logo

སྤྱི་ཚོགས་དང་འབྲེལ་ནས་བོད་ཀྱི་སློབ་གསོའི་གནད་དོན་འགའ་གླེང་བ།

རྩོམ་པ་པོ།:ཡི་དམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-16 ཀློག་གྲངས།:

   མི་རིགས་ཤིག་གི་ཚན་རིག་ལག་རྩལ་དེ་ཉིད་དར་སྤེལ་གཏོང་དགོས་ན་གཙོ་བོ་མི་རིགས་དེ་ཉིད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས། མི་རིགས་གང་ཞིག་ཡིན་ཡང་རང་ཉིད་ཀྱི་སྐད་ཡིག་ནི་སྲིད་འབྱོར་རིག་གསུམ་དར་སྤེལ་གཏོང་བའི་རྨང་གཞི་ལྟ་བུར་གྱུར་ཡོད། དེ་ཡང་ཐོག་མར་སློབ་གྲྭ་གང་དང་གང་ཡིན་ཡང་ཡོན་ཚད་ལྡན་པའི་སློབ་མ་མང་པོ་སྐྱེད་སྲིང་བྱེད་རྒྱུ་དེ་ནི་དམིགས་ཡུལ་གཙོ་བོ་ཞིག་ཡིན་ལ།  སློབ་མ་དེ་དག་ལ་བསམ་བློ་དང་ཀུན་སྤྱོད།  ཤེས་རིག་ཕུགས་བསམ་བཅས་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་ཞིག་ཡོད་དུ་འཇུག་དགོས་མོད། ཡིན་ན་ཡང་མིག་སྔར་བོད་ཀྱི་ས་གནས་ཕལ་ཆེར་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་དེ་སློབ་མའི་ལས་ཞུགས་ཀྱི་རྒྱུགས་ལེན་ཁྲོད་བཞག་མེད་པ་དང་། དེ་ལ་མཐོང་ཆེན་དང་དོ་སྣང་བྱེད་མཁན་ནི་དེ་བས་ཅུང་ཉུང་བས།  མ་འོངས་པ་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་སློབ་གསོ་དེ་ནི་ཤིན་ཏུ་དཀའ་བའི་གནས་སུ་འགྱུར་ངེས་སྙམ། བོད་ཀྱི་སྐད་དང་རིག་གནས་སྦྱངས་ན་སྤྱི་ཚོགས་སྟེང་དུ་ལས་གནས་ཤིག་ལོན་དཀའ་བས་ན་བོད་ཀྱི་སྐད་དང་རིག་གནས་སྦྱོང་བའི་སློབ་མ་ཇེ་ཉུང་དུ་འགྲོ་ངེས།  དེ་བས་དེའི་སྐོར་གྱི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ།

བོད་མི་རིགས་རང་གི་སྐད་ཡིག་དེ་ལས་ཞུགས་རྒྱུགས་ལེན་ཁྲོད་འཇོག་དགོས།

   དེ་ཡང་མར་ལེ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།  ཏང་གི་མི་རིགས་སྲིད་ཇུས་དང་།  མི་རིགས་རང་སྐྱོང་ས་ཁུལ་ཀྱི་བཅའ་ཁྲིམས་སོགས་གང་ལ་གཞིགས་ན་ཡང་མི་རིགས་ས་གནས་དེ་དག་ཏུ་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་ཆོག་པ་དང་། སྐད་ཡིག་དེ་ལ་བརྟེན་ནས་ཆབ་དཔལ་རིག་གསུམ་དར་སྤེལ་ཆོག་པའི་དགོངས་དོན་གསལ་བར་བསྟན་ཡོད་པས།  བོད་ཀྱི་ས་གནས་གང་དང་གང་ཡིན་ཡང་ལས་ཞུགས་རྒྱུགས་ལེན་བྱེད་སྐབས་བོད་ཀྱི་སྐད་ཡིག་རྒྱུགས་གཞིའི་གྲས་སུ་འཇོག་པར་བརྩོན་ལེན་བྱེད་པའི་དབང་ཆ་ཡོད་མོད། ཡིན་ནའང་དེ་ཉིད་ད་ལྟའི་བར་དུ་ལག་ལེན་ཡང་དག་པ་ཞིག་འཁྱོངས་མེད་པས་བོད་མི་རིགས་ཀྱི་ན་གཞོན་མང་པོ་ཞིག་གིས་བོད་རང་གི་སྐད་ཡིག་སྦྱོང་བ་ཙམ་མ་གཏོགས་ལས་ཞུགས་རྒྱུགས་ལེན་ཁྲོད་བཞག་མེད་པས་བོད་ཀྱི་ན་གཞོན་གྱི་མདུན་ལམ་བཀག་ཡོད།

བོད་རང་གི་སྲོལ་རྒྱུན་ལག་རྩལ་དར་སྤེལ་བྱེད་དགོས།

   སྤྱིར་མི་རིགས་གང་དང་གང་ཡིན་ན་ཡང་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་།  མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཀྱི་ཉིང་བཅུད་དང་ལེན་བྱས་ཏེ་མི་རིགས་རང་གི་རིག་གནས་ཕུན་སུམ་ཚོགས་པར་བྱེད་དགོས་པ་དེ་ནི་སྤྱི་འགྲོས་ཤིག་ཡིན་པ་ནི་སྨོས་མ་དགོས།  དེང་དུས་རྒྱལ་ཁབ་ཕྱི་ནང་ཐམས་ཅད་དུ་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་ལས་རིགས་ལག་རྩལ་ཁྱབ་སྤེལ་མཛད་དེ།  སློབ་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་ནང་བཞིན། བོད་མི་རིགས་རང་ཉིད་ལ་ཡང་ལས་རིགས་ལག་རྩལ་ཡོད་དེ། དཔེར་ན། བོད་ཀྱི་གསོ་བ་རིག་པ་དང་། བཟོ་རིག་པའི་ལྷ་བཟོ་དང་རི་མོ། མགར་བ། ཤིང་བཟོ། རྐོ་བཟོ། ཁང་བ་བཟོ་སྐྲུན་སོགས་ཀྱི་ལག་རྩལ་གྱི་འཛིན་གྲྭ་སློབ་གྲྭའི་ནང་དུ་བཙུགས་ནས་དར་སྤེལ་བྱས་ན། བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་གཏོང་ཐུབ་པ་མ་ཟད། སློབ་མ་དེ་དག་སྤྱི་ཚོགས་སྟེང་དུ་སོང་ན་ལས་གནས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ། མིག་སྔར་རང་ཞིང་གི་བོད་ཡིག་སློབ་གྲྭས་ཀྱང་གནས་ཚུག་དེ་དག་ལ་གཞིགས་ཏེ་ད་ལོ་ནས་བཟུང་མགར་བའི་ལག་རྩལ་གྱི་འཛིན་གྲྭ་བཙུགས་ཡོད་པས་མཚོན། སླད་མར་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་དེ་དག་གིས་ཀྱང་རིམ་བཞིན་དེའི་ཕྱོགས་ལ་གཞོལ་ན་ཕན་འབྲས་རྒྱ་ཆེན་པོ་ཐོན་ཐུབ་པར་སྙམ།

བོད་ཀྱི་སློབ་གྲྭ་ཆེ་ཁག་གི་སློབ་དེབ་གཅིག་གྱུར་བྱེད་དགོས།

   དེ་ཡང་བོད་གངས་ཅན་ལྗོངས་ཀྱི་སློབ་གྲྭ་ཆེ་ཁག་རྣམས་ཀྱི་སློབ་དེབ་གཅིག་གྱུར་ཡོང་བར་བྱ་རྒྱུ་དེ་ནི་གནད་དོན་ཆེན་པོ་ཞིག་ཡིན་པས།  དེའི་ཕྱོགས་ལ་མཐོང་ཆེན་དང་དོ་སྣང་བྱེད་རྒྱུ་ལས་ཀྱང་ཤིན་ཏུ་གལ་ཆེ།  མིག་སྔར་གྱི་གནས་ཚུལ་ལ་བརྟེན་ནས་བཤད་ན་སློབ་གྲྭ་རེ་ན་བརྡ་སྤྲོད་རེ་དང་། རྩོམ་ཡིག་དང་སྙན་ངག   ལོ་རྒྱུས་སོགས་ཀྱི་སློབ་དེབ་དུ་མ་རེ་ཡོད་པ་དེ་དག་སློབ་གྲྭ་དེ་ཉིད་ཀྱིས་བེད་སྤྱོད་བྱེད་པ་མ་གཏོགས།  བོད་ཁུལ་གྱི་སློབ་གྲྭ་ཐམས་ཅད་ལ་གཅིག་གྱུར་བྱས་མེད་པས་དེའི་ཕྱོགས་ལ་ཞིང་ཆེན་དང་ལྗོངས་ལྔའི་ཆེད་མཁས་པ་རྣམས་ཀྱིས་སློབ་དེབ་གཅིག་གྱུར་བྱ་རྒྱུ་ཤིན་ཏུ་གལ་ཆེ། གལ་སྲིད་མི་ཤུགས་དང་རྒྱུ་ཤུགས་ཀྱིས་དེ་ལྟར་མ་ཐུབ་ན་དེ་སྔོན་ཞིང་ཆེན་དང་ལྗོངས་ལྔའི་སློབ་གྲྭ་ཆེ་ཁག་རྣམས་ནས་བསྒྲིགས་པ་དེ་དག་ལས་ལེགས་ཤོས་བདམས་ཏེ་སློབ་དེབ་མཛད་ཐུབ་ན། མི་ཤུགས་དང་རྒྱུ་ཤུགས་ཀྱི་འགྲོ་སོང་ཐད་ཕན་ཐོགས་ཡོད་པ་མ་ཟད།  སློབ་མ་རྣམས་ཀྱི་ཁྲིད་གཞི་གཅིག་གྱུར་ཡོང་བ་དང་། སློབ་དེབ་ཉོ་དཀའ་བ་སོགས་ཀྱི་གནད་ད


འབྲེལ་ཡོད་འོས་སྦྱོར།