logo

ང་དང་མཐར་ཕྱིན་སློབ་ཆེན་པ་འགའི་གླེང་མོལ་ལས་འཕྲོས་པ།

རྩོམ་པ་པོ།:སྒ་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-07 ཀློག་གྲངས།:

            དེ་རིང་མ་གིའི་གླིང་ག་ཞིག་ཏུ་རྐྱེན་དབང་གིས་འཕྲད་པའི་བོད་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་འགའ་དང་མཉམ་དུ་ཕན་ཚུན་ལ་གླེང་མོལ་མི་ཉུང་ཞིག་བྱས་པ་ཡིན།
            ཁོ་ཚོ་སློབ་མཐར་ཕྱིན་ནས་ལོ་ངོ་སུམ་བཞི་རེ་འདས་ཡོད་པ་ཏག་ཏག་ཡིན་ལ།   ལག་ཏུ་གཞུང་ཕྱོགས་ཀྱི་བྱ་བ་མ་ཚུད་པར་སྒེར་གྱི་བྱ་བ་ཙག་ཙིག་རེ་ལས་ཀྱིན་ཡོད་པ་ཏག་ཏག་ཡིན་མོད། དེས་ཁོ་ཚོའི་ཡིད་མ་ཚིམས་པར་ཁོ་ཚོའི་སེམས་གཏིང་དུ་སྡུག་བསྔལ་གྱི་མཚོ་མོ་ཆུང་ཆུང་རེ་འཁྱིལ་འདུག    དེ་བས་བདག་གིས་ཀྱང་ལག་ཏུ་བྱ་བ་མ་རེག་པར་ལྷག་པའི་མཐར་ཕྱིན་སློབ་ཆེན་པ་དེ་དག་གི་ལས་དབང་གི་ཁབ་ཐུག་ཏུ་ལངས་ནས་སྐད་ཆ་འགའ་རེ་བཤད་པ་ཡིན། 
            སྤྱིར་བཏང་མི་རེ་རེའི་སེམས་ནང་དུ་སྡུག་བསྔལ་མེད་པ་ཞིག་མི་ཟད་པའི་ཚོད་དུ་འདུག   དེ་ནི་མི་རེ་རེའི་བསམ་བློ་དང་འདོད་པ་ལ་ཚད་ཐིགས་མེད་ལ། འདོད་པ་དེའི་སྟེང་དུ་ཡོང་མི་ཡོང་བརྒྱ་ཆའི་བརྒྱར་ཡང་ཚད་ཐིགས་མེད་ལ། དེར་ཚད་ཐིགས་ཡོད་སྲིད་པ་ཞིག་ཀྱང་མ་རེད།  དེས་ན་འདོད་པ་མི་འགྲུབ་པ་དེས་མིའི་སེམས་ཁམས་སུ་སྡུག་བསྔལ་ནི་ན་བུན་བཞིན་འཐིབས་ནས་ཡོང་གིན་འདུག    སློབ་ཆེན་པ་འདི་དག་གི་སེམས་ཀྱི་སྡུག་བསྔལ་ཡང་ཕར་དེད་ན་གོང་དུ་བཤད་མ་ཐག་གི་སྡུག་བསྔལ་འདི་ལས་མ་འདས་ཀྱང༌།  ཁོ་ཚོར་མཚོན་ན་སྤྱི་ཚོགས་ཀྱི་མི་ཁ་ནག་པོ་དེས་བཙུར་བ་ཤུགས་ཆེ་བར་སྙམ་གྱི་འདུག
            སློབ་ཆེན་མཐར་ཕྱིན་པ་འདི་དག་གིས་གླེང་ཕྱོགས་ལ་བལྟས་ཡོང་ན། ཁོ་ཚོའི་ལག་ཏུ་གཞུང་ཕྱོགས་ཀྱི་བྱ་བ་ཞིག་མ་རེག་པ་ཡིན་ན།  སློབ་ཆུང་ནས་སློབ་ཆེན་མཐར་ཕྱིན་པའི་བར་གྱི་སློབ་ཡོན་སོགས་སྒོར་མོའི་ཆ་རྐྱེན་བསྐྲུན་པའི་ཕ་མ་ཡུལ་མི་དག་གི་འདོད་བློ་ཚིམས་ཐུབ་ཀྱི་མེད་པ་མ་ཟད། དེ་བ་ཚང་གི་ཞི་ལི་དེས་སློབ་གྲྭ་བཏོན་བཏོན་ནས་རྔ་མ་གྲོང་ཁྱེར་ན་ཅི་བྱེད་འདུག་ཅི་ཤེས་སོགས་སྤྱི་ཚོགས་ཀྱི་མི་ཁ་ནག་པོ་དེས།  ལྗིད་ལྗིད་ཏིག་ཏིག་གི་ཁུར་གྱིས་མནན་པའི་བོད་ཀྱི་སློབ་ཆེན་མཐར་ཕྱིན་པ་ཚོའི་བསམ་བློ་མར་མནན་ནས་ཐ་ན་འཇིག་རྟེན་འདི་ནས་འཚོ་དཀའ་བའི་གནས་སུ་བསྐྱལ་འདུག 
            འདི་ལ་ཞིབ་ཏུ་འདང་རེ་བརྒྱབས་ན། རང་ཡུལ་གྱི་ཡུལ་མི་དག་གི་བསམ་བློ་དང་དེང་རབས་དང་མ་འཚམ་པའམ་དེང་རབས་སྤྱི་ཚོགས་ཀྱི་རྗེས་མ་ཆོད་པས་རེད་སྙམ།   ཕ་ཡུལ་དང་གྲོང་ཁྱེར་གྱི་མིའི་ཧམ་པ་ནི་ཕལ་ཆེར་འདྲ་འདྲ་ཡིན་ཡང༌། ཕ་ཡུལ་གྱི་རང་མི་དག་གིས་སྒོར་མོ་ལ་ཧམ་པ་ལང་གིན་འདུག་མོད། ལག་ཏུ་ལས་རྒྱུ་ཅང་མ་རེག་པའམ། ཅི་ལས་དགོས་པ་མ་ཤེས་པར་ལག་སྟོང་དུ་ལུས་འདུག་མོད། གཞན་གྱིས་ལས་ཀ་རེ་ལས་པ་ཡིན་ན་དེ་ལ་འཕྱ་སྨོད་དང་ཟུར་ཟ་བྱེད་ཀྱིན་ལག་སྟོང་དུ་ལུས་འདུག
            གྲོང་ཁྱེར་དུ་ཡོང་ནས་བལྟས་ན་སྒོར་མོ་གཉེར་སྟངས་མང་བོ་ཞིག་ཕ་ཡུལ་དུ་ལྷག་ནས་བསྡད་ཡོད་མོད། 《གྲོང་ཁྱེར་དུ་ཐ་ན་གད་སྙིགས་བཏུས་ནས་ཕྱུག་ཆེན་ཉན་འདུག》འོན་ཀྱང་ང་ཚོས་མ་ཤེས་པའི་འཕྱ་སྨོད་ལ་མགོ་སྒུར་ནས་ལས་ཀ་མང་བོ་ཞིག་གི་ཕུད་མི་རིགས་གཞན་པར་རོལ་ཏུ་བཅུག་རྗེས། ད་གཟོད་ལྷག་རོ་ལ་ཧམ་ཐོབ་རྒྱག་གིན་འདུག
            ངས་བསམ་ཚོད་ལ་བོད་ཀྱི་སློབ་ཆེན་པ་དག་གིས་མི་ཁ་ནག་པོ་འདི་ལ་གདོང་མཆོངས་ཐུབ་དགོས་ལ། བོད་སྤྱི་ཚོགས་ཐོག་གི་ཤེས་ལྡན་པ་དག་གིས་ཀྱང་འདི་དག་ལ་རྒྱབ་སྐྱོར་བྱེད་དགོས་འདོད།  དེ་ལྟ་མ་ཡིན་ན་མི་ཚེ་ཕྱེད་ཀྱི་རིང་ལ་སློབ་སྦྱོང་བྱས་པའི་འབྲས་བུ་དེས། མ་མཐའ་ཡང་རང་གི་འཚོ་ལམ་ཙམ་ཐེག་གཅོད་བྱེད་མ་ཐུབ་ན་ཤིན་ཏུ་ཡིད་ཕངས་པའི་གནས་ཅིས་མ་ཡིན།
            བོད་ཀྱི་སློབ་ཆེན་མཐར་ཕྱིན་པ་ཞིག་ཡིན་ན། ངེས་པར་དུ་གཞུང་ཕྱོགས་ཀྱི་བྱ་བ་ཞིག་ལག་ཏུ་མ་རེག་ཚེ། བྱ་བ་གཞན་ལས་རྒྱུ་མེད་པ་ཞིག་གཏན་ནས་མ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།