབ་གསོ་དེ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་རྒྱུན་ལྡན་གྱི་བྱ་བ་ཁྲོད་དུ་བཞག་ནས། ལོ་རེར་དེ་དང་འབྲེལ་ཡོད་ཀྱི་འཆད་ཁྲིད་གནང་སྟེ་སློབ་གྲོགས་རྣམས་ཀྱིས་སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བ་དང་མཉམ་དུ། ལེགས་པོར་འཚར་ལོངས་འབྱུང་བར་ནུས་ཤུགས་གང་ཡོད་བཏོན་པས་འཆམ་མཐུན་གྱི་རིག་པའི་ལྡིང་ཁང་ཞིག་བསྐྲུན་པར་རྨང་བརྟན་པོ་བཏིངས་པ་རེད།
དགེ་སློབ་རྣམས་མཉམ་དུ་པར་བསྐྱོན་པ།