བོད་སྐད་ཡིག་གི་དགོས་གལ་རང་བཞིན་སྐོར་ཕྲན་ཙམ་གླེང་བ།
དེ་ཡང་མི་རིགས་གང་དང་གང་ཞིག་ཡིན་ཡང་འཕེལ་རྒྱས་དང་སྔོན་ཐོན་ཕྱོགས་སུ་འགྲོ་དགོས་ན། ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྨང་གཞིར་གནང་ཐོག་མི་རིགས་གཞན་གྱི་ལག་ཆ་བསྡུ་ལེན་བྱས་ན། ད་གཟོད་མི་རིགས་ཀྱི་གོམས་སྲོལ་དང་རིག་གནས་སོགས་འཕེལ་རྒྱས་བྱུང་སྲིད། དེའི་ཐད་ནས་གོང་ས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་པ་ཞིག་ཡིན་ན་བོད་པའི་རིག་གནས་ལ་མཐོང་ཆེན་དང་གུས་བཀུར་བྱེད་ནས་ཞོར་དུ་མི་རིགས་གཞན་གྱི་སྐད་དང་ཡི་གེ་སྦྱངས་དགོས་གསུངས་བ་དང་དེ་ལྟར་མིན་པར་དེང་སང་གི་གསར་བུ་སྐོར་ཞིག་གི་བོད་པ་འདི་རྗེས་ལུས་རེད་ཟེར་ནས་ཚུགས་ཀ་དང་རྒྱལ་ཁབ་གཞན་དང༌། མི་རིགས་གཞན་གྱི་སྐད་ཆ་བཤད་པ་ང་རྒྱལ་ཞིག་གི་བརྩི་བཞིན་འདུག་མོད། ཁྱེད་རང་གི་ཚུགས་ཀ་དང་སྐད་ཡིག་རྒྱལ་ཁབ་དང་མི་རིགས་གཞན་གྱི་དེ་བེད་སྤྱོད་བྱེད་ཆོག་ཀྱང་ཁྱེད་རང་གི་ཤ་ཁྲག་ཇི་ལྟར་བསྒྱུར་བཅོས་བྱེད་ཅེས་དང་སྔོན་སུའུ་ལེན་གྱི་མཁས་པ་སི་ཏ་ལེན་གྱི་ཀྱང་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བྱེད་ན། ད་གཟོད་མི་རིགས་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐད་ལ་ཡར་རྒྱས་ཆེན་པོ་འབྱུང་ཐུབ་ཀྱི་རེད། ཅེས་གསུངས་བ་བཞིན་ཕ་མ་དང་ཉེ་འབྲེལ་ལ་ཤ་ཚ་མེད་པ་ཡིན་ན་མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་སྐྱེས་མི་སྲིད་པ་ཤ་རྟགས་ཡིན་པ་དང༌། གང་ཞིག་གོ་ལ་ཆེན་པོ་འདིའི་སྟེང་དུ་ཡུན་རིང་གནས་དགོས་ན་ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་དགོས། དེ་ལྟར་ཡིན་ཡང་ད་ལྟའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་བོད་ཡིག་ཤེས་བ་ཙམ་གྱིས་སྤྱི་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་མི་ཐུབ་ལ་རང་ཉིད་ལའང་མདུན་ལམ་རྒྱ་ཆེན་པོ་མེད་ཅེས་རང་ཉིད་བོད་ཡིན་ཡང་ཕྱོགས་ཞེན་གྱི་བསམ་བློ་མཁྲེགས་འཛིན་བྱས་ནས་བོད་ཡིག་གི་བྱ་བར་བརྩོན་པ་ཉིན་མོའི་སྐར་མ་བཞིན་དུ་ཧ་ཅང་དཀོན་པ་མིག་མཐོང་ལག་ཟིན་ཡིན་ཏེ། བོད་ཀྱི་ལས་བྱེད་པ་ལ་ལ་ཞིག་གིས་རང་གི་སྐད་དང་ཡི་གེ་མི་སློབ་པར་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཡི་གེ་སློབ་ཁུལ་ཙམ་བྱེད་པ་མ་ཟད། ཚོགས་ཆེན་ལ་སོགས་པ་ཚོགས་པའི་སྐབས་སུའང་རྒྱ་སྐད་རྒྱ་ཡིག་བཀོལ་བ་ལས་བོད་སྐད་བོད་ཡིག་བཀོལ་ན་ངོ་ཚ་དང་རྗེས་ལུས་སུ་འདོད། ཡང་ཁྱིམ་བདག་ལ་ལ་ཞིག་དང་ལས་བྱེད་པ་ལ་ལ་ཞིག་གི་བོད་ཡིག་གི་རིན་ཐང་མ་ཤེས་པར་གཞན་གྱི་ཟེར་སྒྲོས་སུ་འབྲངས་ནས་རང་གི་བུ་རབས་ཚ་རྒྱུད་རྒྱའི་སློབ་གྲྭར་བསྐྱལ་བ་མ་ཟད། བོད་ཡིག་གི་གོ་མི་ཆོད་པ་དང་རྒྱ་ཡིག་ལ་ཁྱབ་རྒྱ་ཆེ་ཞིང་བྱ་བ་ལག་ཏུ་ཡོང་སླ་བ་སོགས་མང་བོ་བརྗོད་དེ་བོད་ཡིག་འདི་དགོས་མེད་ཡིན་པར་གླེང༌། གཞན་ད་དུང་བོད་ཡིག་ཆེད་ལས་ཡིན་པའི་སློབ་གྲྭ་སོགས་སུའང་བརྡ་སྦྱོར་དང་སྙན་ཞུ། གསར་འགྱུར་དང་གནང་ཞུ་ཡི་གེ་ལ་སོགས་པ་བོད་ཡིག་བྲིས་ན་སྡེ་ཁག་གི་ཆོག་མཆན་མི་འགོད་པ་མ་ཟད། རྒྱ་ཡིག་མི་ཤེས་སམ་ཞེས་མཐོང་ཆུང་བྱེད་པའི་སྣང་ཚུལའང་བྱུང༌། སློབ་མ་ལ་ལ་ཞིག་གིས་བོད་ཡིག་ནི་གྲྭ་བ་ཚོས་ཆོས་འདོན་བྱེད་ཙམ་དང་གནས་སྐབས་ཀྱི་སྐར་གྲངས་ལེན་སྤྱད་ཅིག་ཡིན་པ་ལས་ཚན་རིག་དང་འབྲེལ་བ་ཡེ་ནས་མེད་ལ། སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་ནའང་རྫོང་དང་གྲོང་ཁྱེར་ནས་བོད་ཡིག་གི་བྱ་བ་ལས་ས་མེད་པས་གཞི་རིམ་དུ་འགྲོ་དགོས་བ་སོགས་ཁུངས་ལུང་མེད་པའི་འཆལ་གཏམ་དག་དག་བརྗོད་བཞིན་ཡོད། དེ་ཡང་དྲང་མོ་བཤད་ན། རང་རེ་བོད་ཀྱི་སྐད་ཡིག་ལ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཧ་ཅང་ཆུང་བ་འདི་བོད་ཡིག་གི་གོ་མ་ཆོད་པ་རྩ་བ་ནས་མ་ཡིན་ལ་བོད་ཡིག་ལ་རང་སྟེང་ནས་དོན་དངོས་ཀྱི་རིན་ཐང་མེད་པ་དེ་བས་ཀྱང་མིན། ཡིན་པ་ནི་གངས་རིའི་མངལ་དུ་རུམ་པའི་བོད་པའི་རྗེས་རབས་པ་ང་ཚོས་གོ་མ་ཆོད་པ་རེད། ཅིའི་ཕྱིར་ཞེ་ན། འཛམ་གླིང་གི་སྔོན་ཐོན་སུ་གྲགས་པའི་ཨ་མེ་རི་ཀ་སོགས་སྔོན་ཐོན་རྒྱལ་ཁབ་རྣམས་ཀྱི་ཀྱང་བོད་ཀྱི་རིག་གཞུང་ལ་ཁུངས་ལུང་དང་ཚན་རིག་གི་རང་བཞིན་ལྡན་པ་ཁས་བླངས་བ་མ་ཟད། བོད་ཀྱི་སྐད་ཡིག་ཞིབ་འཇུག་དང་ཞིབ་འཇུག་བྱེད་པའི་ལས་ཁུངས་ཀྱང་དངོས་སུ་བཙུགས་ཡོད་པ་བཅས་ལ་གཞིགས་ན། བོད་ཡིག་གིས་འཛམ་གླིང་གི་སྟེགས་བུའི་སྟེང་གོ་གནས་གལ་ཆེན་བཟུང་ཡོད་པ་བདེན་དཔང་བྱེད་ཆོག གཞན་ད་དུང་མི་རིགས་འདི་གོ་ལ་འདིའི་སྟེང་དུ་ཡུན་རིང་དུ་གནས་དགོས་ན། གཙོ་བོ་མི་རིགས་རང་གི་སྐད་དང་ཡི་གེ་ལ་རག་ལས་ཡོད་པ་དང༌། བློ་མཐུན་སི་ཏ་ལེན་གྱིས་མང་ཚོགས་ཁྲི་འབུམ་མང་པོས་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བྱས་ན། མི་རིགས་དེའི་རིག་གནས་ལ་སོགས་པ་ཡར་ཐོན་ཆེན་པོ་ཡོང་ཐུབ་ཅེས་གསུངས་བ་མ་ཡིན་ནམ། དེ་ལྟར་ཡིན་ཡང༌། བོད་ལྭ་གྱོན་པའི་ཕྱི་གླིང་བ་སྐོར་ཞིག་གིས་བོད་ཀྱི་སྐད་ཡིག་ལ་ངན་སྨྲས་དང་མཐོང་ཆུང་བྱེད་པ་མ་ཟད། རྗེས་ལུས་ཀྱི་ཡི་གེ་རེད་ཅེས་མཚང་འབྲི་བ་མཐོང་སྣང་སུ་གྲུབ། དེ་ནི་ཁོ་ཚོས་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་ངོ་བོ། རྒྱབ་ལྗོངས་དང་གནས་བབས་སོགས་མ་རྟོགས་པ་ལས་བོད་ཀྱི་སྐད་ཡིག་འདི་རྗེས་ལུས་ཡིན་པ་ག་ལ་ཡིན། ངོ་མ་བོད་ཀྱི་སྐད་ཡིག་འདི་རྗེས་ལུས་ཡིན་པ་བདེན་ན། སྔོན་ཐོན་རྒྱལ་ཁབ་རྣམས་ཀྱིས་མི་རིགས་གཞན་གྱི་རིག་གནས་མི་སྦྱངས་བར་རྗེས་ལུས་ཀྱི་ཡི་གེ་འདི་སྦྱངས་དོན་མེད་ལ། ཞིབ་འཇུག་དང་རྟོགས་དཔྱོད་བྱེད་པའི་དགོས་བ་དེ་བས་ཆུང༌། རེད་ཡ། ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམ་པ། ངའི་འདི་ལྟར་བརྗོད་པ་ཕྱོགས་ཞེན་གྱི་བསམ་བློས་བཅིངས་བ་མིན་ལ་མི་རིགས་གཞན་གྱི་རིག་གནས་སྦྱངས་མི་དགོས་ཟེར་བ་དེ་བས་ཀ