logo

བོད་ཀྱི་སློབ་གསོ་ཉུང་ངུར་གླེང་བ་གངས་དཀར་ཨ་མའི་རུས་ཞེན།

རྩོམ་པ་པོ།:སྒ་བུ། ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2011-06-10 ཀློག་གྲངས།:

        གཅིག བོད་གནའ་དུས་ཀྱི་སློབ་གསོ་ལ་ཕྱིར་ལྟ་བྱེད་པ།

        སློབ་གསོའི་ཐོག་མ་ནི་ཁྱིམ་གྱི་སློབ་གསོ་འམ་ཨ་མའི་སློབ་གསོ་ཡིན་པའི་རྒྱུ་མཚན་གྱིས། བོད་ཀྱི་སློབ་གསོའི་ཐོག་ཐོག་མའང་བོད་ཀྱི་འགྲོ་བ་མི་བྱུང་བ་མགོ་ནས་བརྩམས་ཡོད། དེ་ནས་སྤྱི་ལོ ༡༩༥༨ ལོའི་བར་ལ་བོད་གནའ་དུས་ཀྱི་སློབ་གསོ་ཞེས་བརྗོད་པ་ཡིན། སྤྱིར་བོད་ཀྱི་སློབ་གསོ་ལ་ནང་གསེས་ཤིན་ཏུ་མང་མོད། དེ་ལས་ཤུགས་རྐྱེན་ཆེ་ཤོས་ནི་སློབ་གྲྭའི་སློབ་གསོ་ཡིན་པས་འདིར་སློབ་གྲྭའི་སློབ་གསོ་གཙོ་བོར་བཟུང་ནས་གླེང་རྒྱུ་ཡིན།

        བོད་ཀྱི་སློབ་གྲྭ་ཐོག་མ་ནི་སྒེར་གཉེར་སློབ་གྲྭ་ཡིན་ལ། དེ་ནི་སྤྱི་ལོ ༧༠༨ ལོར་འཁྲུངས་པའི་སྨན་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཀོང་པོ་སྨན་ལུང་དུ་བྱོན་ནས་སློབ་མ་སུམ་བརྒྱར་སློབ་ཁྲིད་བྱས་པའི་སློབ་པའི་གྲྭ་དེ་ཡིན་ལ། བོད་ཀྱི་གཞུང་འབྲེལ་སློབ་གྲྭ་སྔ་ཤོས་ནི་དགོན་སྡེ་རུ་ཚུགས་པའི་སློབ་པའི་གྲྭ་དེ་ཡིན་ལ། བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྤྱི་ལོ ༧༧༥ ལོར་བཞེངས་པའི་དཔལ་བསམ་ཡས་དགོན་པར་སད་མི་བདུན་རབ་ཏུ་བྱུང་ནས་སློབ་གཉེར་གྱི་དབུ་ཚུགས་ཀ་དེ་ཡིན་ནོ། །

        བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཀྱི་མཛངས་བློན་བཞི་བ་སློབ་དཔོན་ཐོན་མི་ཕྱི་རྒྱལ་དུ་སློབ་གཉེར་ལ་སོང་བ་ནས། བོད་ཀྱི་སློབ་གཉེར་བ་མང་བོས་ལུས་སྲོག་ལ་མ་འཛེམས་པར་མཐའ་བཞིའི་རྒྱལ་ཁབ་དག་ཏུ་སྔ་གཞུག་ཏུ་ཕེབས་ནས། ཕྱོགས་རིས་མེད་པར་གཞན་གྱི་རིག་པའི་གཞུང་ལུགས་ངོ་མཚར་བ་མང་བོ་ནང་འདྲེན་བྱས་ནས་ད་ལྟ་འཛམ་གླིང་གི་ཤེས་ལྡན་པ་མཐའ་དག་འགྲམ་ཆུ་ལྡང་བཞིན་པའི་བོད་ཀྱི་རིགས་པའི་གཞུང་ལུགས་ཆ་ཚང་བ་འདི་བསྐྲུན་པ་རེད།

        དུས་ཚོད་འདུ་ཤེས་ཀྱི་ཕྱོགས་ནས་བལྟས་ནའང༌། དེང་དུས་ཀྱི་སློབ་གཉེར་བ་ལྟ་བུའི་ལྷོད་ཡངས་ཤིག་མ་ཡིན་པར་ལོ་ངོ་ཉི་ཤུ་སུམ་ཅུའི་ཡུན་ལ་མེ་ཙམ་མ་མཐོང་བར་ཆུ་རྐྱང་རྩམ་རྐྱང་དང་ཡང་ན་ཉིན་རེ་ནས་འབྲུ་འགའ་རེ་ལ་བརྟེན་ནས་སློབ་གཉེར་མཛད་ནས་མི་ཚེའི་མཐའ་ཟད་པ་ཤིན་ཏུ་མང་བོ་ཡོད་པ་རེད། དེ་འདྲའི་སློབ་གཉེར་གནང་བའི་རྐྱེན་གྱིས་དེང་སྐབས་ཀྱི་མཁས་པར་རློམ་པ་རང་ཅག་ཚོ་ལྟ་བུ་མ་ཡིན་པར་གཞུང་ལུགས་རྒྱ་མཚོའི་ཕར་མཐར་སོན་པའི་ངེས་དོན་མཁས་དབང་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་ནམ་མཁའི་སྐར་ཚོགས་བཞིན་མང་བོ་འཁྲུངས་ནས་གསུང་འབུམ་བྲག་གི་རི་བོ་ལྟ་བུ་བཞག་ཡོད་པ་འདི་རེད།

        གཉིས། བོད་ཀྱི་དེང་དུས་ཀྱི་སློབ་གསོའི་གནས་བབས།

        སྤྱི་ལོ ༡༩༥༨ ལོ་ནས་ད་ལྟའི་བར་གྱི་བོད་ཀྱི་སློབ་གསོའི་གནས་བབས་ལ་བོད་དེང་དུས་ཀྱི་སློབ་གསོ་ཞེས་བརྗོད་པ་ཡིན། བོད་དེང་དུས་ཀྱི་སློབ་གསོའི་སྤྱི་ཡོངས་ནས་གོང་འཕེལ་ལ་ཅུང་ཙམ་ཡང་སོང་མེད་ཅེས་བརྗོད་ས་མི་འགྲོ་ཡང༌། གང་ལྟར་བོད་ཀྱི་སློབ་གྲྭའི་སློབ་གསོ་ནི་ལོག་ལམ་དུ་སོང་འདུག་པ་མ་ཟད་འདིས་བོད་ཀྱི་སྤྱི་ཚོགས་སློབ་གསོ་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་འདུག དེ་གང་གིས་ཤེས་ཟེར་ན། བོད་ཀྱི་སློབ་གྲྭའི་སློབ་གསོ་མྱངས་པའི་དེང་གི་བོད་ཀྱི་མཁས་པ་ཁ་ཅིག་བོད་ཀྱི་རིག་གནས་ཤེས་བྱ་ལ་རྒྱུས་མངའ་ཆུང་བའི་རྐྱེན་གྱིས། བོད་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་མཐའ་དག་ལ་སྡང་སེམས་སྐྱེས་ཀྱི་ཡོད་པ་འདིས་ཤེས་སོ། ། འདི་ལའང་ཁག་མེད་ཉག་མེད་ཀྱི་རྐྱེན་མང་བོ་ཞིག་འདུག་ཀྱང༌། འདིར་གཞན་དབང་གིས་བརྗོད་མི་ཐུབ་པས་རེ་ཞིག་བཞག་གོ།

        གསུམ། བོད་ཀྱི་མ་འོངས་པའི་སློབ་གསོའི་ཁ་ཕྱོགས།

        བོད་ཀྱི་མ་འོངས་པའི་སློབ་གསོའི་ཁ་ཕྱོགས་ལ་གནད་འགག་ཆེན་པོ་གསུམ་འདུག་སྟེ། གཅིག བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་པོ་བོད་རང་གི་ཡུལ་ངོས་སུ་འཛུགས་དགོས་པ། གཉིས་པ། བོད་རང་གི་རིག་གནས་ཤེས་བྱ་ཁྲིད་ནས་ཚད་ངེས་ཅན་ཞིག་ཏུ་ཐོན་རྗེས་ད་གཟོད་གཞན་གྱི་རིག་གནས་ཤེས་བྱ་ཁྲིད་པ། གསུམ་པ། བོད་ཀྱི་སློབ་མའི་འཚོ་བ་དང་སྤྱོད་ལམ་བོད་རང་གི་སྤྱི་ཚོགས་དང་ཁ་མ་འབྲལ་བ་བྱེད་དགོས། གོང་གི་གནད་དོན་འདི་གསུམ་ཐག་གཅོད་བྱས་ཏེ་བོད་རང་གི་རིག་གནས་རྨང་ལ་བཞག་སྟེ་དེང་རབས་ཤེས་བྱས་ཟུར་བརྒྱན་ནས་གནའ་དེང་ཟུང་འབྲེལ་དང་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་སློབ་གསོ་འཛིན་དགོས། བོད་ཀྱི་སྲོལ་རྒྱུན་ཁོ་ན་བཟུང་ན་གཡའ་ཆགས་པའི་གསེར་དང་འདྲ་ལ། དེང་རབས་ཁོ་ན་བཟུང་ན་རྨང་མེད་པའི་མཁར་དང་འདྲ། དེའི་ཕྱིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ས་གཞི་ཡིན་པས་དབང་དུ་བཏང་ན། དེང་རབས་ཤེས་བྱ་ནི་སྣུམ་ལམ་དང་མཚུངས་པས་གནའ་དེང་ཟུང་འབྲེལ་ནི་ངེས་པར་དུ་མཁོའོ། །


འབྲེལ་ཡོད་འོས་སྦྱོར།