logo

སློབ་དཔྱོད་བྱེད་སྒོ་སྤེལ་ཚུལ་མདོ་ཙམ་གླེང་བ།

རྩོམ་པ་པོ།:གངས་སེང་གི་བུ་རྒྱུད། ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2011-06-09 ཀློག་གྲངས།:

        རྣམ་དཔྱོད་ཡངས་ཤིང་ལྷག་བསམ་མཆོག་ཏུ་དཀར་བའི་དབུ་ཁྲིད་རྣམ་པ་དང་རྒན་ལགས་རྣམ་པ་ཚོ།

        ངེད་ནས་རྣམ་པ་ལྷན་རྒྱས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདི་གར་ལྷ་ས་xxxxདགེ་རྒན་གསོ་སྦྱོང་ལྟེ་གནས་བོད་

ཡིག་སློབ་དཔྱོད་ཁང་གི་བཀའ་དགོངས་ལྟར་གུས་པར་གཏམ་གླེང་གི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        མི་རིགས་ཤིག་གི་རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་ནི་དུས་རབས་དང་འཚམ་པའི་ཡར་རྒྱས་ཀྱི་ལམ་བུའི་ཁྲོད་དུ་མི་རིགས་གཞན་གྱི་བསམ་བློ་གསར་བ་དང་རིག་ཚན་གསར་བ་སློབ་སྦྱོང་དང་རྒྱ་ཁྱབ་ཀྱིས་ནང་འདྲེན་དང་སློབ་སྦྱོང་བྱེད་དགོས་པ་མ་ཟད། གཙོ་བོ་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་རྒྱུ་ནི་མི་རིགས་དེའི་དར་རྒུད་ཀྱི་འགག་རྩ་ཆེན་པོ་ཞིག་ཡིན་པར་བརྟེན་སློབ་གྲྭའི་བོད་སྐད་ཡིག་སློབ་ཁྲིད་དགེ་རྒན་ཚང་མས་འགན་འཁྲི་དང་དུ་བླངས་ནས་བསླབ་གཞི་གསར་པའི་གོམས་བགྲོད་དང་བསྟུན་ཏེ་བོད་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་ཐད་ལ་སྲོལ་རྒྱུན་རང་བཞིན་དང་དེང་དུས་གསར་བཅོས་སློབ་ཁྲིད་ཀྱི་ཐབས་ལམ་ཟུང་འབྲེལ་གྱི་བོད་ཡིག་སློབ་དཔྱོད་ཁང་གི་བྱེད་སྒོ་སྔར་བས་གྲ་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐབས་སུ་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད།  ང་ཚོའི་སློབ་གྲྭར་དགེ་རྒན་མི་གྲངས་ ༦༡ ཡོད་ཅིང་རྒྱ་རིགས་དགེ་རྒན་ ༢༤  དང་བོད་རིགས་དགེ་རྒན་མི་གྲངས་ ༣༧ སློབ་ཕྲུག་ཁྱོན་མི་གྲངས་ ༦༢༧ ཡོད་ཅིང་དེའི་ནང་དུ་བོད་རིགས་སློབ་ཕྲུག་མི་གྲངས་ ༢༩༨ ཡོད་པ་ལས་བོད་རིགས་རྣམས་འཛིན་གྲྭ་ཁག་བདུན་ལ་དབྱེ་ཞིང་འཛིན་གྲྭ་སོ་སོའི་ནང་དུ་བོད་མདོ་དབུས་ཁམས་གསུམ་གང་ཕྱོགས་གང་ས་ནས་འཛོམས་པའི་སློབ་ཕྲུག་ཡོད། ཉེ་བའི་ལོ་ཤས་ནང་ཁྲེང་ཀོན་ཆུས་སློབ་གསོ་ཅུད་དང་།   གསོ་སྦྱོང་ལྟེ་གནས།  སློབ་གྲྭའི་དབུ་ཁྲིད་རྣམ་པའི་བྱམས་བརྩེའི་ཐུགས་འཁུར་དང་གལ་ཆེའི་སློབ་སྟོན་ཡང་དུ་གནང་བ་མ་ཟད། སློབ་གསོ་སློབ་ཁྲིད་བྱེད་པར་མཐུན་རྐྱེན་གང་ལེགས་སྐྲུན་པ་དང་། སྐུ་ངལ་ལ་མི་འཛེམས་པར་རང་སློབ་གྲྭའི་སློབ་གཉེར་བྱ་བར་དམིགས་བསལ་གྱི་ཁྲིད་སྟོན་དང་རྒྱབ་སྐྱོར་གནང་བས་ང་ཚོའི་སློབ་གྲྭ་དེ་སྔོན་དང་མི་འདྲ་བར་སློབ་ཁྲིད་བྱེད་ཕྱོགས་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་སློབ་མའི་རིག་ཚན་སྦྱངས་འབྲས་ཀྱང་དམིགས་བསལ་གྱི་ཡར་རྒྱས་ཆེན་པོ་བྱུང་ཡོད།

        དང་པོ།   བོད་སྐད་ཡིག་སློབ་དཔྱོད་ཀྱི་འགན་འཁྲི་དང་ལག་བསྟར་བྱེད་ཕྱོགས།

        བོད་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་ཡང་དག་པའི་སྒོ་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱས་ཏེ་སློབ་གསོའི་ལྟ་ཚུལ་བཟང་པོ་འཛིན་པ་དང་། སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ལག་ལེན་གྱི་འཇོན་ནུས་སྐྱེད་བསྲིངས་ཕྱིར་སློབ་གསོའི་ནང་ཤེས་ཡོན་ཁོ་ནར་བློ་ཁ་ཕྱོགས་བའི་ལྟ་ཚུལ་མེད་པར་བཟོ་བ་དང་།  སློབ་མ་སོ་སོས་རང་གི་འཇོན་ཐང་ལོངས་སུ་སྤྱོད་པའི་ཁོར་ཡུག་གསར་པ་ཞིག་སྐྲུན་གང་ཐུབ་དང་།  མི་གཤིས་རྒྱུད་བཟང་པོ་ཡོང་བར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པར་བརྟེན་ཡ་རབས་ཀྱི་གཏམ་སྨྲ་བ་ནས་འགོ་བཙུགས་ཏེ་སློབ་སྦྱོང་སྤྲད་བཞིན་ཡོད། སློབ་ཕྲུག་ཚོར་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་ཐུབ་པ་དང་།  ཤེས་ཡོན་གྱི་ལམ་སྟོན་དང་མི་གཤིས་ཀྱི་རྩ་བ་སྐྲུན་མཁན་གྱི་དགེ་རྒན་ནི་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡིན་རུང་དཀའ་ངལ་ལ་མི་འཛེམས་པར་གཟི་བརྗིད་དུ་བསམ་བཞིན་ཡོད། རྨང་གཞི་སློབ་གསོ་བརྟན་སྲུང་གིས་ཆུང་བྱིས་པའི་དུས་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོ་སློབ་ནས་སློབ་མར་རང་འགུལ་གྱིས་བོད་སྐད་ཡིག་བཀོལ་སྤྱོད་ནུས་རྩལ་ཡང་གོང་མཐོར་གཏོང་ཐབས་བྱེད་པ་དང་།  སློབ་མའི་ཀུན་སྤྱོད་དང་། ཤེས་རིག  ཡུལ་གོམས་གཤིས་ལུགས།   ཁོར་ཡུག་གི་གནས་བབ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པ་དེ་ཡིན།  འོན་ཀྱང་བོད་ཡིག་ཤེས་ཀྱང་མཁོ་མེད་དུ་སྨྲ་བ་དང་།  བེད་མེད་ཀྱི་ཚུལ་དུ་ངོས་འཛིན་བྱས་ཏེ་བོད་ཡིག་སྦྱོང་མ་དགོས་པར་ངོས་འཛིན་བྱས་པ་དང་།  སློབ་མ་བཟང་ངན་ནི་སློབ་ཆུང་སྐབས་སུ་ནང་སའི་བོད་ལྗོངས་སློབ་རར་རྒྱུགས་འཕྲོད་མིན་གྱིས་ཐག་གཅོད་བྱེད་པ། དགེ་རྒན་བཟང་ངན་ཡང་སློབ་མ་ནང་སར་འགྲིམས་ཚད་ཀྱིས་ཐག་གཅོད་བྱེད་པ།  སློབ་གྲྭའི་བཟང་ངན་ཡང་སློབ་གྲྭ་འགྲིམས་ཚད་ཀྱི་བརྒྱ་ཆའི་གྲངས་ཀྱིས་ཐག་གཅོད་བྱེད་པ།  ཤེས་རིག་གམ་ཡང་ན་སྐར་གྲངས་ཀྱིས་ཕྱོགས་ཡོངས་ཀྱི་ཚབ་བྱས་པ་ལ་བརྟེན་ནས་སློབ་མར་གདེང་འཇོག་བྱེད་པའི་ཕྱོགས་རེ་བའི་ལྟ་སྒྲུབ་འཛིན་པ་དེས་སློབ་མའི་དམིགས་བསལ་ནུས་རྩལ་འདོན་སྤེལ་བྱེད་པའི་སྒོ་སྐབས་ཤོར་བར་དམིགས་ཏེ་སློབ་མར་བོད་ཡིག་སྦྱོང་བའི་དགོས་པ་དང་། སློབ་མའི་དམིགས་བསལ་ཁྱད་ཆོས་ཡོད་པ་རྣམས་གཙིགས་སུ་འཛིན་ནས་ཆེ་བསྟོད་དང་སྐུལ་ལྕག་གང་མང་གིས་སློབ་མའི་དགེ་མཚན་མངོན་གསལ་འབུར་ཐོན་སྐྲུན་ཐབས་བྱེད་པ་དང་། སློབ་མར་སྐྱོན་ཆ་གང་ཡོད་པ་དུས་ཐོག་ཏུ་ལེགས་བཅོས་བྱེད་དགོས་པའི་བསམ་འཆར་འདོན་པ་ལས་དམའ་འབེབས་རིགས་རྩ་བ་ནས་སྤངས་བཞིན་ཡོད། དེ་ནི་དགེ་རྒན་གྱིས་སློབ་མའི་སེམས་ཁམས་ལ་ཕོག་ཐུག་མི་ཡོང་བའི་ཆེད་དུ་ཡིན།  གཞན་ཡང་དཔེ་དེབ་ངོས་ཀྱི་ཤེས་རིག་ཁོ་ན་གཙིགས་སུ་འཛིན་པའི་སློབ་གསོ་སྤེལ་དྲགས་ཚེ་དོན་དངོས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བར་ཐག་ངེས་ཅན་ཞིག་ཤོར་ངེས་ལ་དམིགས་ནས་སློབ་གསོ་དུས་བབ་དང་བསྟུན་ནས་བོད་སྐད་ཡིག་སློབ་གསོ་རྒྱ་བསྐྱེད་གཏོང་ཐབས་སུ་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་གྱིས་མདུན་བསྐྱོད་བྱེད་པར་གལ་ཆེན་པོར་བརྩི་བཞིན་ཡོད།

        གཉིས་པ།  བོད་ཡིག་སློབ་དཔྱོད་བྱེད་སྒོའི་བྱ་རིམ།

        དགེ་རྒན་ལ་དམིགས་པའི་བྱེད་སྒོ

        ༡. ཡིག་གཟུགས་སྐོར།

        ཡིག་གཟུགས་སྦྱོང་བ།  ཡིག་གཟུགས་འགྲན་པ།     བོད་ཡིག་ཡིག་གཟུགས་བྲིས་པ་དེར་དགེ་སྐྱོན་གླེང་སློང་བྱེད་པ་དང་གཙོ་བོ་ཚུགས་ཆེན་ཚུགས་ཐུང་གི་མཐེབ་རིལ་གཏོང་ཚུལ་དང་ཡི་གེའི་ནས་འབྲུ་འབྲི་སྟངས།  ཡི་གེའི་གུག་ཆ་འཐེན་སྟངས།  སྨྱུག་རིལ་གྱི་གཟེར་ཁ་གཏུབས་སྟངས་ཤོག་བུའི་ཐིག་ཚད་སོགས་ལ་ཕན་ཚུན་བགྲོ་གླེང་དང་དཔྱད་པ་བྱས་ཤིང་ལེགས་བཅོས་གཏོང་བ།

        ༢.  བརྡ་སྤྲོད་སློབ་ཁྲིད་བྱེད་པ།

        དགེ་རྒན་གྱི་རིག་གནས་རྨང་གཞི་སྲ་བརྟན་དང་གོང་མཐོར་གཏོང་ཕྱིར་བོད་ཡིག་དགེ་རྒན་གདན་ཞུ་གནང་ནས་སློབ་དུས་ཁ་ཤས་རིང་གཟའ་འཁོར་རེར་བརྡ་སྤྲོད་རིག་པ་སློབ་ཁྲིད་གནང་བ་དང་བརྡ་སྤྲོད་རིག་པའི་ཚད་ལོན་རྒྱུགས་བྲིས་གཏོང་བ་སོགས་བོད་ཡིག་དགེ་རྒན་གྱི་གནས་ཚད་གང་ལ་དེ་འཚམས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དེས་ཕན་པ་ངེས་ཅན་ཐོན་ཡོད།

         ༣. དཔེ་མཚོན་རང་བཞིན་ལྡན་པའི་སློབ་ཚན་གསན་པ།

        ཕྱི་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་བསྐྱོད་དེ་དཔེ་མཚོན་སློབ་ཚན་གང་མང་གསན་ནས་གཞན་གྱི་སློབ་ཁྲིད་ཐབས་ལམ་བཟང་པོ་ལེན་གང་ཐུབ་བྱེད་པ་དང་རང་གི་སློབ་ཁྲིད་བྱེད་སྟངས་མ་འདང་བ་རིགས་དོར་གང་ཐུབ་བྱེད་པ།    སློབ་དཔྱོད་ཁང་དུ་སློབ་ཚན་གསན་པའི་རྗེས་རང་མོས་ཀྱིས་བགྲོ་གླེང་བྱས་ཏེ་དགེ་མཚན་ལ་གདེང་འཇོག་དང་སློབ་སྦྱོང་ཞུ་བ།

        ༤. གློག་ཀླད་མཉེན་ཆས་བེད་སྤྱོད་བྱེད་པའི་སློབ་ཚན་ཁྲིད་ཐབས་སྤེལ་བ།

        སྤྱིར་ང་ཚོའི་སློབ་གྲྭར་ན་ཚོད་མཐོ་བའི་བོད་ཡིག་དགེ་རྒན་རེ་གཉིས་ཕུད་དེ་མིན་གཞོན་སྐྱེས་དགེ་རྒན་ཚང་མས་གློག་ཀླད་ཞར་དང་ཞོར་དུ་སློབ་སྦྱོང་བྱེད་པ་དང་། དགེ་རྒན་གཞན་གྱི་བརྙན་སྟོན་སློབ་ཁྲིད་བྱེད་སྟངས་ལ་སློབ་སྦྱོང་ཞུས་ནས་ད་ལྟ་བོད་ཡིག་སློབ་ཚན་གང་རུང་བ་ཞིག་བརྙན་སྟོན་ལམ་ནས་སློབ་ཚན་སློབ་ཁྲིད་བྱེད་ཤེས་པ་དང་། བརྙན་སྟོན་སློབ་ཚན་བཟོ་ཤེས་པ་བཅས་ཀྱི་ནུས་པ་གང་འཚམ་ལྡན་ཡོད་ལ་སློབ་དུས་རེར་མཉེན་ཆས་བེད་སྤྱོད་བྱས་ཏེ་སློབ་ཚན་གང་མང་ཁྲིད་ཐབས་བྱེད་ཀྱི་ཡོད།  དེ་ལྟར་ང་ཚོའི་བོད་ཡིག་སློབ་དཔྱོད་ཁང་གི་རྒན་བསོད་ནམས་ལགས་སུ་ ༢༠༡༠ ལོར་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་བརྙན་སྟོན་འགྲན་བསྡུར་ནང་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།  རྒན་ཉི་མ་ལགས་སུ་ ༢༠༡༠ ལོར་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་བརྙན་སྟོན་འགྲན་བསྡུར་ནང་ཕུལ་བྱུང་བྱ་དགའ་ཐོབ་ཡོད། ལྷག་དོན་དུ་ང་ཚོའི་སློབ་དཔྱོད་ཁང་གི་རྒན་ལགས་ཚང་མས་བོད་ཡིག་དྲ་བའི་ཐོག་ནས་ཕུལ་བྱུང་གི་སློབ་ཁྲིད་བྱེད་སྟངས་དང་སློབ་ཁྲིད་བརྙན་ཆས་བཟོ་སྟངས་དེ་བཞིན་ཕུལ་བྱུང་གི་སློབ་ཁྲིད་དཔྱད་རྩོམ་ཁག་ལ་སློབ་སྦྱོང་ཡང་ཞུ་གི་ཡོད།

        ༥. གོང་རིམ་གྱི་སློབ་ཚན་སློབ་ཁྲིད་བྱེད་སྒོར་ཞུགས་གང་ཐུབ་བྱེད་པ།

        གོང་རིམ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་སློབ་ཚན་སློབ་ཁྲིད་བྱེད་སྒོར་ཞུགས་ནས་ང་ཚོར་བསམ་བློ་གསར་བ་རྙེད་པ་དང་དགེ་མཚན་སློབ་སྦྱོང་ཞུ་ཐུབ་པ། དགེ་རྒན་བཟང་པོ་མང་པོའི་འདུ་འཛོམས་ཁྲོད་དུ་ཤེས་རྒྱ་མང་བ་དང་དམིགས་བསལ་ཁྱད་ཆོས་མང་བས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་པར་བརྟེན་ང་ཚོའི་སློབ་དཔྱོད་ཁང་གིས་ག་དུས་ཡིན་རུང་ཁྲེང་ཀོན་གསོ་སྦྱོང་ལྟེ་གནས་བོད་ཡིག་སློབ་དཔྱོད་ཁང་གི་བཀའ་བཀོད་གནང་བའི་བྱེད་སྒོར་ཞུགས་རྒྱུ་གཙིགས་སུ་འཛིན་གྱི་ཡོད།

        ༦. སློབ་གྲྭའི་ནང་ཡིག་བསྒྱུར་གྱི་ལས་ཀ་མང་དུ་བྱས་ཡོད། 
        སློབ་གྲྭའི་ནང་སློབ་ཕྲུག་གི་སྲུང་བྱའི་སྒྲིག་སྲོལ་ལམ་ལུགས་དང་དགེ་རྒན་གྱི་འགན་འཁྲི། དགེ་རྒན་གྱི་ཀུན་སྤྱོད་རེ་བ།  དེ་མིན་བར་འཁྱམ་སྦྱར་འགྲེམས་མང་པོ་རྒྱ་ཡིག་ནས་བོད་ཡིག་ཏུ་ཡིག་བསྒྱུར་བྱས་ཏེ་སློབ་གྲྭའི་ཁོར་ཡུག་གང་སར་བོད་ཡིག་བཀོལ་སྤྱོད་གང་མང་བྱེད་པ་དང་།  ལྷག་པར་དུ་ང་ཚོའི་སློབ་དཔྱོད་ཁང་གིས་སློབ་དོན་ཁང་ནས་བཀོད་སྒྲིག་བྱས་པའི་ཡིག་ཆ་དང་། བྱེད་སྒོའི་རྣམ་གྲངས་གང་རུང་གི་དམིགས་ཚད་ཚང་མ་བོད་ཡིག་ཏུ་བསྒྱུར་ནས་བོད་ཡིག་ནས་ཐོ་འགོད་བྱེད་ཀྱི་ཡོད། སློབ་དཔྱོད་བྱེད་སྒོ་གང་སྤེལ་རུང་བོད་ཡིག་བཀོལ་སྤྱོད་ཡང་དག་པ་བྱེད་པ་དང་།  བོད་མི་རིགས་ཀྱི་སྐད་ཡིག་ཁོ་ན་བེད་སྤྱོད་བྱེད་པ་ལས་ཡིག་རིགས་གཞན་འདྲེས་ལྷད་བཅུག་གི་མེད། 

         གསུམ་པ།   རྒྱུན་གཏན་རང་བཞིན་གྱི་བྱེད་སྒོ།  

        ༡.  འཆར་ཟིན་འགོད་སྟངས་དང་ཞིབ་བཤེར།

        དགེ་རྒན་ཕལ་ཆེ་བ་ཡིག་ཐོག་འཆར་ཟིན་དང་ཉུང་ཤས་ནི་གློག་འཕྲུལ་མཉེན་ཆས་སློབ་ཁྲིད་འཆར་ཟིན་འགོད་པ་དེ་ཡིན།   འཆར་ཟིན་དུས་ཐོག་ཏུ་འགོད་པ་དང་ཆབས་ཅིག་ཡིག་ཐོག་འཆར་ཟིན་དེ་དཔྱད་གཞི་སློབ་དེབ་ཕུད་དེ་མིན་སློབ་ཚན་དང་འབྲེལ་བའི་ཡིག་ཆ་གང་མང་འཚོལ་བསྡུ་དང་དག་ཐེར་བྱེད་པ་དང་གཏན་ལ་ཕབ་པ་བཅས་བྱས་ཏེ་སློབ་ཁྲིད་སྐབས་སུ་སློབ་མར་དོགས་གནད་སེལ་བ་ལས་ཐེ་ཚོམ་གནས་སུ་འཇོག་མི་རུང་བ་སོགས་ཀྱི་རེ་བ་འདོན་པ་ཡིན།    གློག་ཀླད་མཉེན་ཆས་སློབ་ཚན་ནི་པར་རིས་ཁ་གསལ་བ་དང་གནད་དུ་འཁེལ་བ་པར་རིས་དང་རྗོད་ཚིག་གཙོ་བོ་མངོན་ཐུབ་པ། ཡི་གེའི་ཚོན་མདངས་འོས་སྦྱོར་འཚམ་པ། འགུལ་རིས་སྤྱད་ན་དེ་བས་བཟང་བས་གསོན་ཉམས་ལྡན་པ་དང་དགེ་མཚན་མངོན་ཐུབ་པ་ཡོང་བ་བཅས་ལ་དམིགས་ནས་རེ་བ་ལྟར་སློབ་དུས་གཅིག་ལ་ཞིབ་བཤེར་ཐེངས་ཁ་ཤས་བྱས་ཏེ་སློབ་གྲྭས་གཏན་འབེབས་བྱས་པའི་འཆར་ཟིན་ཞིབ་བཤེར་གདེང་འཇོག་རེའུ་མིག་ཐོག་སྐར་མ་འགོད་ཀྱི་ཡོད། 

        ༢.  དགེ་རྒན་ནང་ཕན་ཚུན་སློབ་ཚན་གསན་རེས་བྱེད་པ།

        ཐོག་མར་སློབ་ཚན་ཉན་ནས་མཐའ་དཔྱོད་གནང་སྐབས་སུ་རང་སྐྱོན་ངོས་འཛིན་དཀའ་བ་དང་རྙིང་ཞེན་བག་ཁུམ་ཚ་བ་གཏམ་འདོད་ཆེ་བ་སོགས་ཀྱིས་དགེ་རྒན་ནང་ཕན་ཚུན་ལའང་མ་མཐུན་པ་ཞིག་ཏུ་འགྱུར་བ་དང་དེ་ནས་རིམ་གྱིས་སློབ་ཚན་མང་དུ་གསན་པ་དང་དགེ་སྐྱོན་གླེང་སློང་ཕྱོགས་ཡོང་ནས་སྤེལ་བས་ཁྱོན་ཡོངས་ནས་སྐྱོན་བརྗོད་བྱེད་པར་ནད་ཐེག་ཐུབ་པ་དང་དགེ་མཚན་གང་རུང་ལེན་ཐུབ་པའི་སྣང་བ་གསར་པ་བྱུང་ནས་སྔར་གྱི་བསམ་བློ་རྙིང་པར་བཅོས་བསྒྱུར་ཐེབས་པ་མ་ཟད་ཚང་མས་ཧུར་བརྩོན་ཆེན་པོས་བགྲོ་གླེང་བྱེད་ཐུབ་ཀྱི་ཡོད། དེ་བཞིན་སློབ་གྲྭའི་ནུས་ལྡན་གྱི་སློབ་ཁྲིད་ལག་བསྟར་བྱེད་པའི་ཚད་གཞིའི་དམིགས་ཚད་ལྟར་དྲང་བདེན་གྱི་སྐར་འགོད་བྱེད་ཀྱི་ཡོད།

        ༣.  སྦྱོང་ཚན་བཀོད་སྒྲིག་དང་སྦྱོང་ཚན་བཅོས་སྟངས།

        སྦྱོང་ཚན་བཀོད་སྒྲིག་དེ་འོས་ཤིང་འཚམ་ལ་ཚད་ལྡན་ཞིག་དང་སྣང་ཆུང་དུ་གཏོང་མི་རུང་བའི་གལ་ཆེའི་རང་བཞིན་ཞིག་ཡིན། དགེ་རྒན་གྱི་སྦྱོང་ཚན་བཀོད་སྒྲིག་བྱེད་ཕྱོགས་ཐད་ཀློག་སྦྱོང་ཡོད་དགོས་ལ་ཡིག་གཟུགས་བྲིས་སྦྱོང་ཡང་ཡོད་དགོས་པ་མ་ཟད་སློབ་མས་བསམ་བློ་གཏོང་བའི་སྦྱོང་ཚན་རིགས་ཀྱང་ཡོད་དགོས།  ལྷག་པར་དུ་འཇོན་ནུས་སྐྱེད་སྲིང་བྱེད་པའི་སྦྱོང་ཚན་ཡང་ཡོད་དགོས།   དཔེར་ན་གོས་བཀྲུ་བཏང་།  ཟ་མ་བཟོ་སྟངས། ཚོང་རྒྱག་སྟངས།   པར་རྒྱག   སྨན་པ་བསྟེན་ཚུལ།    མི་གཞན་ལ་ཕན་པ་གཏགས་ཚུལ། རང་ཉིད་ལ་དཀའ་ངལ་འཕྲད་དུས་སུ་ཐག་གཅོད་བྱེད་ཚུལ།  དྲ་ལམ་བརྒྱུད་སྐད་ཆ་ཤོད་སྟངས་སོགས་སྤྱི་ཚོགས་འཚོ་བའི་འགྲོ་སྟངས་ཙག་ཙིག་གང་རུང་ཆུང་དུས་ནས་གོམས་འདྲིས་ཡོང་བ་བྱས་ཏེ་འཚོ་བའི་འགག་ཆར་གདོང་ལེན་ཐུབ་པ་དགོས།   དགེ་རྒན་གྱིས་སྦྱོང་ཚན་བཀོད་སྒྲིག་བྱས་པའི་རེ་བ་གཞིར་བཞག་ནས་སྦྱོང་བཅོས་བྱས་པ་དང་འགྲིག་ཡོད་ན་འགྲིག་རྟགས་དང་ནོར་བའི་རིགས་ལ་ནོར་རྟགས་མ་རྒྱག་པར་སྒོར་ཐིག་རེ་ཡི་ཚབ་བྱས་ནས་དེའི་འོག་ཏུ་དམིགས་བསལ་ནོར་བ་རིགས་ལ་བཅོས་པའམ་གསལ་བཤད་ཐུང་ངུ་རེ་བྲིས་པ་ཐབས་གང་དགེ་གནང་ན་བཟང་བར་ངོས་འཛིན་གྱིས་དགེ་རྒན་སོ་སོས་ལག་ལེན་དུ་འགེལ་གྱིན་ཡོད།   བཅོས་ཟིན་པའི་སྦྱོང་ཚན་བསྐྱར་དུ་སློབ་མར་དམིགས་བཀར་དང་སྤྱི་འཐུས་ཀྱི་ལམ་ནས་ཐག་གཅོད་གནང་བ་སོགས་བྱས་ནས་ང་ཚོའི་རྒན་ལགས་ཚང་མར་དགེ་མཚན་མི་དམན་བ་ཐོབ་ཡོད། འདི་དག་ནི་སློབ་གྲྭའི་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་གི་གལ་གནད་ཆེ་ཤོས་སུ་གྱུར་པའི་རྒྱུན་གཏན་རང་བཞིན་དང་སྙུག་བསྲིངས་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩི་བ་ཡིན། དགེ་རྒན་གྱི་སློབ་མའི་སྦྱོང་ཚན་བཅོས་རྒྱག་དང་བཀོད་སྒྲིག་བྱེད་ཕྱོགས་རང་རེའི་སློབ་གྲྭའི་སྦྱོང་ཚན་ཞིབ་བཤེར་ཚད་ལེན་དམིགས་ཚད་ལྟར་ནན་ཏན་གྱིས་གཏན་འབེབས་ལྟར་ཞིབ་བཤེར་དང་སྐར་ཐོ་འགོད་ཀྱི་ཡོད།

        བཞི་པ།   བོད་སྐད་ཡིག་སློབ་སྦྱོང་བྱེད་ཕྱོགས་ཐད་ཁྱིམ་བདག་ལ་འབོད་སྐུལ་ཞུ་བ། 

         ༡.  ང་ཚོའི་སློབ་གྲྭའི་སློབ་མའི་ཡོང་ཁུངས་དང་སྐད་དང་ཡི་གེ་སློབ་ཐབས།

         ང་ཚོའི་སློབ་གྲྭའི་སློབ་ཕྲུག་གི་ཡོང་ཁུངས་དེ་ཕལ་ཆེ་བ་རྒྱ་རིགས་ཀྱིས་གཉེར་བའི་བུ་བཅོལ་ཁང་ཡིན་སྟབས་བུ་བཅོལ་ཁང་གི་བོད་ཕྲུག་བྱིས་པ་ཚོར་རྒྱ་སྐད་རྒྱ་ཡིག་ཤུགས་ཆེན་སློབ་པ་ལ་བརྟེན་ནས་བོད་སྐད་ཀྱི་སྐད་ཆའི་སྒྲ་གདངས་ཉམས་པ་དང་། བོད་སྐད་བཤད་མི་ཤེས་པ་སོགས་ཀྱི་དཀའ་ངལ་ཆགས་ཡོད།    སློབ་གྲྭའི་ནང་དགེ་རྒན་དང་སློབ་ཕྲུག་ཚོས་རྣམ་ཀུན་འཚོ་བའི་ནང་སྐད་ལ་འདྲེས་ལྷད་མང་བ་དང་སློབ་ཕྲུག་ཕན་ཚུན་མིང་ནས་འབོད་ཚེ་༼ངག་དབང་༽ལ་༼ཨ་དབང་༽འབོད་པ་དང་༼བསོད་ནམས་༽ལ་༼སོའོ་ལངས་༽འབོད་པ་སོགས་བོད་སྐད་སྒྲ་མི་དག་པ་དང་།  ད་དུང་༼ཨ་མ་འབོད་རྒྱུ་༽ ལ་༼དམའ་དམའ་༽དང་༼གཅེན་པོ་འབོད་པ་༽ལ་༼ཀོ་ཀོའོ་༽གཅུང་མོ་འབོད་རྒྱུར་༼ རྨི་རྨིའི་༽དང་ ༼  ཨ་ཁུ་༽ལ་༼ཧྲུ་ཧྲུའུ༽སོགས་རྒྱུན་གཏན་སྐད་ཆའི་ནང་དུ་མ་ཟད་རྗོད་པ་དང་རྩོམ་ཐུང་ནང་མི་ཉུང་བ་མཐོང་དུ་ཡོད་པས་དེ་དག་བཅོས་གང་ཐུབ་བྱེད་ཀྱི་ཡོད།    སློབ་ཆུང་སློབ་རའི་ནང་དུ་རྩིས་རིག་ལ་སོགས་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས་བོད་ཡིག་བོད་སྐད་སློབ་ཚན་ཁེར་རྐྱང་ཅན་དུ་འགྱུར་བ་དང་།   ཁྱིམ་ཚང་དང་སྤྱི་ཚོགས་ཧྲིལ་པོར་རིག་གནས་གཞན་གྱི་འགུལ་ཤུགས་ཆེན་པོ་ཞིག་གི་འོག་ཏུ་བོད་ཀྱི་སྐད་དང་ཡི་གེ་ཉམས་འགྲོ་བའི་སྣང་ཚུལ་གང་རུང་དུ་མངོན་བཞིན་པས་བོད་ཡིག་དགེ་རྒན་གྱི་འགན་འཁྲི་དེ་བས་ལྕི་རུ་སོང་བ་མངོན།  ད་ལྟའི་སྤྱི་ཚོགས་འདིར་བོད་ཡིག་གསར་བཅོས་པ་སློབ་དཔོན་ཐོན་མིའི་དྲན་གསོའི་ཉིན་མོ་རེད་ཅེས་པ་དང་ཡང་ན་དེ་རིང་ང་ཚོ་བོད་ཀྱི་སྤྱི་སྐད་ཉིན་མོ་རེད་ཟེར་བ་ལྟ་བུ་དྲན་གསོའི་ཉིན་མོ་ཞིག་ཀྱང་དམིགས་བསལ་མེད་པ་ཡིན་དུས་ང་ཚོའི་རིག་གནས་དར་སྤེལ་གཏོང་བར་དཀའ་ཁག་ཇི་ཙམ་ཡོད་པ་ཚང་མས་མཁྱེན་གསལ་རེད་ལགས།   འོན་ཀྱང་ང་ཚོས་བོད་ཡིག་དགེ་རྒན་གྱི་འགན་འཁྲི་དེ་མི་རིགས་ཤིག་གི་འགན་འཁྲི་ཞིག་ཡིན་པས་འགན་བླངས་ཅི་ཐུབ་དང་། དུས་རབས་ཀྱི་འགྱུར་མཚམས་སུ་བོད་ཀྱི་མེས་པོའི་ཤེས་རིག་འདི་ཙམ་དུ་མ་ཟད་ཐ་ན་རང་གི་ཕ་སྐད་དྭངས་མ་འདི་དང་ཕ་ཡིག་ནོར་བུ་འདི་ཇི་ལྟར་འཛིན་སྐྱོང་བྱེད་དགོས་མིན་ལ་བློ་གཟུ་བོར་གནས་ཏེ་འགན་རེ་བླངས་ནས་ཡོད།

        ༢.  ཁྱིམ་བདག་དང་སློབ་གྲྭའི་དབར་འབྲེལ་ལམ་བཙུགས་ནས་བསམ་བློ་སྤེལ་རེས་ཞུ་བ།

        སློབ་གྲྭའི་བོད་ཡིག་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་བདག་ལ་བསམ་བློའི་སློབ་གསོ་རྒྱབ་ནས་སློབ་ཕྲུག་ཚོས་རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་བཤད་པ་དང་བོད་ཡིག་སྦྱོང་བ་བོད་ཡིག་གང་ཐུབ་ཀྱིས་བེད་སྤྱོད་གཏོང་བ་ཁྱིམ་ཚང་དུ་མི་རིགས་ཀྱི་ལམ་ལུགས་སྲོལ་བཟང་པོ་རང་གི་བུ་རྒྱུད་ལ་འཇོག་པ་བྱེད་རྒྱུ་དེ་དགེ་རྒན་གཅིག་པུའི་ལས་འགན་མ་ཡིན་པར་ཕ་མས་འགན་འཁུར་ཨང་དང་པོ་བླངས་ཏེ་སློབ་གསོ་སྤྲད་དགོས་པའི་རེ་བ་འདོན་པ་དེ་ཡིན། ། དགེ་རྒན་གྱིས་ཁྱིམ་བདག་ཚོགས་འདུའི་སྐབས་སུ་བུ་ཕྲུག་ཚོར་བོད་ཡིག་བོད་སྐད་སློབ་སྦྱོང་བྱེད་དགོས་པའི་སྐུལ་འདེད་ཤུགས་ཆེན་བཏང་ནས་ནུས་པ་གང་ལ་དེ་འཚམ་ཞིག་ཐོན་པ་དང་།  ལྷག་པར་དུ་ཁྱིམ་བདག་ངོས་ནས་ཕྲུ་གུའི་སྤྱོད་ལམ་ཐོག་བཟང་པོའི་སྣེ་འདྲེན་དགོས་པའི་རེ་བ་འདོན་པ་དང་།  ཁྱིམ་དུ་ཡ་རབས་ཀྱི་གཏམ་སྨྲ་བ་དང་སློབ་གྲྭའི་ནང་དུ་ཡང་དགེ་རྒན་ལ་གུས་ཞབས་ཆེ་བ་དང་སློབ་ཕྲུག་དབར་འབྲེལ་འདྲིས་བཟང་བའི་བོད་མིའི་གཤིས་རྒྱུད་བཟང་པོ་རང་གི་མི་ཚེའི་ནང་ཡོད་དགོས་པའི་སློབ་གསོ་སྤེལ་བ་དང་སློབ་གསོའི་ཁྲིམས་མཐུན་ཁེ་དབང་དང་མི་རིགས་སྲིད་ཇུས་བཟང་པོ་གང་ཡོད་པ་ཤེས་རྟོགས་དང་ལག་ལེན་བསྟར་ཐུབ་པ་བཅས་བྱེད་རྒྱུར་དགེ་རྒན་གྱིས་སློབ་གསོ་གཏོང་བའི་ལས་འགན་འཁུར་བ་ཡིན།  ཁྱིམ་བདག་གི་བསམ་བློའི་འདུ་ཤེས་དང་མི་རིགས་ཀྱི་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་ཐད་གོ་རྟོགས་ཟབ་ལོས་ལ་དམིགས་ནས་སློབ་དུས་རེར་ཁྱིམ་བདག་ཚོགས་འདུ་ཐེངས་གཉིས་གསུམ་གང་རུང་དུ་རང་མི་རིགས་ཀྱི་རིག་གནས་སློབ་སྦྱོང་དེ་བུ་ཕྲུག་ཚོར་སྤྲོད་དགོས་པའི་འོས་འགན་དེ་ཕ་མ་དང་དགེ་རྒན་གཉིས་ཀར་ཡོད་པའི་གསལ་བཤད་དང་གོ་རྟོགས་སྤྲད་ཀྱིན་ཡོད།

         ལྔ་པ།   སློབ་ཕྲུག་ལ་དམིགས་པའི་བྱེད་སྒོ།

         ༡.  བར་ཁྱམས་རིག་གནས་ཀྱི་བཤད་ཁྲིད་བྱེད་སྒོ་སྤེལ་བ།

         སློབ་གྲྭའི་བར་ཁྱམས་སུ་སློབ་གྲྭས་འགྲོ་གྲོན་གང་འཚམ་བཏང་ནས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་མངོན་པའི་མཛེས་རྩལ་རི་མོ་དང་བོད་ཀྱི་ཡུལ་ལྗོངས། དེ་བཞིན་དུ་ཕོ་བྲང་པོ་ཏ་ལ་དང་། སློབ་དཔོན་ཐོན་མིའི་སྐུ་བརྙན་ལྡེབས་རིས་བཞེངས་པ་མ་ཟད། བོད་ཀྱི་གནའ་བོའི་ཡིག་གཟུགས་འགྲེམས་སྦྱར་དང་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བཤད་ཀྱང་བྲིས་ཡོད། བོད་ཀྱི་་མཁས་དབང་མང་པོའི་ཞལ་ཐང་ཡང་བཞེངས་གནང་ཡོད།   ཞལ་ཐང་ནི་བོད་ཀྱི་སྐྱེས་ཆེན་དམ་པ་དང་མཁས་དབང་གང་དག་ལ་གུས་བརྩི་མཚོན་པའི་ཆེད་དུ་བོད་ཀྱི་བཟོ་རིག་པའི་སྒྱུ་རྩལ་གྱི་རྣམ་པ་བཏོན་པ་ཞིག་ལས་དེ་རྨོངས་དད་ག་ལ་ཡིན།  ཡིན་ནའང་སློབ་དཔོན་ཐོན་མའི་སྐུ་བརྙན་དེ་རྒྱུ་མཚན་གང་ཡིན་མ་གཏོགས་པར་བྲིས་བསུབ་གཏོང་དགོས་བྱུང་ཞིང་མཁས་དབང་གི་ཞལ་ཐང་ཡང་བསྡུ་གསོག་བྱ་དགོས་བྱུང་བས་ང་ཚོ་བོད་ཡིག་དགེ་རྒན་ཚང་མ་བློ་ཕམ་ཆེན་པོ་ཞིག་བྱུང་། ཡིན་ནའང་ང་ཚོས་སློབ་མར་༼རྒྱུན་གཏན་བོད་སྲོལ་ཁྱད་ཆོས་ལྡན་པའི་བར་ཁྱམས་རིག་གནས་བཤད་ཁྲིད་༽ཅེས་པའི་བྱེད་སྒོ་སྤེལ་ནས་སློབ་མའི་སེམས་ཁམས་སུ་རང་རིགས་ལ་གཅེས་ཤིང་རང་རིགས་ལ་རྒྱུས་མངའ་ཡོང་བའི་ཆེད་དུ་སོ་སོ་བོད་མི་རིགས་ཤིག་ཡིན་པ་དང་མི་རིགས་འདིའི་འབྱུང་ཁུངས་གང་ནས་ཡིན་པ་གནའ་ནས་དེང་བར་མི་རིགས་འདིའི་མེས་པོ་དམ་པ་ཚོས་བོད་མི་རིགས་འདིའི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ཡར་རྒྱས་གཏོང་བར་མཛད་རྗེས་བླ་ན་མ་མཆིས་པ་གང་དག་འཇོག་པ་གསལ་རྟོགས་ཕྱིར་བོད་སྐད་ཡིག་གི་བྱུང་འཕེལ་དང་། བོད་མིའི་དམངས་སྲོལ་གྱི་ཤེས་བྱ། བོད་མིའི་སྔོན་ཐོན་གྱི་མཛེས་རྩལ།  དེ་བཞིན་ཡུལ་གྲུ་ཀུན་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཕུལ་བྱུང་གི་མཁས་པ་ངོ་སྤྲོད་བཅས་བྱས་པ་བརྒྱུད། སློབ་མ་ཚོས་རང་མི་རིགས་ལ་ངོས་འཛིན་དང་། རང་མི་རིགས་ཀྱི་རིག་གནས་ལ་ངོས་འཛིན། རང་མི་རིགས་ཀྱི་ཐུན་མོང་མིན་པའི་ཡུལ་སྲོལ་གོམས་གཤིས་ལ་ངོས་འཛིན། ལྷག་པར་དུ་བོད་ཡིག་སྦྱོང་བའི་དགོས་པའམ་དམིགས་ཡུལ་ལ་ངོས་འཛིན་ལེགས་པར་བྱུང་བས་སློབ་མས་བོད་ཡིག་སྦྱོང་བའི་དམིགས་ཡུལ་གསལ་དུ་ཕྱིན་པ། བོད་ཡིག་སྦྱོང་བའི་འདུན་པ་ཆེར་སྐྱེད་པ་སོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྗེས་སུ་ཡང་དེ་ལྟ་བུའི་བྱེད་སྒོ་གང་ལེགས་སྤེལ་རྒྱུ་ཡིན།

         ༢ .   རྒྱུན་ལྡན་རང་བཞིན་གྱི་བྱེད་སྒོ།

         ང་ཚོ་བོད་ཡིག་དགེ་རྒན་ཚང་མས་རང་གི་འགན་འཁྲི་ལེགས་པར་འཁུར་ནས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་སྤྱོད་ཡོན་ལྡན་པ་ཞིག་གསོ་སྐྱོང་ཆེད་དུ་ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་འདིའི་ཁྱད་ཡོན་དམིགས་བསལ་ཅན་མི་ཉམས་རྒྱུན་འཛིན་བྱེད་ཕྱིར་འབད་འབུངས་བྱེད་མུས་ཡིན།   སློབ་དུས་སོ་སོར་སློབ་མའི་ནུས་རྩལ་བརྟག་པའམ་ཡང་ན་གོམ་གང་མདུན་སྤོས་ཀྱི་སྐུལ་ལྕག་གཏོང་ཕྱིར་བོད་ཡིག་ཡིག་གཟུགས་འགྲན་པ་དང་། གྱེར་ཀློག་འགྲན་བསྡུར་བྱེད་པ། ཞེ་ཚིག་ཚད་ལེན་བྱེད་པ། རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་གོང་འཕེལ་ཡོང་བར་ཤུགས་སྣོན་རྒྱག་བཞིན་ཡོད།

          ༣.   བོད་ཡིག་མཉེན་ཆས་ཀྱི་མཐེབ་གཞོང་སྒྲིག་ཚུལ་སློབ་པ།

          བོད་སྐད་ཡིག་སློབ་ཁྲིད་བ་མང་པོ་ཞིག་ལ་དུས་བབ་ཀྱི་འཁྱོག་མཚམས་ཞིག་ནས་འཇིག་རྟེན་གྱི་ཕྱོགས་མཐའ་ཀུན་ཏུ་རྟ་བདུན་དབང་པོའི་གཟི་བྱིན་འབར་ནས་རྨོངས་གཉིད་ལས་སད་ཅིང་འཇིག་རྟེན་གྱི་གོམ་སྟབས་རྗེས་མར་ལུས་བཞིན་ཡོད་པ་དེ་ད་ལྟ་བོད་སྐད་ཡིག་ནི་འཛམ་གླིང་ཆ་འཕྲིན་ཅན་དུ་འགྱུར་ཞིང་བོད་སྐད་ཡིག་འདི་འཕྲུལ་རིག་དྲ་མཛོད་ཀྱི་རིག་ཚན་ཁག་ཏུ་འོད་ཟེར་སྟོང་ལྡན་ཤར་བ་ལ་དམིགས་ན་ད་གཟོད་ང་ཚོའི་དབང་ལྔའི་ཤེས་པ་ཉམས་མེད་གསོན་དུ་གནས་ཡོད་པ་ཤེས་ཐུབ་ལ་ང་ཚོ་ཕན་ཚུན་གྱི་མཛའ་བཅུགས་གསེར་གྱི་མདུད་པ་མ་བྲལ་བར་རྒྱུན་བསྲིངས་ནས་ཡོད་པ་ཚོར་ཐུབ། འདིས་ང་ཚོར་བློ་སྟོབས་དང་རེ་བ་གསར་པས་ཁེངས་ཤིང་གསོན་ཤུགས་གསར་པ་རྒྱས་པར་བྱེད།  གང་ལྟར་འདིར་བསམ་ན་ང་ཚོ་ཁ་བ་རི་པའི་ཤེས་རིག་ཀྱི་ལྗོན་པའི་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་བཞིན་ཡོད་པ་རྟོགས་ཐུབ་ལ་འདིས་ང་ཚོའི་རེ་བའི་མེ་ཏོག་བཞད་སྲིད་ལ་དོན་དམ་གྱི་འབྲས་བུ་ཡང་མངོན་སྲིད་པས་སློབ་མ་ཚོར་འཇིག་རྟེན་སྐར་ཁུང་གྱི་ལམ་དུ་ཁྲིད་བཞིན་ཡོད།    ངེད་སློབ་གྲྭས་རང་མི་རིགས་ཀྱི་སྐད་ཡིག་ལ་སློབ་མས་དེ་བས་མཐོང་ཆེན་ཡོང་ཕྱིར་དང་བེད་སྤྱོད་རྒྱ་ཆེར་ཡོང་རྒྱུར་བོད་ཡིག་ཐོག་མའི་མཐེབ་གཞོང་སྒྲིག་སྲོལ་ནས་མགོ་ཚུགས་ཏེ་བོད་ཡིག་གི་གཏགས་ཐབས་སློབ་པ་དང་།   དྲ་བའི་ཐོག་ནས་ཤེས་བྱ་མང་པོ་ཞིག་སློབ་སྦྱོང་བྱེད་ཐུབ་པའི་སྐོར་གྱི་ཤེས་བྱ་སློབ་མའི་རྒྱུད་ལ་ངོ་སྤྲོད་བྱེད་ཀྱི་ཡོད་ལ་འགྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་བཞིན་ཡོད།

         ༤   ཉིན་རེར་སློབ་གྲྭའི་ནང་བོད་སྐད་རྒྱང་གྲགས་གཏོང་བ།
         དུས་རྒྱུན་ང་ཚོས་ཉིན་དགུང་གི་རྒྱང་གྲགས་ས་ཚིགས་ནས་ཞེ་ཚིག་སློབ་པ། བོད་ཀྱི་ལེགས་བཤད་སྐྱོར་སྦྱངས་དང་།  བྱིས་སྒྲུང་བཤད་པ།  སློབ་མའི་ཕུལ་བྱུང་རྩོམ་ཡིག་ཀློག་པ།   དམངས་ཁྲོད་ཀྱི་སྒྲུང་གཏམ་ཀློག་པ།  བྱིས་པའི་རྩེད་གཞས་སོགས་བཏང་ནས་སློབ་མའི་བོད་སྐད་ཡིག་སྦྱངས་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་མུས་ཡིན། ཉེ་བའི་ལོ་ཤས་ནང་གོང་རིམ་དབུ་ཁྲིད་ཀྱི་ཐུགས་འཁུར་དང་གལ་ཆེའི་མཛུབ་སྟོན་འོག་ང་ཚོའི་སློབ་གྲྭ་དེ་སྔོན་དང་མི་འདྲ་བར་བོད་སྐད་ཡིག་སློབ་ཁྲིད་བྱེད་པར་མཐུན་རྐྱེན་གང་མང་སྦྱོར་བས་ཡར་རྒྱས་ཆེན་པོ་བྱུང་ཡོད།

         མདོར་ན།   ང་ཚོའི་སློབ་དཔྱོད་ཀྱི་དམིགས་ཡུལ་ནི་བོད་མི་རིགས་འཚོ་གནས་ཀྱི་ཆགས་འཇིག་དང་འབྲེལ་བའི་སྐད་དང་ཡི་གེའི་གནད་འགག་ལ་ཐུག་ནས་ཡོད་པ་ཞིག་ཡིན་སྟབས་ང་ཚོས་རང་གི་ཤེས་རིག་ནོར་བུའི་བང་མཛོད་ནས་ལག་པ་སྟོང་པར་མི་སོང་བར་མེས་པོའི་རིག་གནས་ལ་སྲི་ཞུ་སྒྲུབ་ཐབས་སུ་སྲིན་འབུ་མེ་འཁྱེར་གྱི་ངང་ཚུལ་ཙམ་དུ་ཟད་པས་མཁྱེན་ལྡན་བློ་གསལ་ཅན་གྱིས་མི་དག་འཁྲུལ་བ་གང་མཆིས་བཀའ་སློབ་གང་མང་ཡོང་བའི་རེ་སྨོན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།

          འདིར་བཞུགས་ལྷན་རྒྱས་ལ་སྐྱབས་འཇུག་ཞུ་རྒྱུར།

༡   སློབ་མས་དུས་རྒྱུན་རྩོམ་ཡིག་དང་སྦྱོང་ཚན་སྐབས་ཁ་སྐད་མང་པོ་ཞིག་འབྲི་སྲོལ་ཡོད་པས་དེ་བསྒྱུར་བཅོས་བྱ་ཐབས་སྐོར་ལ་ཐབས་བཟང་གང་ཡོད་པ།

༢   ལོ་རིམ་དང་པོ་གཉིས་པའི་སློབ་མར་ཀློག་ལྟའི་ཐད་ལ་ཤུགས་སྣོན་གང་འདྲ་བྱེད་ཀྱི་ཡོད་པ།

༣   རྩོམ་ཡིག་བཟོ་བཅོས་རྒྱགས་སྟངས་ཐད་སློབ་གྲྭ་གཞན་ལ་ཐབས་བཟང་གང་ཡོད་པ།

༤  སློབ་མའི་ཡིག་གཟུགས་ལེགས་བཅོས་བྱ་ཐབས་ཐད་ཐབས་བཟང་གང་ཡོད་པ།

༦   སློབ་མས་བོད་སྐད་ཡིག་སྦྱངས་འདོད་ཇེ་ཆེར་གཏོང་ཕྱིར་ཐབས་བཟང་གང་ཡོད་པ།

༧  སློབ་མའི་གཏམ་བཤད་ནུས་པ་གསོ་སྐྱོང་དང་།  རྗོད་པ་ནས་རྩོམ་ལ་འཇུག་པའི་བརྒྱུད་རིམ་ནང་དཀའ་ངལ་མང་དུ་འཕྲད་པས་དེ་ཇི་ལྟར་སེལ་ཐུབ་བམ།

༨  སློབ་དེབ་ནང་འཁོད་པའི་ཐ་སྙད་གསར་པའི་རིགས་འཚོ་བ་དངོས་ཀྱི་ནང་དུ་བེད་སྤྱོད་ཇི་ལྟར་བྱེད་པ་དང་།  རྩོམ་ཡིག་གི་ནང་དུ་བཀོལ་སྤྱོད་ཇི་ལྟར་བྱེད་མིན་ཐད་ལ་རྒན་ལགས་རྣམ་པ་ཚོས་ཐབས་ཤེས་བཟང་པོ་གང་གནང་གི་ཡོད་དམ། 

          ལོ་རིམ་དྲུག་པའི་བསླབ་གཞི་ལས་འཕྲོས་པའི་དོགས་གནད་ཁག་ལ་ལས་གྲོགས་རྣམ་པས་དོགས་སེལ་གནང་རོགས་ཞུ་རྒྱུ། བསླབ་གཞིའི་ནང་རེ་བར་བློ་འཛིན་བྱེད་དགོས་པའི་སློབ་ཚན་བསྟུད་མར་མང་པོ་ཐོན་གྱི་འདུག་པས་ཁྱེད་རྣམ་པས་ཐག་གཅོད་གང་འདྲ་བྱེད་ཀྱི་ཡོད།

 

                                                                                                                    ལྷ་ས་xxསློབ་ཆུང་བོད་ཡིག་སློབ་དཔྱོད་ཁང་གིས།

                                                                                                                          སྤྱི་ལོ་༢༠xxལོའི་ཟླ་x པའི་ཚེས་  xxལ།


འབྲེལ་ཡོད་འོས་སྦྱོར།