logo

བོད་ཀྱི་སྒྲ་རིག་པའི་གཞུང་ལས་བྱུང་བའི་བརྒྱད་ཚན་འགའི་དོན་རགས་ཙམ་བཤད་པ།

རྩོམ་པ་པོ།:ལྕགས་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-04-05 ཀློག་གྲངས།:

   བོད་གངས་ཅན་པའི་སྐད་དང་སྒྲའི་རྣམ་གཞག་གསལ་བར་སྟོན་པའི་བསྟན་བཅོས་རྣམས་སུ་བརྒྱད་ཚན་དུ་མ་ཞིག་བྱུང་བ་ནི།   ཡི་གེའི་སྐྱེ་གནས་བརྒྱད་དང་།   ཡི་གེ་འཇུག་པའི་གནས་བརྒྱད་དང་།   རྣམ་དབྱེ་བརྒྱད་དང་།   སྔོན་རྗེས་ཀྱི་འཇུག་ཚུལ་བྱེད་པ་བརྒྱད་བཅས་ཡིན་ཞིང་།   དེ་དག་ནི་བོད་ཀྱི་སྒྲ་རིག་པའི་གཞུང་གི་སྡོམ་དང་སྙིང་བོར་སྨིན་པས།  འདིར་རང་དང་སྐལ་མཉམ་རྣམས་ལ་ཕན་དུ་རེ་ནས་གོ་སླ་བའི་ངག་གིས་ཅུང་ཟད་སྤྲོ་བ་ལ་ཞུགས་པར་འདོད་དོ།།

   ༡.ཡི་གེའི་སྐྱེ་གནས་བརྒྱད།

   དཔང་ལོ་ཙྰ་བ་བློ་གྲོས་བརྟན་པས།   བརྗོད་འདོད་དབང་གིས་རླུང་གཡོས་ཤིང་།།   དེ་ཡིས་གནས་དང་བྱེད་པ་དང་།།   རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་།།   ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ།།   ཞེས་གསུངས་པ་ལྟར་རྣམ་པར་རྟོག་པའི་ཀུན་སློང་དང་།   གནས་དང་།   བྱེད་པ་དང་།   རླུང་བཞིན་ཡི་གེའི་གདངས་རྣམས་བསྐྱེད་པའི་རྒྱུ་བཞི་ཡིན་ཞིང་།   དེ་དག་རིམ་པ་བཞིན་དྲིལ་བུ་འཁྲོལ་མཁན་གྱི་མི་དང་།   དྲིལ་བུ་ཁོག་པ་དང་།  དྲིལ་བུའི་ལྕེ་དང་།   དྲིལ་བུ་སྐྱོད་པའི་ལག་པ་དང་འདྲ་བར་གསུངས་ལ།   གནས་ནི་བརྒྱད་དེ།   མགྲིན་པ་དང་།   སྣ།   སྤྱི་བོ།   ཁོག་པ།   རྐན།   ལྕེ།   སོ།   མཆུ་བཅས་ཡིན་པ་དང་།   གནས་དེ་རྣམས་ཀྱང་བསྡུས་ན་མགྲིན་པ།  སྣ།  སྤྱི་བོ་གསུམ་ནི་དོག་པའི་གནས་དང་།   ལྷག་མ་ལྔ་ནི་ཡངས་པའི་གནས་སུ་འདུ་བ་དང་།   བྱེད་པ་གཙོ་བོ་ལྕེ་རྐན་གཉིས་གནས་རྣམས་སུ་འཕྲད་པའི་དབང་གིས་ཕྲད་པ་དང་།   ཅུང་ཟད་ཕྲད་པ།   བཙུམ་པ།   ཕྱེ་བ།   དོག་པ།   ཡངས་པ་དྲུག་ཏུ་འགྱུར་བ་ལས་སྐད་གདངས་ཐ་དད་པ་བྱུང་བ་ནི་ཡི་གེ་ཡིན་ཏེ།   དེ་ཡང་ཕན་ཚུན་ལྟོས་འཇོག་གིས་གནས་བྱེད་རྩོལ་བའི་ཁྱད་པར་གསལ་བ་དང་མི་གསལ་བ་གཉིས་སུ་གྲུབ་པས་དབྱངས་གསལ་གྱི་དབྱེ་བ་གཉིས་བྱུང་བ།   སྒྲའི་ང་རོ་ཙམ་ལ་དབྱངས་དང་དེ་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་སྒྲ་རྩོལ་ཞན་པས་མོར་བཏགས་པ་དང་།   གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མིང་ཚིག་བརྗོད་པ་སྟོན་བྱེད་ཀྱི་བྱེད་པ་གཙོ་བོར་གྲུབ་པས་ཀ་སོགས་སུམ་ཅུར་གསལ་བྱེད་དང་སྤྱིར་ཕོ་ཡིག་ཏུ་བཞག་པ་ཡིན།   གཞན་དུ་ན་ཁོག་པ་མགྲིན་པ་དང་།   སྤྱི་བོ་ལྕེར་འདུས་ཏེ།   གནས་ལ་མགྲིན་རྐན་སོ་མཆུ་དང་།།   ལྕེ་རྩེའི་སྟེང་དང་སྣ་ལྡན་དྲུག །    ཅེས་གནས་དྲུག་ཏུ་བྱེད་པའང་ཡོད་མོད།   མགྲིན་པ་དང་ཁོག་པ་གཉིས་ནི་ཐུན་མོང་གི་གནས་དང་།   གཞན་རྣམས་གཙོ་ཆེར་སོ་སོར་ངེས་པ་སྟེ།   ཀ་སྡེ་གཙོ་བོ་མགྲིན་པ།  ཅ་སྡེ་རྐན།  ཏ་སྡེ་སོ།   པ་སྡེ་མཆུ་ལས་སྐྱེ་བས་གསལ་བྱེད་སུམ་ཅུར་སྡེ་བ་ཕྱེད་དང་བརྒྱད་དུ་བྱས་པ་ནི་གནས་མཚུངས་ཀྱི་ཡི་གེ་བཞི་རེ་སྡེ་ཚན་གཅིག་ཏུ་བསྡེབས་ཏེ་སྒྲ་རྩོལ་དྲག་པ།   བར་མ།   ཞན་པ།   ཤིན་ཏུ་ཞན་པའི་ཁྱད་པར་ལྟར་ཡི་གེ་སྔ་ཕྱིའི་གོ་རིམ་བསྒྲིགས་པར་མ་ཟད།   མགྲིན་པ།   རྐན།   སོ།   མཆུ་ཡིས་རིམ་གྱིས་ནང་ནས་ཕྱི་ལྟར་དང་པོ་ཀ་སྡེ།  གཉིས་པ་ཅ་སྡེ།  གསུམ་པ་ཏ་སྡེ།   བཞི་བ་པ་སྡེར་བྱས་པ་ཡིན་ཏེ།   རྟགས་འཇུག་ཏུ།   ཕོ་དང་མ་ནིང་མོ་དང་ནི།།   ཤིན་ཏུ་མོ་དང་བཞི་བཞི་རུ།།   སྡེ་བ་བཞི་བ་ཡན་ཆད་དབྱེ།།   ཞེས་གསུངས་པས་སོ།།   གསལ་བྱེད་ཀྱི་སྡེ་བ་ཕྱི་མ་རྣམས་གོང་མ་བཞི་ལྟར་སྐྱེ་གནས་དང་སྒྲ་རྩོལ་གྲལ་མི་མཉམ་ན་ཡང་གཙོ་ཆེ་བའི་དབང་དུ་བྱས་ཏེ་སོ་ནས་མགྲིན་པར་མས་རིམ་དུ་སྡེ་བ་བསྒྲིགས་ཏེ།   ལྔ་བ་ཙ་སྡེ།  དྲུག་པ་ཞ་སྡེ།   བདུན་པ་ར་སྡེ།   བརྒྱད་པ་ཧ་ཨ་ཕྱེད་དུ་བྱས་ཏེ་སླར་མགྲིན་པར་བསྡུས་པའོ།།   ཙ་ཚ་ཛ་ཟ་ས་ལྔ་ནི་ལྕེ་རྩེ་དང་སོ་ལས་བྱུང་ཞིང་།   ཡ་ཞ་ཤ་གསུམ་ལྕེ་དཀྱིལ་དང་རྐན།  འ་ཧ་ཨ་གསུམ་མགྲིན་པ།   ཝ་ཡིག་མཆུ།   ར་ཡིག་སྤྱི་བོ།   ལ་ཡིག་སོ་ལས་འབྱིན་ཅིང་།  སྒོས་སུ་ང་ཉ་ན་མ་ཡ་བཞི་བོ་རང་རང་གི་སྐྱེ་གནས་མ་ཟད་སྣ་སྒྲ་དང་བཅས་པར་འབྱིན་ནོ།།   བྱེད་པ་ནི།   མགྲིན་སྐྱེ་རྣམས་གཙོ་བོ་ལྕེ་རྩེའི་བྱེད་པ་དང་།   རྐན་སྐྱེ་རྣམས་ལྕེའི་རྩེར་ཉེ་བའི་བྱེད་པ།   སོ་སྐྱེ་རྣམས་ལྕེ་རྩེའི་བྱེད་པ།   མཆུ་བྱུང་རྣམས་མཆུ་རང་གི་བྱེད་པ།   ར་ཡིག་གི་བྱེད་པ་ཡང་ལྕེ་རྩེར་ཉེ་བ་ཡིན་ཞིང་།   དེ་དག་གཙོ་ཆེ་བའ


འབྲེལ་ཡོད་འོས་སྦྱོར།