མི་རིགས་སློབ་གསོ་སྤེལ་བར་རང་རིགས་ཀྱི་སྐད་ཡིག་བེད་སྤྱོད་དགོས།
ད་ལྟ་ཚན་རྩལ་དར་རྒྱས་དང་ནུབ་རྒྱུད་གསར་སྤེལ་གྱི་དུས་རབས་འདིར་ཡང་ང་ཚོའི་བོད་རིགས་ལ་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་རིགས་ཀྱི་འདུ་ཤེས། ཚན་རྩལ་གྱི་མཁོ་གལ། ཤེས་རིག་གསར་བའི་འཕེལ་འགྱུར། སྔོན་ཐོན་བསམ་བློའི་བག་ཆགས་བཅས་ཕྱོགས་གང་ཐད་ནས་བལྟས་ཀྱང་། འཕེལ་རྒྱས་དང་ངོས་ཟིན་གསར་བ་ཞིག་བྱུང་ཐུབ་ཀྱི་མེད། དེ་ཡང་མཐར་གཏུག་ན་རིག་གནས་སློབ་གསོ་ཧ་ཅང་རྗེས་སུ་ལུས་པའི་རྐྱེན་ཡིན་སྟབས། འདི་ལ་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་མི་རིགས་ལས་དོན་ལ་བརྩོན་པ་ལྷུར་ལེན་བྱེད་མཁན་རྣམས་ཀྱིས་ཤེས་རབ་ཀྱི་མིག་ལ་ཕྱོགས་ཞེན་མེད་པར་བསམ་གཞིག་ལེགས་པོ་བཏང་སྟེ། རང་རིགས་ཀྱི་ཆད་ས་དང་ཞན་ས་བཙལ་ཏེ་ཁ་གསབ་དང་ཤུགས་སྣོན་བྱེད་རྒྱུ་ཧ་ཅང་གལ་ཆེ།
བོད་རིགས་ཀྱི་སློབ་གསོའི་གནས་བབས།
ཁྱོན་ཡོངས་ནས་བཤད་ན་ད་ལྟ་བོད་རིགས་ཀྱི་རིག་གནས་སློབ་གསོ་འཕེལ་རྒྱས་བྱུང་ཡོད་མོད། འོན་ཀྱང་རྩ་བའི་གཞི་ཁྱོན་དང་ངོ་བོའི་ཆ་ནས་སམ་ལྷག་པར་མེས་རྒྱལ་གྱི་གྲངས་ཉུང་མི་རིགས་གཞན་དང་བསྡུར་ན་ཧ་ཅང་ཡིད་སྐྱོ་བའི་གནས་སུ་མཆིས། དེ་ཡང་རང་རིགས་ལ་མཚོན་ན། མཐོ་སར་གནས་བཅས་ཡོད་པའི་ཁར་འགྲིམ་འགྲུལ་སྟབས་མི་བདེ་བས་མི་ཕན་ཚུན་འགྲོ་འོང་གི་འབྲེལ་བ་ཉུང་བ་དང་བསྟུན་འཕྲིན་གསར་གོ་དཀའ་བ་དང་། དངོས་བོ་དང་བསམ་བློ་བརྗེ་རེས་བྱེད་པར་བཀག་འགོག་ཐེབས་ཀྱི་ཡོད་པ་རེད། དཔེར་ན། འབྲོག་པ་མང་ཚོགས་ཀྱིས་རྩྭ་ཆུར་བསྙེགས་ནས་དུས་ཚིགས་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད་པས་རང་གི་རྫོང་དང་ཁུལ་ལ་སྤྱི་ལེ་བརྒྱ་ཕྲག་དུ་མས་བཅད་ཡོད་པ་ལྟ་བུ་དང་། དེ་བཞིན་འདུག་གནས་ཐར་ཐོར་གྱིས་སློབ་གྲྭ་སྒྲུབ་པར་དཀའ་ཚེགས་ཚད་མེད་བཟོས་ཡོད་པ་རེད། དེ་ལྟའི་ཕྱུགས་ལས་རྐྱང་རྐྱང་གི་འཚོ་བ་གཉེར་བས་ཐོན་སྐྱེད་བྱེད་ཐབས་རྗེས་ལུས་ཡིན་པ་དང་། དཔལ་འབྱོར་རྨང་གཞི་ཞན་ཞིང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བས་མང་ཚོགས་ཀྱི་འཚོ་བ་ད་དུང་དབུལ་ཕོངས་ཡིན་ཞིང་ཆ་རྐྱེན་གཞན་དང་བསྡུར་ན་ཧ་ཅང་ཞན་པ་རེད།
རང་གི་སྐད་ཡིག་སྤྱད་དེ་མི་རིགས་སློབ་གསོ་དར་རྒྱས་སུ་གཏོང་དགོས།
ཏང་གི་སྲིད་ཇུས་བཟང་བོའི་འོག་མི་རིགས་ཚང་མ་ཕན་ཚུན་རོགས་སྐྱོར་གྱི་སྒོ་ནས་མཉམ་དུ་དར་རྒྱས་སུ་འགྲོ་བའི་དེང་གི་དུས་ལ་རང་རིགས་འདིར་མཚོན་ན་གཞན་གྱི་རོགས་རམ་འོག་རང་གི་སྐད་ཡིག་གཙོ་བྱས་ནས་སློབ་གསོ་དར་རྒྱས་སུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནས་སུ་མཆིས། སྐད་དང་ཡི་གེ་ནི་མི་རིགས་ཤིག་ལ་མཚོན་ན་སྲོག་རྩ་ལྟ་བུ་རེད། གལ་ཏེ་སྲོག་རྩར་གནོད་ནད་ཁེལ་ན་འདུས་བྱས་ཀྱི་ཕུང་བོ་འདི་ས་ཆུ་མེ་རླུང་ལ་འཐིམ་ཉེན་ཆེ་ཞིང་། ཐ་ན་མི་རིགས་དེ་ཡང་མིང་གི་ལྷག་མ་ཙམ་དུ་འགྱུར་ངེས། ང་ཚོས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་རང་གི་སྐད་ཡིག་བྱང་ཆུབ་པའི་རྨང་གཞིའི་སྟེང་མི་རིགས་གཞན་ལ་ཡོད་པའི་ཚན་རིག་གི་ཤེས་བྱ་སོགས་རང་ཡིག་ཏུ་བསྒྱུར་ཏེ་མི་མང་བས་ལས་སླ་བོར་གོ་རྒྱུ་དང་། ལེགས་ཆ་བསྡུ་ལེན་བྱེད་རྒྱུ་ལས་གཞན་གྱི་སྐད་ཡིག་ཁོ་ནའི་སྟེང་མདུན་ལམ་འཚོལ་རྒྱུ་དང་རང་རིགས་ཀྱི་སྐད་ཡིག་ཉམས་རྒུད་དུ་གཏོང་རྒྱུ་གཏན་ནས་མ་ཡིན་ནོ།། བོད་ཀྱི་སྐད་ཡིག་གིས་དེང་རབས་ཤེས་བྱ་བསླབ་མི་ཐུབ་པ་དང་བཀོལ་སྤྱོད་རིན་ཐང་མེད་པ་ཡིན་ཏེ། རང་རིགས་འདི་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རང་གི་སྐད་ཡིག་ལ་བརྟེན་ནས་དར་རྒྱས་བྱུང་ཞིང་། ད་ལྟ་གོ་ལ་འདིའི་སྟེང་ཡིག་རིགས་འདྲ་མིན་སུམ་སྟོང་ལ་ཉེ་བའི་ཁྲོད་ཚན་རིག་རང་བཞིན་ལྡན་ཞིང་སྦྱོར་ཀློག་ཅན་གྱི་ཡི་གེ་ཡིན་པས་ཆེས་སྔོན་ཐོན་གྱི་གོ་གནས་བཟུང་ཡོད་པ་ཤེས་གསལ་རེད། དེ་ཡང་དཔེར་ན། བོད་སྐད་ལ་བྱང་བའི་བྱིས་པ་ཞིག་གིས་ཀློག་ཁོ་ནའི་དབང་དུ་བཏང་ན་ཟླ་གཅིག་གི་རིང་ལ་བོད་ཡིག་ཚང་མ་མ་ལུས་པར་ཀློག་ཐུབ་པ་དང་། ད་ལྟ་གློག་ཀླད་ཀྱི་སྟེང་དང་གློག་འཕྲིན་སོགས་སུ་བེད་སྤྱད་ན་གཞན་ཡིག་ལས་སྟབས་བདེ་ཡིན་པ་འདི་དག་མངོན་སུམ་དུ་གྱུར་འདུག་པ་ལྟ་བུ་རེད། དེར་བརྟེན་རང་རིགས་ལ་མཚོན་ན་རང་གི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་མིན་དང་། སྲིད་འཛིན་མངའ་ཁོངས་སུ་དེ་རྒྱུན་སྤྱོད་བྱེད་མིན་ནི་མི་རིགས་ཤིག་གི་མདུན་ལམ་ལ་བསམ་བློ་གཏོང་མིན་དང་། ལག་ཐོག་ནས་མི་རིགས་ལ་བྱ་བ་སྒྲུབ་མིན་གྱི་གནད་དམ་པ་ཞིག་རེད། སློབ་གསོ་དར་མིན་ནི་སྔོན་ཐོན་ཡིན་མིན་གྱི་མཚོན་རྟགས་གཙོ་བོ་ཞིག་དང་། མི་རིགས་དེ་ཡུན་རིང་གནས་ཐུབ་མིན་གྱི་དགག་རྩའི་གནད་དོན་ཞིག་ཀྱང་རེད། དེའི་ཕྱིར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང་མི་རིགས་སོ་སོས་རང་གི་སྐད་ཡིག་སྤྱད་དེ་སློབ་གསོའི་བྱ་བ་དར་རྒྱས་སུ་གཏོང་རྒྱུའི་རང་དབང་ཡོད་པ་གཏན་ཕབ་གནང་ཡོད་པ་དང་དེ་ལག་བསྟར་བྱེད་རྒྱུ་ནི་མི་རིགས་འདྲ་མཉམ་སྲིད་ཇུས་ལག་བསྟར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ས་ཁུལ་རང་སྐྱོང་བྱེད་པའི་མཚོན་བྱེད་གཙོ་བོ་ཞིག་ཀྱང་རེད།