logo

བརྡ་སྤྲོད་ཀྱི་གལ་གནད་འགར་ལན་བཏབ་པ།

རྩོམ་པ་པོ།:རླུང་ནག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-27 ཀློག་གྲངས།:

 

རོང་པོ་བློ་བཟང་སྙན་གྲགས་ཀྱིས་དྲིས་ལན་བཏབ་པ།

༡ དྲི་བ།  སུམ་ཅུ་པའི་རྩ་བ་འདི་བསྟན་འགྱུར་ཁྲོད་བཞག་པ་དང་། འགྱུར་ཕྱག་མཛད་པ་སོགས་ཀྱི་རྒྱུ་མཚན་ཅི་ཡིན་ཞེས་དྲི་བ་ཕེབས་ཐད།

ལན།  སུམ་ཅུ་པའི་རྩ་བ་འདི་བསྟན་འགྱུར་ཁྲོད་བཞག་པ་ནི། སློབ་དཔོན་ཐོན་མིས་དང་པོར་རྒྱ་གར་སྐད་དུ་བརྩམས། དེ་ནས་རང་འགྱུར་དུ་མཛད་པས། དེ་ལ་འགྱུར་ཕྱག་ཏུ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཞེས་འབྱུང་བ་ཡིན་ཞེས་འདོད་པ་རྣམས་ཀྱི་ལྟར་ན། བསྒྱུར་གཞུང་དུ་བཞེད་ཀྱི་ཡོད་དམ་སྙམ། ཡང་། ཞྭ་ལུ་ལོ་ཆེན་གྱི་འགྲེལ་བར་འགྱུར་ཕྱག་ཏུ་མ་ཟད། རྒྱ་བོད་ཀྱི་སྐད་ཤན་སྦྱར་བའི་མཚན་སྨོས་པ་ཡང་མེད་པ་དང་། གསེར་ཏོག་དང་ཨ་ལ་ཤ་ལྷ་རམས་པ་གཉིས་ནས་དེ་ལ་འགྱུར་ཕྱག་གི་མིང་མི་འདོགས་ཞེས་ནན་ཏན་དུ་གསུངས་ཤིང་། བསྒྱུར་གཞུང་ཡིན་པར་འདོད་པ་རྣམས་ཀྱི་ལྟར་ན། སྨྲ་བའི་དབང་ཕྱུག་སོགས་འགྱུར་ཕྱག་གི་ཚུལ་དུ་ཕྱག་མཛད་པ་ལས། འགྱུར་ཕྱག་མིན་ཞེས་འདོད་པ་རྣམས་ཀྱང་ཤེས་དགོས་སོ། །

༢ དྲི་བ།  ཐོན་མིས་ཡི་གེ་གསར་བཟོ་མཛད་སྐབས་བསྣན་ཡིག་འདོད་ཚུལ་ལ་མི་མཐུན་པ་བྱུང་བ་གང་འཐད་ཕྱོགས་སུ་བཟུང་ན་ཁུངས་སྐྱེལ་བྱེད་ཐུབ་ཅེས་དྲི་བ་ཕེབས་ཐད།

ལན། ངག་རྒྱུན་དུ་སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་མཛད་སྐབས། བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་འགའ་ཞིག་ཕྱག་ཐོགས་པ་ན། མི་ཞིག་དང་གཏམ་འཕྲོས་མཛད་པར། སློབ་དཔོན་གྱིས་ཁྱེད་གང་ནས་བྱོན་བྱས་པར། དེ་ན་རེ། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས། ཇ་ཉོ་རུ་འགྲོ། ནམ་སླེབས་བྱས་པས་ཅི་ཆ་ཟེར། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་ནས། ཞང་ཞུང་ཞེས་པས་ཞ་ཡིག་སྣོན་དགོས་པ་ཐུགས་ལ་ཤར། དེ་བཞིན་འོངས་ཞེས་པས་འ་དང་། ཟ་ཧོར་ཞེས་པས་ཟ་དང། ཇ་ཞེས་པས་ཇ་དང་། ཅི་ཆ་ཞེས་པས་ཅ་དང་། ཆ་རྣམས་བོད་ཡིག་ཏུ་སྣོན་དགོས་པར་དགོངས་ནས། ཀ་ཁའི་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་ཨ་ལ་ཤས་ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་བཀོད་འདུག་པ་དེ་ཙམ་ལས་གཞན་ཁུངས་སྐྱེལ་འཕེར་ངེས་ཀྱི་ཡིག་ཆ་ཞིག་མ་མོང་ངོ་། །

༣ དྲི་བ། སྤྱིར་རྣམ་དབྱེའི་གོ་དོན་དང་། ཨུཏྤལ་སྔོན་པོ། བོད་དག ལྷ་ཆེན་པོ་ཞེས་པ་ལྟ་བུ་རྣམ་དབྱེ་བརྒྱད་པོ་གང་གི་ཁོངས་སུ་གཏོགས་ཞེས་དྲི་བ་ཕེབས་ཐད།

ལན།  སྤྱིར་རྣམ་དབྱེ་ཞེས་པའི་གོ་དོན་ནི། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ། གཞན་དང་མ་འདྲེས་པར་རྣམ་པར་ཏེ། སོ་སོར་དབྱེ་ཞིང་འབྱེད་པའི་སྒྲའི་ཆ་ཤས་སུ་གྱུར་བའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཟེར་ཞིང་། དཔེར་ན། ཨུཏྤལ་དང་། བོད། ལྷ་ཞེས་པ་རྣམས་ལ་ཡང་རང་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ཤིག་ཡོད་པར་ཁས་ལེན་དགོས་པ་ལྟ་བུ་ཡིན། ཨུཏྤལ་ལ་ཁ་དོག་གི་ཁྱད་པར་སྦྱར་ནས་ཨུཏྤལ་སྔོན་པོ་དང་། བོད་ལ་གྲངས་ཀྱི་ཁྱད་པར་སྦྱར་ནས་བོད་དག་ཅེས་པ་དང་། ལྷ་ལ་ཆེ་ཆུང་གི་ཁྱད་པར་སྦྱར་ནས་ལྷ་ཆེན་པོ་ཞེས་པ་ལྟ་བུ་རྣམས་མིང་ཚིག་གཉིས་སུ་ཕྱེ་བའི་ཚིག་ཡིན་ཀྱང་། རྣམ་དབྱེ་དང་པོའི་ཁོངས་སུ་གཏོགས་པ་མི་འགལ་ལོ། ། འོ་ན། རྣམ་དབྱེ་དང་པོ་ལ་རྟགས་འཇུག་གི་ཐད་དུ་ཆོས་དངོས་ཞེས་བརྗོད་པ་དང་། མིང་ཙམ་བརྗོད་ པ་ཞེས་པ་དང་། ངོ་བོ་ཙམ་བརྗོད་པ་ཞེས་ཙམ་སྒྲ་སྦྱར་བ་ཅི་ཡིན་སྙམ་ན་ཙམ་སྒྲས་གཅད་བྱ་ནི། འདིར་རྣམ་དབྱེ་གཞན་གྱི་ཁྱད་པར་སྦྱར་བ་དེ་གཅོད་པས། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་དང་། རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཞེས་པ་གཉིས་ལ་ཁྱད་པར་ཅུང་ཟད་འབྱེད་དགོས་པ་ནི། བརྒྱད་པ་བོད་པ་རྣམ་དབྱེ་དང་པོའི་ཁོངས་གཏོགས་སུ་གསུངས་པ་དེས་ཀྱང་ཤེས་པའི་ཕྱིར་དང་། མིང་ལ་རྫོགས་ཚིག་གི་ཁྱད་པར་སྦྱར་བ་རྣམས་ཀྱང་རྣམ་དབྱེ་དང་པོ་ཡིན་ཏེ། པྲ་སྟིས། ལེགས་སྦྱར་སྐད་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སྦྱར་ན། མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྲུབ་པ་ཡིན་ཀྱང་། བོད་འདིར་མིང་ཙམ་ཁོ་ན་ལ་རྣམ་དབྱེ་དང་པོ་ཞེས་བྱ་ཞིང་། རྫོགས་ཚིག་སྦྱར་ཡང་མིང་ཙམ་ལས་ཚིག་ཏུ་མི་འགྲུབ་བོ། །དེའི་ཕྱིར་བུམ་པའོ། །ཞེས་བྱ་བ་ཡང་རྣམ་དབྱེ་དང་པོའི་གཅིག་ཚིག་ཁོ་ནའོ། །ཞེས་དང་། སི་ཏུས། མིང་ལ་ནི། བདག་གཞན་དང་། དུས་གསུམ་གྱི་དབྱེ་བ་ཅན་རྣམས་དང་། མིང་རྐྱང་ཡང་རུང་སྟེ་ཁྱད་པར་མེད་དོ། ། ཞེས་གསུངས་པ་རྣམས་ལ་དགོངས་པ་བཞེས་དགོས།

༤ དྲི་བ། རྣམ་དབྱེ་གཉིས་པའི་སྐབས་སུ་ལས་ཀྱི་དོན་ཅན་དུ་གྱུར་བ་དང་། ལས་སུ་བྱ་བ་སོགས་ཀྱི་ལས་ཞེས་པ་དེ་བྱ་བའི་ཡུལ་དང་། བྱ་བ་གང་ལ་ངོས་འཛིན་ཞེས་དྲི་བ་ཕེབས་ཐད།

 ལན། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཞེས་པ་ནི། ལས་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་། གཙོ་བོར་ལས་ལ་ཉེ་བའི་རྣམ་དབྱེ་ཡིན་ལ། ལས་ཀྱི་དོན་ཅན་ཞེས་པ་ནི། ལས་ཚིག་གི་དོན་ཡོད་པ་ཅན་ཏེ། དུས་གསུམ་གང་རུང་གི་ལས་ཚིག་ཡོད་པ་ཞིག་ཅེས་པའི་དོན་ཡིན། དཔེར་ན། ནང་དུ་འགྲོ། ནང་དུ་འོང་། ནང་དུ་སོང་། ལྟ་བུ་བྱ་བའི་ཡུལ་ལ་བྱ་བ་ཞིག་བྱེད་པར་འགྱུར་བའམ། བྱེད་བཞིན་པའམ། བྱས་ཟིན་པ་སོགས་ལས་ཚིག་ཡོད་པ་སྟེ། འདིའི་ལས་ཚིག་ནི་རྟགས་འཇུག་སྐབས་ཀྱི་བྱ་བའི་ལས་མ་འོངས་པ། བྱེད་པའི་ལས་ད་ལྟ་བ་ཟེར་བ་དང་མི་འདྲའོ། །དེས་ན། ལས་སུ་བྱ་བ་ཞེས་པའི་ལས་ཞེས་པ་དེ་ཡང་བྱ་བའི་ཡུལ་དང་བྱ་བ་མ་འོངས་པ་སྟོན་པ་ཙམ་ལ་གོ་རྒྱུ་མ་ཡིན་པར་བྱ་བའི་ཡུལ་ཞིག་ལ་བྱ་བ་ཞིག་བྱས་པའམ། བྱེད་པའམ། བྱེད་འགྱུར་མ་འོངས་པ་སྟོན་པའི་ལས་ཚིག་ཡོད་པའི་རྣམ་དབྱེ་དེ་ལ་གོ་དགོས་སོ། །

༥ དྲི་བ།  སྨྲ་སྒོ་མཁན་པོས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པར་གསུངས་པའི་ཁུངས་གང་ལ་གཏུགས་ཞེས་དྲི་བ་ཕེབས་ཐད།             

ལན།     བརྡ་སྤྲོད་མཁས་པ་མང་པོས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པར་སྨྲ་སྒོའི་ལུང་དྲངས་ནས་འཆད་འདུག་ཀྱང་། ཕྱི་རྩོམ་གྲགས་ཅན་ཐོན་མིའི་ཞལ་ལུང་དུ། སོ་ན་གནས། བདེ་ཐོག་ན་ཡོད། བཞག་ས་ན་ཡོད། ཇེ་སྡུག་ལ་སོང་སོགས་ན་ལ་གཉིས་དེ་ཉིད་ལ་འཇུག་པའི་དཔེ་བརྗོད་ཁ་གསལ་ཅན་བཀོད་འདུག་པ་ནི་དོན་ལ་གནས་པས། སྨྲ་སྒོ་མཁན་པོས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་ཅེས་པ། དཔེར་ན། ཡོངས་སུ་གསལ། ཀུན་ཏུ་གྲགས་ལྟ་བུ་དེ་ཉིད་ལ་འཇུག་ན་ཡང་། སུ་དང་ཏུ་ལྟ་བུའི་ལ་དོན་གྱི་ཕྲད་བརྗེས་ཏེ་ཡོངས་ལ་གསལ། ཀུན་ན་གྲགས་སམ། ཀུན་ལ་གྲགས་ཞེས་བརྗོད་ན། ཡོངས་དང་ཀུན་ཞེས་པ་དེ་གང་ཡིན་ས་ལ་ཞེས་པ་དང་། ག་ས་ག་ལ་ཞེས་པའི་དོན་དུ་འགྲོ་བ་དང་། ལས་དང་བྱ་བ་ཐ་དད་དུ་གྱུར་པས་དེ་ཉིད་ལ་མི་འགྲོ་བས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་ཅེས་པ་ཡང་། ལ་དོན་གྱི་ཕྲད་གཞན་ནང་བཞིན་དེ་ཉིད་ལ་མི་འཇུག་ཅེས་པའི་དོན་ཏེ། གཡས་སུ་སྡོད་ཅེས་པའི་སུ་ཡི་ཚབ་ཏུ་ན་ལ་རིམ་པར་སྦྱར་ཏེ་གཡས་ན་སྡོད་དང་། གཡས་ལ་སྡོད་ཅེས་ན་ལ་གང་སྦྱར་ཡང་སུ་སྦྱར་བ་དང་འདྲ་བར་གཉིས་པ་སྟོན་པ་ལ་ཁྱད་པར་མེད་ཀྱང་གོང་གསལ་དཔེར་བརྗོད་ལྟ་བུ་ལ་དེ་ལྟར་སྦྱར་ན་དེ་ཉི་ལ་དེ་མི་འཇུག་པ་འདི་འདྲ་ལ་དགོངས་ནས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་ཅེས་གསུངས་པ་ཡིན་སྙམ།

༦དྲི་བ། ཚེ་སྐབས་བདུན་པའི་ནང་ཚན་དང་བྱེ་བྲག་ཏུ་བགྲང་བ་འགྲིག་གམ། འགྲིག་ན་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲི་བ་ཕེབས་ཐད།

 ལན།  རྣམ་དབྱེ་བདུན་པ་ནི། གནས་དང་གནས་པའམ། རྟེན་དང་བརྟེན་པ་སོ་སོར་འབྱེད་ཅིང་། གཙོ་བོར་གནས་དང་རྟེན་ལ་ཉེ་བའི་རྣམ་དབྱེ་ཡིན་ཞིང་། ཚེ་སྐབས་ནི། ཚེ་དང་སྐབས་ཞེས་ཐོབ་པ་མང་པོར་དེའི་ཚབ་ཏུ་ལ་དོན་གྱི་ཕྲད་བཀོད་པ་ལ་ཟེར་བས། ཚེ་སྐབས་ནི་དུས་ལ་བརྟེན་པའི་དོན་ཅན་ཡིན་པས། རྟེན་པའི་དོན་ཅན་དུ་བསམས་ནས་ཚེ་སྐབས་ཀྱི་ནང་ཚན་ནམ་བྱེ་བྲག་ཏུ་བགྲང་བ་ཡིན་ནམ་སྙམ། འོན་ཀྱང་། གནས་ལྔ་རིག་པའི་པཎ་ཆེན་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས། ཚེ་སྐབས་རྣམ་དབྱེ་བདུན་པའི་ཁོངས་སུ་བསྡུ་ཞེས་པ་བཞད་གད་ཀྱི་གནས་སུ་གསུངས་པ་ནི། ཚེ་སྐབས་བདུན་པ་དངོས་མ་ཡིན་པའི་ཆ་ནས་དེ་ལྟར་གསུངས་སོ། །

༧ དྲི་བ། དགར་བ་ལ་རྫས་དགར་བ་ཡོད་མིན་དང་། ཡོད་ན་རྫས་ཀྱི་སྒོ་ནས་དགར་ན་རྫས་དགར་བར་འདོད་དམ། ཡང་ན། རྫས་རྐྱང་བ་དགར་བ་ཞིག་འཇོག་རྒྱུ་ཡོད་ཅེས་དྲི་བ་ཕེབས་ཐད།

ལན། དགར་བ་ལ་རྫས་དགར་བ་ཡོད་ཅིང་། དེ་ཡང་རྫས་ཀྱི་སྒོ་ནས་དགར་བ་ལ་རྫས་དགར་བ་ཟེར་དགོས། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་རྣམས་སུ་རིགས་དང་། བྱ་བ། ཡོན་ཏན་གསུམ་ལས་རྫས་དགར་བ་མ་བཤད་པ་དང་རྫས་རྐྱང་བ་དགར་བ་མི་སྲིད་ཅེས་འབྱུང་བ་ནི་དཔེར་བརྗོད་ཀྱི་མཚོན་བྱེད་ཙམ་ལས། རྫས་དགར་བ་མི་འདོད་པ་མིན་པ་ནི། སྙན་ངག་མེ་ལོང་གི་རྫས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་ལ་གཟིགས་ན་མཁྱེན་ངེས་ཤིང་། དཔེར་ན། ཁང་བཟང་མང་པོ་ལས་གསེར་ཏོག་ཅན་དེ་ནི་དགེ་འདུན་གྱི་འདུ་ཁང་ཡིན་ནོ། །ཞེས་པ་ལྟ་བུ་དང་། ལྷའི་ནང་ནས་བགྲང་ཕྲེང་འཛིན་པ་ནི་སྤྱན་རས་གཟིགས་ཡིན་ནོ། །ཞེས་པ་ལྟ་བུ་རྫས་ཀྱི་སྒོ་ནས་དགར་བ་ཡིན་ནོ། ། འོན་ཀྱང་རྫས་རྐྱང་བ་དགར་བ་ཞིག་འཇོག་དཀའ་སྙམ།

དགའ་ཤར་སོག་པ་ཁམས་ཚན་གྱི་སློབ་གཉེར་བ་འགའ་ཤས་ནས་སུམ་ཅུ་པའི་དྲི་བ་བཏང་བའི་ལན།


འབྲེལ་ཡོད་འོས་སྦྱོར།