སློབ་འབྲིང་དངོས་ལུགས་སློབ་ཁྲིད་སློབ་མའི་སྤྲོ་སྣང་གསོ་སྐྱོང་སྐོར་རགས་ཙམ་གླེང་བ།
བརྗོད་བྱ་གནད་བསྡུས། སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན་ལ། སློབ་ཁྲིད་བརྒྱུད་རིམ་ཁྲོད་ང་ཚོས་བསླབ་ཁག་ལེགས་ཆ་བེད་སྤྱད་དེ། རྒྱུན་ལྡན་འཚོ་བ། དཔྱད་བསྡུས་སློབ་སྦྱོང་། སློབ་ཁྲིད་སྐད་རིགས། དངོས་ལུགས་མན་ངག་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་འབྲིང་སློབ་མའི་དངོས་ལུགས་སློབ་སྦྱོང་གི་སྤྲོ་སྣང་སྐུལ་སྤེལ་བྱས་ཆོག
གལ་ཏེ་དངོས་ལུགས་ཤེས་བྱ་འདི་ཕོ་བྲང་ཞིག་ལ་དཔེར་བཞག་ན། སློབ་འབྲིང་དངོས་ལུགས་ནི་ཕོ་བྲང་དེར་བགྲོད་སའི་སྒོ་ཆེན་ནམ་ཡང་ན་སློབ་མའི་བློ་སྒོ་འབྱེད་པའི་ལྡེ་མིག་ཡིན་ལ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་དང་། ཁོ་ཚོར་བྱ་དངོས་ལ་ལྟ་ཞིབ་དང་། གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཐོག་མར་ཆགས་པའི་འགག་རྩར་གྱུར་ཡོད་པས། སློབ་ཁྲིད་ཁྲོད་སློབ་མར་དངོས་ལུགས་བསླབ་ཁག་ལ་སློབ་སྦྱོང་བྱེད་པའི་ཧུར་བརྩོན་དང་རང་རྟོགས་རང་བཞིན་སྐུལ་སྤེལ་བྱས་ནས། སློབ་སྦྱོང་གི་སྤྲོ་སེམས་དང་དགའ་སྣང་བསྐྱེད་པར་སྐུལ་སྤེལ་བྱེད་པ་འདིས་རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་འདུན་པར་རྨང་གཞི་བརྟན་པོ་ཞིག་འདིང་བར་ནུས་པ་གལ་ཆེན་འདོན་ཐུབ།
དངོས་ལུགས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། དགེ་རྒན་གྱིས་སློབ་ཐུན་སློབ་ཁྲིད་འོས་འཚམས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་པར་མཉམ་འཇོག་བྱེད་དགོས། དེ་ལྟར་བྱས་ན། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་ཐུབ་པའི་ཁར། སློབ་མའི་སློབ་སྦྱོང་ཕྱོགས་ཀྱི་སེམས་པའི་ཁག་ཁུར་ཇེ་ཡང་དང་སློབ་མའི་སློབ་སྦྱོང་དེ་འགན་ཁུར་གྱི་ཚུལ་དུ་མི་འཛིན་པར་སློབ་སྦྱོང་ནང་ཞུགས་པའི་བྱེད་ཐབས་འདི་དག་སྤྱད་ན་ཕན་འབྲས་གལ་ཆེན་ལྡན་པར་གདོན་མི་ཟ། འདིར་རང་ཉིད་ཀྱི་ནམ་རྒྱུན་སློབ་ཁྲིད་ཁྲོད་ཀྱི་བྱེད་ཐབས་རགས་ཙམ་བརྗོད་ན།
གཅིག ཚོད་ལྟའི་སློབ་ཁྲིད་བསྒྱུར་བཅོས་ལ་ཤུགས་བསྣན་ནས་སློབ་མའི་དངོས་ལུགས་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་དགོས་པ།
དངོས་ལུགས་ནི་བརྟག་དཔྱད་དང་ཚོད་ལྟ་རྨང་གཞི་ཡིན་པའི་རང་བྱུང་ཚན་རིག་ཞིག་ཡིན་ལ། དེའི་མཚན་ཉིད་དང་གཏན་སྲོལ། ངེས་སྲོལ་ལམ་ཆོས་ཉིད་མང་ཆེ་བ་ཚོད་ལྟ་དང་ལག་ལེན་བྱ་འགུལ་ཁྲོད་གཏན་ཕབ་བྱས་ཤིང་། མངོན་གསལ་ལྟར་ན། བརྟག་དཔྱད་དང་ཚོད་ལྟ་ནི་དངོས་ལུགས་ཞིབ་འཇུག་གི་བྱེད་ཐབས་གཙོ་བོ་ཞིག་ཡིན་པར་མ་ཟད། དངོས་ལུགས་རིག་པར་སློབ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན། སློབ་འབྲིང་སློབ་མ་མང་ཆེ་བར་མཚོན་ན། ཁོ་ཚོ་འགུལ་སྐྱོད་ལ་དགའ་བའི་རང་གཤིས་ཀྱིས་ཚོད་ལྟར་དགའ་སྣང་ཆེན་པོ་ཡོད་པས། ཚང་མས་རང་ཉིད་ཀྱི་ཚོད་ལྟའི་བཀོལ་སྤྱོད་རྩལ་ནུས་ཤིག་ཁོང་དུ་ཆུད་དེ་རང་བྱུང་ཁམས་ཆེན་པོའི་ལྐོག་གྱུར་ལ་འཚོལ་ཞིབ་བྱེད་པའི་འདུན་པ་ཆེ་བས། དགེ་རྒན་གྱིས་སློབ་མའི་རང་གཤིས་འདི་བེད་སྤྱད་ནས་སློབ་མར་ལག་ལེན་དངོས་ཀྱི་གོ་སྐབས་གང་མང་བསྐྲུན་དགོས། གསལ་བཤད་བྱེད་དགོས་པ་ཞིག་ནི། འདིར་བཤད་པའི་ཚོད་ལྟ་ནི་ཁྲིད་གཞིའི་སྟེང་སློབ་མར་བཀོད་སྒྲིག་བྱས་ཡོད་པ་ལས་བརྒལ་ཏེ་དགེ་རྒན་གྱིས་སློབ་ཁྲིད་ཞོར་དུ་ཚོད་ལྟ་ཆུང་བ་བཀོད་སྒྲིག་བྱེད་པ་དང་། ཡང་ན་སློབ་ཁྲིད་ཀྱི་དགོས་མཁོར་བསྟུན་ནས་དགེ་རྒན་དང་སློབ་མས་བཟོས་པའི་ཁྲིད་ཆས་སམ་དངོས་ཡོད་འཚོ་བའི་ནང་གི་དངོས་རྫས་དག་བཀོལ་ནས་ཚོད་ལྟ་བྱེད་པ། ང་ཚོས་ཚོད་ལྟའི་སློབ་ཁྲིད་དེ་སློབ་ཐུན་ཕྱི་ནང་གང་རུང་དུ་སྤེལ་ཆོག་ལ། ཚོད་ལྟ་ཁང་གི་རྒྱུ་ཆ་སྣ་ཚོགས་བཀོལ་ནས་ཚོད་ལྟ་བྱས་ཆོག་ཅིང་། རང་གིས་བཟོས་པའི་ཁྲིད་ཆས་སམ་དངོས་ཡོད་འཚོ་བའི་ནང་གི་དངོས་རྫས་དག་བཀོལ་ནས་ཚོད་ལྟ་བྱས་ཀྱང་ཆོག
དོན་དངོས་སྟེང་། དུས་རྒྱུན་དགེ་རྒན་གྱིས་སློབ་ཁྲིད་ཁྲོད་སྟོན་བཞིན་པ་དང་ལྷག་པར་དུ་མངོན་སུམ་མམ་ཐད་ཀར། མཇུག་འབྲས་མངོན་གསལ་ཡིན་པས་འཕེལ་སྟོན་ཚོད་ལྟ་བྱེད་པའི་སྐབས་སུ། འཛིན་གྲྭའི་སློབ་མ་མང་ཆེ་ཤོས་ཀྱིས་སྐེ་བསྲིང་ནས་ཞིབ་ལྟ་བྱེད་པ་དང་། དེ་མིན་གཞུག་གི་སློབ་གྲོགས་རྣམས་ལངས་ནས་ལྟ་བའི་རྣམ་པས་དེར་སྤྲོ་སྣང་ཆེན་པོ་ཡོད་པ་མཚོན་ཐུབ། གལ་ཏེ་རྒྱུན་ལྡན་གྱི་སློབ་གསོའི་བརྒྱུད་རིམ་ཁྲོད་ཁྲིད་གཞིའི་ནང་དོན་དང་མཉམ་འབྲེལ་བྱས་ནས་ཐབས་མཁས་ཀྱི་རྣམ་པ་མངོན་གསལ་ཡིན་པ་བཀོད་སྒྲིག་དང་སྤྲོ་བ་ཆེར་བསྐྱེད་ཐུབ་པའི་དངོས་ལུགས་ཚོད་ལྟ་སོགས་བཀོལ་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ལ་སྐུལ་སྤེལ་བྱེད་ཐུབ་པ་སྨོས་མ་དགོས། དེ་མིན་སློབ་དེབ་ནང་མཐོང་རྒྱུ་མེད་པའི་རྒྱུ་ཆ་འདི་དག་སྤྱད་པ་བརྒྱུད་ནས་སློབ་མའི་གསར་གཏོད་འདུ་ཤེས་དང་གསར་གཏོད་སྙིང་སྟོབས་ཀྱི་བློ་སྒོ་འབྱེད་པར་བློ་ཡིད་ལས་འདས་པའི་མཇུག་འབྲས་ཀྱང་ཐོན་ཐུབ།
གཉིས། སློབ་མར་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དངོས་ལུགས་ཀྱི་སྣང་ཚུལ་ལ་སེམས་ཞིབ་མོས་ལྟ་ཞིབ་བྱེད་པའི་སློབ་གསོ་བཏང་ནས། སྣང་ཚུལ་དེའི་ཁྲོད་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་དགོས་པ།