logo

དུས་རབས་དང་སློབ་གསོ།(དང་པོ)

རྩོམ་པ་པོ།:གཅན་རོང་བསྟན་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-20 ཀློག་གྲངས།:

    དུས་རབས་ཀྱིས་མི་ལ་བཏོན་པའི་རེ་བ་ནི་དོན་དངོས་སུ་དུས་རབས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་རེ་བ་དང་།  སློབ་མ་རེ་རེའི་སྤུས་ཚད་དང་འཇོན་ནུས་ལ་བཏོན་པའི་རེ་བ་ཡིན་པ་དང་མཉམ་དུ་དུས་རབས་འཕོ་འགྱུར་གྱིས་སློབ་གྲྭ་དང་དགེ་རྒན་གྱི་སྤུས་ཚད་དང་སློབ་གསོས་ཁ་ཕྱོགས་དང་སློབ་ཁྲིད་ཀྱི་ནུས་པའམ་བྱེད་ཐབས་ལ་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན་མོད།  རེ་བ་འདི་ངོས་ཟིན་མིན་དང་གཙིགས་ཆེན་བྱས་མིན་གྱི་དབང་གིས་འཛམ་གླིང་གི་ཡུལ་ཁམས་དང་ས་གནས་སོ་སོར་མི་དང་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་གཉིས་འཆམ་མཐུན་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས།  འདིའི་སྐོར་ཕྲན་ཙམ་གླེང་བ་ལ།

    གཅིག  དུས་རབས་ཀྱིས་མིའི་སྤུས་ཚད་ལ་བཏོན་པའི་རེ་བ།

    བྱ་དངོས་གང་ཞིག་ཡིན་ཡང་དེ་ལ་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་སླེབས་རྒྱུ་ཡོད་ལ།  གོ་སྐབས་དེ་སླེབས་ཚེ་དེ་དག་མི་འདྲ་བའི་གནས་སོ་སོར་འཕེལ་ཞིང་།  དཔྱིད་ཀྱི་མེ་ཏོག་ནང་བཞིན་གང་སར་རྣམ་པར་བཞད་ངེས་ཡིན་མོད།  གོ་སྐབས་དེ་དམ་འཛིན་མ་བྱས་ན།  རྣམ་པར་བཀྲ་བའི་མེ་ཏོག་གཞོན་ནུ་ཡང་དཔྱིད་ཀྱི་བུ་མོའི་རྣ་ལུང་དུ་འགྱུར་དཀའ་ངེས་རེད།  དེ་བས།  དུས་རབས་འཕེལ་རྒྱས་ཀྱི་གོམ་པ་རེ་རེ་ནི་འགྲོ་བ་མིའི་རིགས་འཚོ་གནས་ཀྱི་གོ་སྐབས་ཕུན་སུམ་ཚོགས་པ་རེ་རེ་ཡིན་ལ།  དུས་རབས་འཕེལ་རྒྱས་ཀྱི་རེ་འབོད་རེ་རེ་ནི་མིའི་སྤུས་ཚད་ཀྱི་ཚད་གཞི་གསར་པ་རེ་རེ་དང་།  མིའི་སྤུས་ཚད་ཀྱི་ཚད་གཞི་རེ་རེ་ནི་སློབ་གསོ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཉིང་བཅུད་རེ་རེ་ཡིན་པས།  ཤེས་ཡོན་དཔལ་འབྱོར་དང་བརྡ་འཕྲིན་དུས་རབས་འདིར་ལྟོས་འཇོག་གིས་བཤད་ན།  མིའི་ཤེས་ཡོན་དང་།  ནུས་རྩལ།  ཀུན་སྤྱོད།  གསར་བཏོད་སོགས་ཀྱི་གོ་སྐབས་གསར་བ་སླེབས་པའི་མགོ་བརྩམས་པ་རེད་ཅེས་བཤད་ཆོག་ལ།  ཡང་གཅིག་བཤད་ན།  དུས་རབས་ཀྱིས་མིའི་སྤུས་ཚད་ལ་བཏོན་པའི་རེ་བ་ཇེ་མཐོ་ནས་ཇེ་མཐོ་རེད།  སློབ་གསོའི་ཐད་ནས་བཤད་ན།  དུས་རབས་གསར་པས་མིར་བཏོན་དང་འདོན་བཞིན་པའི་རེ་བ་དང་།  མིའི་ད་ལྟའི་དོན་དངོས་ཀྱི་སྤུས་ཚད་གཉིས་ཀྱི་བར་ན་ད་དུང་འཆམ་མཐུན་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་ཞིག་འབྱུང་བཞིན་ཡོད་པ་ནི་ད་ལྟའི་སློབ་གསོའི་དཀའ་ཁག་ཆེས་ཆེན་པོ་ཞིག་དང་།  མ་འོངས་པའི་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ལ་ཐད་ཀར་ཤན་ཤུགས་གལ་ཆེན་བཞག་དང་འཇོག་བཞིན་ཡོད་པ་རེད།

    དུས་རབས་འཕོ་འགྱུར་གྱིས་མིའི་ཤེས་བྱའི་སྤུས་ཚད་དང་།  ངལ་རྩོལ་ནུས་རྩལ་གྱི་སྤུས་ཚད།  བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་ལ་རེ་བ་མི་འདྲ་བ་རེ་རེ་འདོན་བཞིན་ཡོད་པ།  དཔེར་ན།  ལོ་རབས་བདུན་ཅུ་པར་སློབ་འབྲིང་དགེ་རྒན་གྱི་ཆུ་ཚད་རེ་བ་དམའ་འབྲི་ཙམ་ཡིན་ལ།  ལོ་རབས་བརྒྱད་ཅུ་པར་འབྲིང་རིམ་ཡན་དང་།  ལོ་རབས་དགུ་ཅུ་པར་ཆེད་མཐོ་ཡན།  ད་ལྟ་སློབ་ཆེན་ཆེད་ལས་མཐུན་པ་ཅན་ཡིན་ལ།  འབྱུང་འགྱུར་ལ་སློབ་ཆེན+ཆེད་ལས་མཐུན་པ+སློབ་གསོའི་གཞུང་ལུགས་ལ་བྱང་བ+ཀུན་སྤྱོད་བཟང་ཞིང་རྩལ་ནུས་ཡོད་པ+ལུས་ཕུང་བདེ་ཐང་ཡིན་ཞིང་དབང་པོ་སྒོ་ལྔ་ཚང་བསློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡིན་དགོས་ངེས་ཡིན་པ་ལྟ་བུ་རེད།  དེ་ལྟར་སྤྱི་ཚོགས་སྟེང་གི་ལས་རིགས་གང་ཞིག་ཡིན་ཀྱང་ལས་རིགས་དེས་མིའི་ཤེས་ནུས་རྩལ་གསུམ་ལ་རེ་བ་གསར་བ་གང་མང་ཞིག་བཏོན་དང་འདོན་བཞིན་ཡོད་པས།  མི་སུ་ཞིག་དང་མི་རིགས་གང་ཞིག་ཡིན་ཀྱང་དུས་རབས་ཀྱི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་དོན་དངོས་རེ་བ་འདི་དག་དང་མ་འཚམ་ན།  ས་ཁུལ་དེ་དང་མི་རིགས་དེ་དག་སྤྱི་ཚོགས་འཕེལ་རྒྱས་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་ངེས་ཡིན་པ་དང་།  སྤྱི་ཚོགས་དང་འཚམ་ཚད་མཐོ་དམའི་དབང་གིས་མི་རིགས་སོ་སོ་དང་ས་ཁུལ་སོ་སོ།  མི་རེ་རེའི་སྤྱི་ཚོགས་གོ་གནས་སོགས་ལ་མི་འདྲ་བའི་ཁྱད་པར་ཤོར་བཞིན་ཡོད་པ་གསར་པོར་མཐོང་ཐུབ་པ་ལྟ་བུ་རེད།  ས་ཁུལ་དང་ས་ཁུལ་བར་གྱི་ཁྱད་པར་རམ་མི་དང་མིའི་ཁྱད་པར་ནི་མི་དུས་རབས་དང་འཚམ་ཚད་མཐོ་དམའི་ཁྱད་པར་ཉག་གཅིག་རེད་ལ།  སློབ་གསོའི་ལས་འགན་གཙོ་བོ་ཡང་རང་བྱུང་གི་མི་དེ་སྤྱི་ཚོགས་ཀྱི་མི་ཞིག་དང་དུས་རབས་དང་འཚམ་པའི་མི་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པས།  དུས་རབས་དང་འཚམ་ཚད་མཐོ་དམའ་དེས་སློབ་གསོ་བཟང་ངན་གྱི་དབྱེ་བ་གསལ་པོ་ཞིག་འབྱེད་ཐུབ་ངེས་རེད།

    དེ་བས།  ས་ཁུལ་གང་ཞིག་དང་སློབ་གྲྭ་གང་ཞིག་ཁྱིམ་ཚང་གང་ཞིག་གི་སློབ་མ་དུས་རབས་དང་སྤྱི་ཚོགས་ལ་འཚམ་ཚད་མཐོ་ན་ས་ཁུལ་དེ་དང་སློབ་གྲྭ་དེ།  ཁྱིམ་ཚང་དེའི་སློབ་གསོ་སྤེལ་བ་བཟང་ལ།  དེ་ལས་ལྡོག་ན་ས་ཁུལ་དེ་དང་སློབ་གྲྭ་དེ།  ཁྱིམ་ཚང་དེའི་སློབ་གསོ་ཕམ་ཁའི་ལམ་དུ་འགྲོ་ངེས་རེད་ཅེས་བཤད་ཆོག


འབྲེལ་ཡོད་འོས་སྦྱོར།