logo

དགེ་རྒན་དུས་ཆེན་གྱི་བྱུང་ཚུལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-09 ཀློག་གྲངས།:

དགེ་རྒན་དུས་ཆེན་གྱི་བྱུང་ཚུལ།

                                                                                        སྟག་རིག་འབྲུག་ཐར།

            ལོ་རེའི་སྤྱི་ཟླ9བའི་ཚེས10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཡིན། རང་རྒྱལ་གྱི་ལོ་རྒྱུས་སུ་དགེ་རྒན་དུས་ཆེན་བཙུགས་མྱོང་སྟེ། 1931ལོར་སློབ་གསོ་པ་ཐའེ་ཧྲོང་ཆིའུ་དང་ཁྲེང་ཐི་པའོ་སོགས་ནན་ཅིན་ཀྲུང་དབྱང་སློབ་གྲྭ་ཆེན་མོ་རུ་འདུ་ཚོགས་བྱས་ནས“དགེ་རྒན་གྱི་གླ་ཕོགས་ཇེ་མཐོར་གཏོང་བ་དང༌། དགེ་རྒན་གྱི་བྱ་བ་ཁག་ཐེག་བྱེད་པ། དགེ་རྒན་གྱི་ཡོན་ཚད་མཐོར་འདེགས་གཏོང་བ”ཞེས་རེ་བ་ཡར་ཞུ་བྱས་པར་མ་ཟད། ལོ་རེའི་ཟླ6ཚེས6ཉིན་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱས། དུས་ཆེན་དེར“དྲུག་གཉིས་དུས་ཆེན”ཞེས་ཀྱང་འབོད། ཕྱིས་སུ་ཁུང་ཙིའི་འཁྲུངས་སྐར་ཏེ་ལོ་རེའི་ཟླ8པའི་ཚེས27ཉིན་དགེ་རྒན་དུས་ཆེན་ལ་གཏན་འཁེལ་བྱས།
            བཅིངས་འགྲོལ་ཐོབ་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཡང་བསྐྱར་ཟླ6ཚེས6ཉིན་དགེ་རྒན་དུས་ཆེན་དུ་བསྒྱུར། སློབ་གསོ་པུའུ་ཡིས་ས་གནས་སོ་སོའི་སློབ་གསོ་གཉེར་མཁན་ཚོར་རང་ས་གནས་ཀྱི་གནས་བབ་ལྟར་དུས་ཆེན་རོལ་ཆོག་པའི་སྤྱི་བསྒྲགས་བཏང༌། 1951ལོར་རྒྱལ་ཡོངས་སློབ་གསོ་བཟོ་ཚོགས་བཙུགས་ཤིང༌། སློབ་གསོའི་བྱ་བ་གཉེར་མཁན་རྣམས་བཟོ་ལས་གྲལ་རིམ་གྱི་གྲས་སུ་བཞག  1951ལོའི་ཟླ4བའི་ཚེས19ཉིན་སློབ་གསོ་པུའུ་ཡི་པུའུ་ཀྲང་དང་ཀྲུང་གོའི་སློབ་གསོ་བཟོ་ཚོགས་རྒྱལ་ཡོངས་ཨུ་ཡོན་ཚོགས་པའི་ཀྲུའུ་ཞིས་ཡིག་ཐོག་ནས་གསུང་བཤད་གནང་སྟེ། “ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན”གྱི་ཉིན་དེ་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱས་མོད། ཉིན་དེར་དགེ་རྒན་གྱི་ཁྱད་ཆོས་མེད་པའི་རྐྱེན་གྱིས་ལག་བསྟར་བྱས་པའི་འབྲས་བུ་རེ་བ་བཞིན་མ་འོངས། ལྷག་པར་དུ1957ལོའི་རྗེས་ཀྱི“གཡོན”ཕྱོགས་བསམ་བློའི་ཤུགས་རྐྱེན་འོག་དགེ་རྒན་ལ་མཐོང་ཆེན་མི་བྱེད་པར་མ་ཟད། དོན་དངོས་སུ་དགེ་རྒན་དུས་ཆེན་ཡང་མེད་པར་དུ་བཏང༌།
            ཉེ་བའི་ལོ་འགའི་རིང་རང་རྒྱལ་སྲིད་གཞུང་གིས་ཐབས་ཇུས་སྣ་ཚོགས་བཀོལ་ནས་སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱས་ཏེ། དགེ་རྒན་ལ་བརྩི་བཀུར་བྱེད་པ་དང༌། དགེ་རྒན་གྱི་གོ་གནས་ཇེ་མཐོར་གཏོང་བ། དགེ་རྒན་གྱི་བྱ་བ་དང་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན། གོམ་གང་མདུན་སྤོས་སྒོས་དགེ་རྒན་གྱི་ཆབ་སྲིད་གོ་གནས་དང་སྤྱི་ཚོགས་གོ་གནས་ཇེ་མཐོར་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པ། ཤེས་བྱ་ལ་གཙིགས་ཆེན་དང་ཤེས་ཡོན་ལ་བརྩི་འཇོག་བྱེད་པ། སྤྱི་ཚོགས་ལ་གོམས་སྲོལ་ལེགས་པོ་ཞིག་ཆགས་པ། སློབ་གསོའི་བྱ་བ་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཆེད་དུ་རྒྱལ་ཡོངས་མི་དམངས་འཐུས་མི་དང༌། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མི་སྣ། ལྷག་པར་དུ་ས་གནས་སོ་སོའི་དགེ་རྒན་རྣམས་ཀྱིས་ཐེངས་མང་པོར་རེ་འདུན་ཞུས་པ་དང༌། ས་ཆ་སོ་སོའི་དགེ་རྒན་ལ་བརྩི་བཀུར་བྱེད་པའི་བྱ་འགུལ་སྤེལ་བའི་ཉམས་མྱོང་ལ་གཞི་བཅོལ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1985ལོའི་ཟླ1ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལོ་རེའི་ཟླ9བའི་ཚེས10ཉིན་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱེད་དགོས་པའི་གྲོས་གཞི་བཏོན། 
            ལོ་དེའི་ཟླ1ཚེས21ཉིན་ཚོགས་པའི་སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་གཞི་དེར་ཆོག་མཆན་ཐོབ་པར་མ་ཟད། ལོ་རེའི་ཟླ9བའི་ཚེས10ཉིན་ནི་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱས།  དེ་ཡང་ལོ་རེའི་ཟླ9བའི་ཚེས10ཉིན་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱེད་དོན་ནི། ཉིན་དེ་ག་ནི་སློབ་མ་གསར་བ་བསྡུ་མགོ་བརྩམས་པ་ཡིན་པས། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་བྱ་འགུལ་སྤེལ་ན་དགེ་རྒན་གྱིས་སློབ་ཁྲིད་ཡག་པོ་བྱེད་པ་དང༌། སློབ་མས་སློབ་སྦྱོང་བཟང་བོ་བྱེད་པའི་ཁོར་ཡུག་གསར་བ་ཞིག་བསྐྲུན་ཐུབ། དེར་མ་ཟད། ཟླ9བའི་ནང་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་ཉུང་བས། ཕྱོགས་ཡོངས་ནས་དུས་ཚོད་བཀོད་སྒྲིག་བྱས་ཏེ་བྱ་འགུལ་རྩ་འཛུགས་དང༌། འཕྲིན་གཏོང་དྲིལ་བསྒྲགས་ཀྱི་ནུས་པ་འབུར་ཐོན་ཡོང་ཐུབ་པར་མ་ཟད། རྒྱལ་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན། ཤེས་བྱ་ལ་གཙིགས་ཆེན། ཤེས་ཡོན་ཅན་ལ་བརྩི་འཇོག་བཅས་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་ཐུབ་བོ།།


འབྲེལ་ཡོད་འོས་སྦྱོར།