སྐད་བརྡའི་བཀོལ་སྤྱོད་སྐོར་གྱི་རིན་ཐང་གླེང་བ།
དེ་ཡང་རང་རེའི་བོད་སྐད་འདི་ཉིད་ཀྱང་འཛམ་གླིང་གི་སྐད་རིགས་གཞན་ཀུན་དང་འདྲ་བར་ཁོར་ཡུག་དང་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་བྱུང་བ་དང་། རྒྱས་པ། ཕུན་སུམ་ཚོགས་པར་གྱུར་ཏེ་རང་རེའི་ཐུན་མོང་གི་ཕ་སྐད་དུ་གྲུབ་པ་ནི་བསྙོན་དུ་མེད་ལ། མར་ཁི་སིས་མི་རིགས་ཀྱི་སྐད་རྣམས་གཅིག་གྱུར་ཆགས་པའི་འགྲོ་ལམ་སྐོར་གསུངས་དོན“ས་ཕྱོགས་ཀྱི་སྐད་རྣམས་གཅིག་ཏུ་གྱུར་ནས་མི་རིགས་ཀྱི་སྐད་ཐུན་མོང་བ་ཞིག་བྱུང་བ་ནི་དཔལ་འབྱོར་དང་ཆབ་སྲིད་གཅིག་ཏུ་གྱུར་བ་ལ་རག་ལས”ཞེས་པ་སྔར་རང་མི་རིགས་ཀྱི་སྐད་འདི་ཡང་ཀྱག་ཀྱོག་གི་འཕེལ་རིམ་རིང་མོའི་ཁྲོད་དར་རྒྱས་ཀྱི་ལམ་དུ་ཕྱིན་པ་དང་། ལྷག་པར་དུ་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་པ་དང་། སློབ་དཔོན་ཐོན་མིས་རང་སྐད་ཀྱི་རྩ་བའི་ཀྱད་ཆོས་གཞིར་བཟུང་ནས་ཕལ་སྐད་དང་མཐུན་ཆེ་ཞིང་སློབ་བདེ་བ་དང་ཁྱབ་ཆེ་བ། བརྡ་སྤྲོད་ཀྱི་ཐབས་ལམ་གཅིག་གྱུར་དང་ཚད་ལྡན་ཡིན་པའི་ཡི་གེ་གསར་བཟོ་གནང་བར་མ་ཟད། སྔ་ཕྱིར་བཀད་བཅད་ཐེངས་གསུམ་སོགས་བྱས་པ་བརྒྱུད་ནས་རང་རེའི་འཐུས་ཚང་བའི་ཡིག་ཐོག་གི་སྤྱི་སྐད་འདི་ཉིད་གྲུབ་པ་རེད།
སྤྱིར་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ནའང་། སྲིད་འབྱོར་རིག་གསུམ་གོང་དུ་འཕེལ་བ་ལ་ཆེས་མེད་དུ་མི་རུང་བ་ནི་སྐད་དང་ཡི་གེ་སྟེ། དེི་ནི་འགྲོ་མིའི་ཆེས་རྩ་བར་གྱུར་བའི་འབྲེལ་འདྲིས་ཀྱི་ཡོ་བྱད་ཉག་གཅིག་ཡིན་ལ། སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེག་རྒྱས་ཀྱི་ཡང་རྩེར་སོན་ཀྱང་སྐད་དང་ཡི་གེ་ནི་ནམ་ཡང་རྨང་གཞི་གཙོ་བོ་ཡིན། དེ་ལ་བརྟེན་ནས་ད་གཟོད་རིག་གནས་ནང་འདྲེན་དང་བསམ་བློ་བརྗེ་རེས། གསར་གཏོད་གསར་སྤེལ་སོགས་ཀྱི་བྱ་གཞག་འགྲུབ་ཐུབ་པ་རེད། དེ་བས་རྒྱལ་ཁབ་དང་མི་རིགས་གང་ཞིག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཐུན་མོང་གི་སྤྱི་སྐད་གསར་བ་ཞིག་ཆགས་རྒྱུ་དེ་ཡང་ཆེས་རྩ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། དེ་བས་རང་རེའི་བོད་ལ་མཚོན་ནའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་འམ་བླང་བྱ་དང་འཚམ་པའི་ཐུན་མོང་གི་སྤྱི་སྐད་ཞིག་གང་མྱུར་སྒོས་གཏན་འབེབས་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནས་ཤིག་ཡིན་པར་ངེས་ཤེས་རྙེད་དེ། དེང་གི་དུས་འདིར་རང་རེའི་ཤེས་ལྡན་པ་དག་གིས་ཀྱང་འདིའི་ཕྱོགས་ཀྱི་ཞིབ་འཇུག་མང་དུ་བགྱིད་བཞིན་པ་ལྟར་རོ༎ དེ་ནི་སྐད་རིགས་གང་ཞིག་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་ཡིན་པར་མ་ཟད། སྐད་རིགས་གཅིག་གྱུར་དང་ཚད་ལྡན་གྱི་བླ་བྱའམ་གཞི་འཛིན་ས་ཉག་གཅིག་ཀྱང་ཡིན། རྗེ་དམུ་དགེ་བསམ་གཏན་མཆོག་གིས“ཡི་གེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས་ཤིང་། དེ་ཡང་མིང་ཚིག་བརྗོད་པ་ཀུན་ཡིག་ཐོག་ཏུ་འབྲེ་བདེ་ཞིང་ཀློག་ཙམ་ཏུ་མ་ཟད། ཡི་གེའི་རྣམ་གཞག་བརྡ་སྤྲོད་པའི་གཞུང་སོགས་ཡར་རྒྱས་བྱུང་བས་སྐད་ལ་རོགས་རམ་བྱས་ཏེ་མིང་ཚིག་བརྗོད་པ་མི་ཚང་བ་ཚང་བར་བྱེད་པ་དང་། རྗོད་ཚུལ་ཇེ་ལེགས་དང་སྙན་ཞིང་འཇེབས་པ། ཚིག་འདུས་ཤིང་རྫོབ་མེད་པར་བྱེད”ཅེས་པ་ལྟར། ཡར་སྔོན་བོད་ཀྱི་ཡུལ་སྐད་སོ་སོ་བ་རྨང་བྱས་པའི་སྤྱི་སྐད་དེ། ཡིག་སྐད་འདི་ཉིད་ཀྱང་གཅིག་གྱུར་དང་ཚད་ལྡ། ཡོངས་ཁྱབ་ཀྱིང་ཕྱོགས་སུ་ཕྱིན་ཡོད་པ་ནི་སྔོན་བྱོན་ཡབ་མེས་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་དག་དེང་གི་མདོ་དབུས་ཁམས་གསུམ་གྱི་རིག་གནས་ཆུ་ཚད་ངེས་ཅན་ལྡན་པའི་བོད་མི་སུས་བལྟས་ཀྱང་དོན་གྱི་དེ་ཉིད་རྟོགས་ཐུབ་པ་ལྟར་ཡིན་ལ། དེ་ཡང་བཀས་བཅད་ཐེངས་གསུམ་ལ་སོགས་པ་བརྒྱུད་ནས་སྐད་ཡི་གེར་ཁྲིམས་ལུགས་རང་བཞིན་དང་གཏན་ཚིགས་རང་བཞིན་གྱི་སྒོ་ནས་གཏན་འབེབས་གནང་བའི་ཕན་འབྲས་ཡིན་པ་སྨྲོས་ཅི་དགོས། ཡིན་ནའང་། དེང་གི་ཆར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གསུམ་པོའི་བར་ཕན་ཚུན་ལ་གོ་བརྡ་སྤྲོད་མི་ཐུབ་པའམ་འཕྲོད་དཀའ་བ་དང་། སྤྱི་སྤྱོད་ཡིག་སྐད་ཀྱི་དབང་དུ་བྱས་ནའང་ཡུལ་སྐད་ཀྱི་ཤན་ཞུགས་པ་མང་དྲགས་པའི་དབང་གིས་དེང་གི་དབུས་གཙང་བས་བྲིས་པའི་རྩོམ་དེ་ཨ་མདོ་བས་གོ་དཀའ་བ་དང་། ཨ་མདོ་བས་བྲིས་པ་དེ་དབུས་གཙང་བས་གོ་དཀའ་བ་སོགས་སྐད་དང་ཡི་གེ་གཉིས་ཆར་བར་ཐག་ཇེ་རིང་དུ་འགྲོ་བཞིན་བའི་སྣང་ཚུལ་ཡོད་པ་ནི་བོད་སྤྱི་ཚོགས་ཧྲིལ་བོའི་མདུན་བསྐྱོད་ཀྱི་ལམ་དུ་ལྷགས་པའི་ཉེན་ཁའི་གཡང་གཟར་ཆེན་པོ་ཞིག་ལགས་པས། རང་རེའི་ཤེས་ལྡན་པ་རྣམས་ཀྱིས་སྣེ་ཁྲིད་དེ་དཔྱད་པའི་ངལ་བ་ཁུར་དུ་བླངས་ནས་གནད་དོན་ཆེ་འབྲིང་ཆུང་གསུམ་ལ་རྣག་ཐོག་ཁབ་གཙགས་ཀྱི་བྱེད་ཐབས་སྤྱད་དེ། བཅོས་སྒྱུར་དང་མདུན་སྐྱོད་ཀྱི་ལམ་་དུ་སྙེག་རྒྱུ་ནི་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ཡིན་པས་ན། ང་ཚོས་ཅིས་ཀྱང་འདིའི་ཕྱོགས་ཀྱི་བསམ་ཚུལ་མང་དུ་གླེང་སྟེ། བོད་མི་རིགས་ཀྱི་ཐུན་མོང་གི་སྐད་ཚད་ལྡན་ཞིག་ཆགས་པར་འབད་བརྩོན་ལྷོད་མེད་བྱ་དགོས་པར་སེམས། འདིར་བདག་གིས་ཀུན་གྱིས་དེ་འདྲའི་དོ་སྣང་མི་བྱེད་པའི་གནད་ཁ་ཤས་ཏེ།&nb