འཛིན་བདག་བྱ་བའི་ཁྲོད་ཀྱི་ཉམས་མྱོང་རགས་ཙམ་གླེང་བ།
འཛིན་བདག་བྱ་བའི་ཁྲོད་ཀྱི་ཉམས་མྱོང་རགས་ཙམ་གླེང་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ། རྡོ་རྗེ་རྣམ་རྒྱལ།
དེ་ཡང་དགེ་འོས་སློབ་གྲྭ་མཐར་མ་ཕྱིན་གོང་། ང་ཚོའི་འཛིན་བདག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། གལ་ཏེ་དགེ་རྒན་ཞིག་ཡིན་ཚེ་འཛིན་བདག་གི་འགན་འཁུར་མ་མྱོང་བའམ་བྱ་བ་དེ་སྒྲུབ་མ་མྱོང་ན།དེ་ཡི་མི་ཚེ་གང་བོའི་སློབ་ཁྲིད་ལོར་རྒྱུས་ཏེ་ཆ་ཚང་ཞིག་ཡོང་མི་ཐུབ་པ་དང་ཐ་ན་བློ་ཕམ་པའི་བྱ་བ་ཞིག་རེད་ཞེས་མཁས་པའི་གསུངས་ཤིག་དྲངས་ནས་བཤད་མྱོང་། ལྟ་ཚུལ་འདིའི་སྟེང་ནས་བཤད་ན། རང་ཉིད་ནི་ཇི་འདྲའི་མི་ལས་ ཅན་ཅིག་དང་ཡང་ན་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་སེམས་ཀྱི་ཡོད།རྒྱུ་མཚན་ནི་རང་གིས་བྱ་བའི་སྟེང་ཞུགས་ནས་ད་བར་དུ་རྣམ་དག་གི་སེམས་པ་ཆུང་ཆུང་དག་ལ་བདག་གཉེར་དང་འབྲེལ་འདྲིས་བྱས་ནས་ཡོང་བ་ཡིན་ལ། འདིའི་ཁྲོད་དུ་སོམ་ཉིའི་དྲ་བར་ཚུད་པ་དང་དཀའ་སྡུག་གང་མང་ལ་འཕྲད་མོད།འོན་ཀྱང་དེ་ལས་ཀྱང་ ཕན་འབྲས་མང་བ་ནི་འཛིན་བདག་གི་བྱ་བའི་ཁྲོད་འགོག་མེད་དུ་བྱུང་བཞིན་པའི་དགའ་སྐྱིད་དང་བདེ་སྐྱིད་ རེད། དེ་བས་འཛིན་བདག་གི་བྱ་བའི་ཉམས་མྱོང་རགས་བསྡུས་ཤིག་བཤད་ན།
གཅིག ཐོག་མར་ལྷག་བསམ་རྣམ་དག་གིས་སློབ་མར་གཅེས་སྐྱོང་དང་སློབ་མ་ཤ་ཚ་དགོས།
སུ་ཞིག་གིས་སློབ་མ་གཅེས་ན་སློབ་མ་ཡང་དགེ་རྒན་དེར་དགའ་བ་དང་།བརྩེ་སེམས་ཀྱིས་སློབ་མར་སློབ་གསོ་བྱས་ན་དེར་འབྲས་བུ་ལེགས་པོ་ཞིག་ཐོབ་ངེས་ཡིན་ལ། དེ་ནི་ནམ་ཡིན་ཡང་བརྟན་བརླིང་འགྱུར་མེད་ ཀྱི་གནས་ལུགས་ཤིག་རེད།སློབ་མ་གཅེས་པ་དང་ཤ་ཚ་བ་ནི་འཛིན་བདག་གི་བྱ་བ་ལེགས་འགྲུབ་བྱུང་ཡོང་བའི་ལྐོག་གྱུར་གྱི་གནད་གནས་ཤིག་ཡིན་ལ།འཛིན་བདག་ཅིག་ཡིན་པའི་ཆ་ནས་ལྷག་བསམ་རྣམ་དག་གིས་སློབ་མ་རེ་རེ་ལ་གཅེས་སྐྱོང་དང་བརྩི་བཀུར་བྱས་ན་ད་གཟོད་དགེ་རྒན་ལ་སེམས་ཀྱི་སྒོ་མོ་འབྱེད་ངེས་ཡིན། འཛིན་ གྲྭའི་བྱ་བ་རྣམ་པ་སྣ་ཚོགས་དང་བྱ་བའི་ཐབས་ལམ་ཡང་མི་གཅིག་གང་མང་ཡོད་ལ། ཐོག་མར་བརྩེ་སེམས་ བཀོལ་ནས་སློབ་གསོ་དང་འབྲེལ་འདྲིས་བྱས་ན། ང་ཚོས་སློབ་མར་རྒྱུས་ལོན་དང་ཤ་ཚ་བ།ཇི་ལྟར་སློབ་མ་རེ་ རེ་ལ་སྲུང་སྐྱོང་དང་བརྩི་བཀུར། དམའ་འབེབས་མི་བྱེད་པའི་བྱ་བ་ལས་ཕྱོགས་ཀྱི་གདང་ཚོད་ཚད་གཞི་ངེས་ ཅན་ཞིག་འཛིན་རྒྱུ་ཡོད་ལ། འཛིན་བདག་གི་བྱ་བ་སྒྲུབ་པའི་ཐད་མཐུན་རྐྱེན་གང་མང་ཞིག་བསྐྲུན་ཐུབ་པ་རེད།
གཉིས། འཛིན་བདག་བྱེད་ན་སྔོན་ལ་དགེ་རྒན་ཚད་ལྡན་ཞིག་བྱེད་དགོས།
འཛིན་བདག་ཅིག་ལ་མཚོན་ན།ཐོག་མར་དགེ་རྒན་ཚད་ལྡན་ཞིག་བྱེད་དགོས་ལ།དེར་རྒྱ་ཆེ་གཏིང་ཟབ་ཀྱི་ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་དགོས་པ་མ་ཟད། ད་དུང་རྒྱ་ཁྱབ་གཏིང་ཟབ་ཀྱི་ལྟ་ཀློག་དང་ཕུན་ སུམ་ཚོགས་པའི་རིག་གནས་ཤེས་བྱ་ཡང་ཡོད་དགོས་པ་རེད།རྒྱུ་མཚན་ནི་ང་ཚོ་ཁ་ཕྱོགས་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་བ་ཡིན་པས། གཟབ་ནན་གྱི་སློབ་གཉེར་ལྟ་ཚུལ་ཞིག་དགོས་པ་རེད།གལ་ཏེ་ཡི་གེ་གཅིག་ ཁྲིད་ནས་འཁྲུལ་བ་བྱུང་ཚེ་འཛིན་གྲྭའི་སློབ་མ་གང་མང་ཞིག་གིས་ཤེས་བྱར་ཤེས་རྟོགས་བྱེད་པའི་ཚད་ལ་གནོད་པ་ཆེན་པོ་འཐེབ་ངེས་རེད། དེ་རྐྱེན་གྱིས། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་དོ་སྣང་དང་གདེངས་འཇོག་ མཐོན་པོ་བྱེད་དགོས་ལ།གལ་ཏེ་བསླབ་དེབ་ཁྲོད་དཀའ་གནད་དང་འཕྲད་ཚེ་དགེ་རྒན་གཞན་ལ་བཀའ་སློབ་ ཞུས་ནས་གནད་དོན་གསལ་བར་བྱ་རྒྱུ།བྱ་བའི་ཁྲོད་དུ་འདུ་ཤེས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་རང་གི་དགའ་ཕྱོགས་བསྐྱེད་བསྲིང་བྱེད་པ་དང་།དགའ་ཕྱོགས་དེ་སློབ་མའི་དགའ་ཕྱོགས་དང་འཆམ་མཐུན་གཅིག་ གྱུར་ཡོང་བར་འབད་དགོས།དཔེར་ན།སློབ་མ་རྣམས་ཀྱིས་སྣང་བརྙན་འགུལ་རིས་ཤིག་ལ་བལྟ་བར་མཚོན་ན། དགེ་རྒན་གྱིས་ཀྱང་སློབ་མ་དང་ཉམས་སུ་ལྟ་བ་དང་ཁོ་ཚོའི་གླེང་འདོད་པའི་བརྗོད་གཞི་གླེང་བ་སོགས་རྒྱུད་ ནས་སློབ་མའི་བློ་འགལ་ཡིད་ཆེས་བྱེད་པ་ནི་མ་བཅོས་རང་གྲུབ་རེད།
གསུམ། དོ་དམ་ཆུ་ཚད་དང་ནུས་པ་ཡོད་པའི་འཛིན་བདག་ཅིག་བྱེད་པ།
འཛིན་གྲྭ་ཞིག་གི་འཛིན་གྲྭའི་ཁ་དབུགས་ལེགས་མི་ལེགས་ཀྱིས་ཐད་ཀར་དུ་འཛིན་བདག་གི་དོ་དམ་ནུས་པ་དང་སློབ་མ་དོ་དམ་གྱི་སྒྱུ་རྩལ་ནུས་པ་མཚོན་ཐུབ་པ་རེད།འཛིན་བདག་ཞིག་ལ་མཚོན་ན། སློབ་མའི་མི་ གཤིས་ལ་བརྩི་བཀུར་དང་མོས་བ། དགའ་ཕྱོགས།ཁྱད་ཆོས་སོགས་ལ་མཉམ་འཇོག་བྱེད་དགོས་པ་དང་། བྱེད་ པོའི་འདུ་ཤེས་བསྐྱེད་ནས་འཛིན་གྲྭའི་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ།
དུས་རྒྱུན་སྤྱོད་བཞིན་པའི་ཐབས་ལམ་འགའ།
(༡) དུས་རྒྱུན་གྱི་སློབ་གསོ་དང་ཐུན་མོང་གི་སློབ་གསོ་བཟུང་ནས་འཛིན་གྲྭའི་ཁ་དབུགས་ཇེ་ལེགས་སུ་བསྒྱུར་བ།
སློབ་མ་ལ་ལའི་སྟེང་དུ་གོམས་གཤིས་མི་ལེགས་པ་མང་པོ་འདུག་ལ། འཛིན་གྲྭའི་དུས་རྒྱུན་གྱི་དོ་དམ་བྱ་བ་ གོ་རིམ་ཡོད་པའི་ངང་ལེགས་འགྲུབ་བྱུང་ཆེད། དོན་དངོས་དང་མཐུན་པའི་འཛིན་གྲྭའི་སྒྲིག་ལམ་ཆ་ཚང་ཞིག་ གཏན་འཁེལ་བྱེད་རྒྱུ་ནི་ལྷག་པར་དུ་མཁོ་གལ་ཆེ་བ་ཞིག་ཏུ་སྣང་། སློབ་སྐབས་རེ་རེ་ཚོགས་དུས་སློབ་མ་ཡང་ དུས་ཀྱི་འགྲོས་དང་བསྟུན་ནར་སོན་བཞིན་པའི་ཁྱད་ཆོས་ལ་དམིགས་ནས་ཁོ་ཚོའི་དོན་དངོས་དང་མཐུན་པའི་སྒོ་ནས་རེ་བ་ནན་མོ་འདོན་པ་དང་སྒྲིག་ལམ་གསར་བ་ཁ་སྣོན་བྱས་ནས་འཛིན་གྲྭའི་དོ་དམ་བྱ་བ་ཚགས་ཇེ་དོམ་ལ་གཏོང་རྒྱུ། བྱ་བའི་ཁྲོད་དུ་རང་དཔེ་གཞན་སྟོན་དང་བཤད་ཟིན་པ་སྒྲུབ་ཕོད་པ། སྒྲུབ་པར་འབྲས་ལེགས་པ་ དང་འགྲོ་ལུགས་འདུག་ལུགས།བཤད་ལུགས་སོགས་རང་དཔེ་གཞན་སྟོན་གྱི་ནུས་བ་ཐོན་པར་བྱས་ཏེ་རང་སྟེང་གི་སྙན་གྲགས་སྐྲུན་དགོས། དེ་ལྟར་སློབ་མའི་དུས་རྒྱུན་སློབ་གསོ་བཟུང་ན་ངལ་བ་ཆུང་ལ་གྲུབ་འབྲས་ཆེ་བའི་ ནུས་བ་ཐོན་པ་རེད། དུས་མཉམ་དུ་སློབ་མའི་ཐུན་མོང་སློབ་གསོ་གནད་དུ་འཛིན་དགོས་ལ།འཛིན་གྲྭའི་བརྗོད་ གཞི་ཚོགས་འདུ་དང་། སྔོན་ཐོན་འཛིན་གྲྭར་བརྩོན་ལེན་བྱེད་པའི་བྱ་འགུལ་སོགས་རྒྱུད་ནས་རང་ཉིད་འཛིན་ གྲྭ་དེ་ཡི་ཁོངས་མི་ཞིག་དང་བྱེད་པོ་ཡིན་པའི་འདུ་ཤེས་བསྐྱེད་བསྲིང་བྱས་ནས། འཛིན་གྲྭའི་གཟི་བརྗིད་ངའི་ གཟི་བརྗིད་དང་།འཛིན་གྲྭ་རྒུད་ན་ངས་ངོ་ཚ་ཡིན་པའི་འདུ་ཤེས་ཆགས་པར་བྱེད་པ་དང་། སློབ་མའི་གཟི་ལྡན་ བསམ་པའི་སློབ་གསོར་ཅི་ནུས་གྱིས་ཤུགས་སྣོན་རྒྱུན་འཁྱོངས་བྱས་ཏེ། འཛིན་གྲྭའི་ཕྱོགས་ཡོངས་ཀྱི་ཁ་དབུགས་ ཇེ་ལེགས་སུ་གཏོང་རྒྱུ།
(༢) ནུས་བ་ཅན་གྱི་འཛིན་གྲྭའི་ལས་བྱེད་མི་སྣ་བསྐྱེད་བསྲིང་བྱེད་པ།
འཛིན་གྲྭ་ཞིག་གི་ཁ་དབུགས་ཀྱི་བཟང་ངན་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།འཛིན་གྲྭའི་ལས་བྱེད་མི་སྣའི་ནུས་བ་ལེགས་པོ་ཐོན་ཐུབ་མིན་ལ་རགས་ལས་ཡོད་པས། འཛིན་གྲྭའི་ལས་བྱེད་མི་སྣ་ནི་འཛིན་ བདག་གི་ནུས་ཤུགས་ཡོད་པའི་ལག་རོགས་པ་ཞིག་ཡིན།ལག་རོགས་པའི་བསྐྱེད་བསྲིང་བྱེད་པའི་བྱ་བའི་ཐད་ལ་གདངས་འཇོག་མཐོན་པོ་དང་གཙུགས་ཆེན་དུ་འཛིན་དགོས་པ་དང་།འཛིན་གྲྭར་ཤ་ཚ་བ་དང་སློབ་མ་རྣམས་ལ་བྱམས་འདེགས་ཞུ་བའི་བསམ་པ་ཡོད་པ། བྱ་བ་ཆེ་སར་འདངས་རྒྱག་ཤེས་པ། སྒེར་སེམས་མེད་པའི་སློབ་མ་ འདེམས་བསྐོ་བྱེད་པ་དང་།རང་རང་གི་ལས་ཀ་གང་ཡིན་པ་རང་འགན་དེང་བླངས་བྱེད་དུ་བཅུག་ནས་དགེ་ རྒན་གྱིས་ཁོ་ཚོའི་བྱ་བར་མཛུབ་སྟོན་བྱེད་པ་ལས་ཐེ་གཏོགས་མི་བྱེད་པར་སློབ་མ་རང་ཉིད་ཀྱིས་རང་ཉིད་ལ་དོ་དམ་བྱེད་པའོ།
(༣) བྱ་འགུལ་སྣ་ཚོགས་སྤེལ་ནས་སློབ་མའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱས་ནས་བསམ་བློ་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ།
སློབ་མའི་བསམ་བློ་ཀུན་སྤྱོད་སློབ་གསོ་སྐད་ཡིག་སློབ་ཁྲིད་ལ་བརྟེན་པ་ལས་གཞན། ད་དུང་བྱ་འགུལ་ སྣ་ཚོགས་སྤེལ་བ་རྒྱུད་ནས་ཀུན་སྤྱོད་བློ་སྦྱོང་མཐོར་འདེགས་བྱས་ཆོག་ལ།སློབ་མར་དཔེ་ཚོགས་ངོ་སྤྲོད་བྱེད་པ་ དང་དྲིན་བཟོའི་འཕྲིན་ཡིག་སོགས་འབྲི་རུ་བཅུག་ཏེ་དྲིན་བཟོའི་འདུ་ཤེས་བསྐྱེད་སྲིང་བྱེད་པ་སོགས་ཐབས་ ལམ་རྒྱུད་ནས་བསམ་བློ་ཀུན་སྤྱོད་བློ་སྦྱོང་ལེགས་པོ་ཞིག་གཤིས་རྒྱུད་དུ་ཆགས་པར་བྱ་རྒྱུ།
(༤) རྗེས་ལུས་སློབ་མ་བཟང་འགྱུར་བྱ་བ་དང་སེམས་ཁམས་བདེ་ཐང་སློབ་གསོར་དོ་སྣངབྱེད་དགོས་ལ། དེ་ ཡིས་འཛིན་གྲྭའི་བྱ་བའི་འཕེལ་རྒྱས་ལ་ནུས་ཆེན་པོ་ཐོན་ཐུབ།
སྲིད་པའི་ཁ་དཔེ་ལ།མཛུབ་མོ་ལྔ་བོར་རིང་ཐུང་ཡོད་ཅེས་པའི་དཔེ་ལྟར་ཏུ་རང་གིས་རང་ལ་མཐོང་ཆུང་བྱེད་པ་ནི་རྗེས་ལུས་སློབ་མ་མང་པོ་ཞིག་གི་ཐུན་མོང་ལ་ཡོད་པའི་ཁྱད་ཆོས་ཤིག་རེད། སློབ་གསོ་བྱ་བའི་ཁྲོད་ དུ་ཐབས་རྒྱ་ཇུས་སྟོང་གིས་ཁོ་ཚོའི་ལུས་སྟེང་གི་བཟང་ཆ་བསྔོགས་འདོན་བྱས་ཏེ།ཐབས་ལམ་སྣ་ཚོགས་ཀྱིས་ སྐུལ་མ་བྱེད་པ་དང་གཟེངས་བསྟོད་བྱེད་པ་སོགས་རྒྱུད་ནས་རང་ལ་ཡིད་ཆེས་བའི་བསམ་བློ་སླར་གསོ་བྱེད་རྒྱུ།གལ་ཏེ་སེམས་ཤུགས་འགྱུར་བ་ལྡོག་མ་བྱུང་ཚེ། ཡང་བསྐྱར་འོས་འཚམས་ཀྱི་གོ་སྐབས་བཙལ་བ་དང་ ཐབས་ལམ་གཞན་ཞིག་འཚོལ་ཞིབ་བྱེད་པ། སློབ་མ་འདི་དག་ལ་དམིགས་ནས་ཁྱིམ་ཚང་དུ་འཚམས་འདྲི་དང་ ཁྱིམ་བདག་ལ་སློབ་མའི་གནས་ཚུལ་ཞུ་བ་དང་མཉམ་འབྲེལ་བྱས་ནས་གནད་དོན་འཚོལ་ཞིབ་བྱས་ནས་གནད་ལ་ཁེལ་བའི་སྒོ་ནས་སློབ་གསོ་གཏོང་བ་དང་། སློབ་མ་སློབ་གྲྭ་དང་ཁྱིམ་བདག་གིས་ལྟ་སྐུལ་འོག་ཐུགས་ཁུར་དང་བརྩེ་སེམས་གང་མང་ཞིག་ཐོབ་ཀྱི་ཡོད་པས། རིམ་བཞིན་རང་ལ་རང་གིས་མཐོང་ཆེན་བྱེད་པ་དང་སློབ་ སྦྱོང་བྱེད་འདོད་ཀྱི་བསམ་བློ་ཤུགས་ཇེ་དྲག་ཏུ་སོང་བ་དང་མཉམ་དུ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་སོང་བ་ བསྟུན་ཏེ་འཛིན་གྲྭའི་ཁ་དབུགས་དང་སློབ་སྦྱོང་གི་ཁ་དབུགས་ཀྱང་ཇེ་ལེགས་དང་འཕེལ་རྒྱས་སུ་འགྲོ་ཐུབ་པ་རེད།