དགེ་རྒན་དང་སློབ་མ།
འོད་ཟེར་འཚོལ་བའི་སློབ་མ་ལ་རྨོངས་མུན་འཇོམས་པའི་དགེ་རྒན་མཁོ།
སློབ་མ་ནི་དགེ་རྒན་གྱི་མི་ཚེའི་དམིགས་ཡུལ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་སའི་ཞིང་ས་ལྟ་བུ་ཡིན་པས། སློབ་མའི་ཕུགས་འདུན་དང་རེ་བ་ཡོད་ཚད་དགེ་རྒན་ལ་བཅིངས་ཡོད། དགེ་རྒན་ནི་སློབ་གསོ་བྱེད་མཁན་དང་སློབ་མ་ནི་སློབ་གསོ་མྱོང་མཁན་ཡིན་པས་དགེ་སློབ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་དང་བརྩི་འཇོག་ཏེ་ཕྱོགས་གཉིས་ལ་ཤ་ཚ་ཞིང་སྙིང་ཉེ་ན་ད་གཟོད་མཆོག་ཏུ་འགྱུར་བའི་བྱ་བ་ཞིག་མངོན་འགྱུར་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད།
དགེ་རྒན་ནི་ཤེས་བྱ་སྤྲོད་རྒྱུ་ཙམ་མིན་པར་དེ་ལས་ལྷག་པའི་འགན་ཞིག་ཁྱེར་ཏེ་ཕྲུ་གུའི་མི་ཚེའི་མདུན་ལམ་ལ་སློབ་སྟོན་བྱས་བ་ཡིན་ན། སློབ་ཕྲུག་རྣམས་ཀྱིས་དགེ་རྒན་དེར་ཡིད་ཆེས་དང་གུས་ཞབས་ཞུ་བ་མ་ཟད། གང་ཞིག་བསླབས་པ་དེ་རྣམས་ཀྱང་ཕྲུ་གུའི་བསམ་བློ་བརྟན་པོ་གནས་ཐུབ་ཅེས་གསུངས་ཡོད།
དགེ་རྒན་ཞིག་ཡིན་ན་རང་ཉིད་ཀྱི་གཤིས་ཀ་དང་ཀུན་སྤྱོད། ངག་གི་སྨྲ་བརྗོད་དང་ལུས་ཀྱི་སྤྱོད་སྟངས་སོགས་ཕྱོགས་ཐམས་ཅད་ནས་རང་སྐྱོན་ཡོ་བསྲང་བྱས་ཏེ་མིག་མདུན་གྱི་མི་རབས་གསར་བའི་སློབ་མ་དག་ལ་མིག་དཔེ་བཟང་བོའི་སྣེ་ཁྲིད་བྱས་ནས། མ་འོངས་བར་ཡོན་ཏན་ལྡན་ལ་ཀུན་སྤྱོད་ལེགས་པའི་མི་བུ་ཞིག་བསྐྱེད་བསྲིང་བྱེད་རྒྱུ་དེ་དགེ་རྒན་ཞིག་གི་ཐོག་མའི་ཡིད་འཛིན་ཡིན། དགེ་རྒན་གྱི་མིང་ཞིག་ཐོགས་པ་ཧ་ཅང་སླ་མོ་ཞིག་ཡིན་མོད། མིང་དོན་མཚུངས་བའི་དགེ་རྒན་ནི་ལས་སླ་མོ་ཞིག་གཏན་ནས་མིན། གང་ཡིན་ཞེ་ན། སངས་རྒྱས་ཆོས་གཞུང་ལས། དགེ་རྒན་ལ་ཡོན་ཏན་བཅུ་གསུངས་ཡོད་པ་འདི་ལྟར། ལུས་ངག་གི་སྦྱོད་ལམ་དུལ་བ། ཉོན་མོངས་མེད་པ་དང་དོན་མེད་ཀྱི་བྱ་བའི་མི་གཡེངས་བ། སློབ་མ་ལས་ཡོན་ཏན་ལྷག་པ། བརྩོན་འགྲུས་ལྡན་པ། མང་དུ་ཐོས་ཤིང་ལུང་རིགས་ལ་མཁས་བ། བསླབ་བྱའི་ཡོན་ཏན་ལ་སྒྲོ་གཏོགས་ཆོད་པ། སྨྲ་མཁས་བ་དང་དཀའ་ངལ་ལ་བཟོད་བསྲན་བྱེད་པ་བཅས་སོ།
གཞན་སུའུ་ཧུའི་མུའུ་ལིན་སི་ཅིས། བཤེས་གཉེན་བཟང་བོས་རང་གི་སློབ་མར་བདེན་དོན་སློབ་ཁྲིད་གནང་ཞིང། བདེན་དོན་ལ་རྣམ་འགྱུར་འཛིན་སྟངས་ཀྱང་སློབ་ཁྲིད་གནང་ནས་སློབ་ཕྲུག་ཚོར་བྱ་བ་བཟང་བོ་བསྒྲུབ་དགོས་བ་དང་། བྱ་བ་བཟང་པོར་ཡིད་སྨོན་སྐྱེ་དགོས་བའི་སྐུལ་འདེད་གནང་ཐུབ་པ་མ་ཟད། བྱ་ངན་ལ་འཛེམས་མེད་འགོག་རྒོལ་ཁ་རྡུང་བཏང་དགོས་བའི་ཀུན་སློང་གནང་ཐུབ་ཅེས་གསུངས། དེའི་ཕྱིར་དགེ་རྒན་ལ་གཞན་ལས་འཕགས་པའི་བསམ་བློ་དང་ཡོན་ཏན། ཀུན་སྤྱོད་དང་མི་གཤིས། བྱམས་བརྩེ་དང་ལྷག་བསམ་ལྡན་དགོས་བས་དགེ་རྒན་ཀྱིས་ངག་འཇམ་ཞིང་སྙན་པའི་སྒོ་ནས་བསླབ་བྱ་གཏོང་བ་དང་ཤེས་བྱ་ཁྲིད་པ། ཕྱིའི་ཀུན་སྤྱོད་ལེགས་པོ་བསྟན་ཏེ་སློབ་མའི་རྒྱུད་ལ་མིག་དཔེ་བཟང་བོས་མི་གཤིས་ལེགས་པོ་སྟོན་པ། བྱམས་དང་བརྩེ་བའི་ངང་ནས་མིག་མདུན་གྱི་སློབ་མ་རེ་རེའི་མི་གཤིས་དང་སློབ་སྦྱོང་ལ་བསམ་བློ་བཏང་སྟེ་བྱིས་པའི་སེམས་ཁམས་ལ་དྲོད་ཁོལ་སྟེར་བ། ད་དུང་ཕ་མས་བུ་ལ་དུང་བ་ལྟ་བའི་བརྩེ་བ་ཟབ་མོའི་ཀུན་ནས་བླངས་ཏེ་སློབ་བུ་སྐྱོང་བ་ནི་དགེ་རྒན་ཞིག་གི་བླ་མེད་ཀྱི་ཁྱད་ཆོས་ཡིན། ཨའེ་ར་ཝེ་ཞིའུ་ཡིས། ཕྲུ་གུ་དཀྱུས་མ་ཞིག་ཡིན་ནའང་སློབ་གསོ་ཡག་པོ་ཞིག་བྱུང་ཚེ་ཕུལ་བྱུང་གི་མི་སྣ་ཞིག་ཆགས་ཐུབ། ཅེས་གསུངས་བ་འདི་ལའང་དགེ་རྒན་གྱི་མཚན་ཉིད་ཡོངས་སུ་ཚང་ཞིང་སྙིང་རྗེ་དང་ལྷག་བསམ་གྱི་ཀུན་ནས་བརྒྱན་པས་མི་གཤིས་ལེགས་པོ་ཞིག་ལ་རགས་ལས་ཡོད། སློབ་མ་ནི་མེ་ཏོག་གསར་སྐྱེས་ཤིག་ཡིན་པས་མི་འདོད་སད་སེར་གྱི་ཐན་པ་སྔོན་འགོག་བྱེད་དགོས་བ། འཚར་ལོངས་ཀྱི་བརྒྱུད་རིམ་དང་སྐྱེས་སྟོབས་ཀྱི་ཁམས་ལ་བསྟུན་ནས་ལེགས་པོར་སྐྱེད་བསྲིང་བྱེད་རྒྱུ་ནི་དགེ་རྒན་ཞིག་གི་མཆོག་འགྱུར་གྱི་འོས་འགན་ཏུ་བརྩི་དགོས།
གང་ལྟར་མི་སུ་དང་སུ་ཡིན་ཡང་རང་ཉིད་ལ་འོས་ཤིང་འཚམས་པའི་བྱ་བ་ཞིག་ཡོད་ན། དེ་ཉིད་ཁུར་དུ་མ་སོང་རྒྱན་དུ་སོང་ནས་གཙུག་ཏུ་བཟུང་སྟེ་ཡིད་ཆེས་དང་འབད་པས་སྒྲུབ་ན་འབྲས་བུ་ལེགས་པོ་ཞིག་འབྱུང་བ་སྨོས་མ་དགོས།
དུས་གསར་ཕྲག་དོག་རྒོད་པའི་དུས།།
ཕན་འདོད་འདུན་པའི་ངན་ལ་ཕན།།
འོན་ཀྱང་རང་སེམས་གཙང་མ་འདིས།།
ན་མཉམ་དག་ལ་སེམས་ཤིག་བསྟན།།
ཞེས་བ་འདི་ནི་མི་ཞིག་ཡིན་ལ་དོན་ཞིག་མེད་པའི་གཡུ་སྒང་ཕོ་ཉས་རང་ཉིད་ལོ་འགའ་ལ་དགེ་རྒན་ཞིག་གི་མིང་བྱུང་ཁུར་བའི་མྱོང་ཚོར་ཙམ་བྲིས་བ་ཡིན་པ་ལས་གཞན་གྱིས་བསྟོད་པ་ཞིག་གི་ཆེད་དུ་གཏན་ནས་མིན།
༢༠༡༡.༣.༢༦ཉིན