ན་ཆུང་བྱིས་པའི་དཔེ་དེབ་བརྒྱུད་ནས་སྤུས་ཚད་སློབ་གསོ་གོང་དུ་སྤེལ་དགོས།
ན་ཆུང་བྱིས་པའི་སྤུས་ཚད་སློབ་གསོ་ནི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཙིགས་འཛིན་དང་མཐོང་ཆེན་གནང་བའི་དོན་ཞིག་ཡིན། ད་ལྟའི་ན་ཆུང་བྱིས་པ་རྣམས་ནི་རང་རྒྱལ་གྱི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་ཡིན་པས། རང་རྒྱལ་གྱི་མ་འོངས་པའི་མདུན་ལམ་དེ་ད་ལྟར་ཁོ་ཚོར་སློབ་གསོ་ཅི་འདྲ་ཞིག་ཐེབས་པར་རག་ལས་ཤིང་། ཁོ་ཚོའི་སྤྱི་ཡོངས་ཀྱི་སྤུས་ཚད་ག་འདྲ་ཡིན་པར་རག་ལས་ཡོད།
ན་ཆུང་བྱིས་པར་སློབ་གསོ་གཏོང་བའི་དཔེ་དེབ་ནི་ན་ཆུང་བྱིས་པའི་སྤུས་ཚད་ཐད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་ཏེ། དེའི་འགན་ཁུར་གཙོ་བོ་ནི་ཐབས་སྣ་ཚོགས་ཀྱི་སྒོ་ནས་ན་ཆུང་བྱིས་པའི་བསམ་བློ་དང་རིག་གནས། ལུས་ཕུང་སོགས་སྤུས་ཚད་གོང་དུ་སྤེལ་བར་བྱེད་པ་དེ་ཡིན། འགན་ཁུར་དེ་ལེགས་འགྲུབ་བྱེད་དགོས་ན་ངེས་པར་དུ་གཤམ་གྱི་ཕྱོགས་འདི་དག་ལ་དོ་སྣང་བྱེད་དགོས།
ཐོག་མར་ན་ཚོད་མི་འདྲ་བའི་ན་ཆུང་བྱིས་པ་རྣམས་ནི་དགའ་ཕྱོགས་དང་ཕྱི་རོལ་འཇིག་རྟེན་རྟོགས་པའི་ཚད་མི་གཅིག་པས་ན་ཆུང་བྱིས་པའི་དཔེ་དེབ་པར་སྐྲུན་བྱེད་སྐབས་ཀྱང་ངེས་པར་དུ་ཁོ་ཚོའི་ན་ཚོད་ཀྱི་ཁྱད་ཆོས་ལ་དམིགས་ཏེ་གང་ལ་གང་འཚམ་གྱིས་རྩོམ་སྒྱུར་བྱེད་དགོས། དཔེར་ན། སློབ་ཆུང་གི་སློབ་རིམ་དང་པོ་དང་གཉིས་པའི་སློབ་མར་མཚོན་ན་སྤྱི་མཚན་གྱི་བསམ་གཞིགས་གཏོང་བའི་ནུས་པ་ཞན་ཡང་། གཟུགས་སུ་བཀོད་པའི་ཤེས་བྱ་དང་ལེན་སྤྲོ་ཞིང་བློ་ལ་ངེས་སླ་བ་ནི་ཁོ་ཚོའི་ཁྱད་ཆོས་ཡིན་པས། སློབ་རིམ་དམའ་བའི་སློབ་མར་དོན་གསལ་ཞིང་གོ་སླ་བའི་ཡི་གེ་དང་རི་མོ་ཟུང་སྦྲེལ་གྱི་དཔེ་རིམ་བསྒྲིག་པ་ནི་ཤིན་ཏུ་གལ་ཆེ་བར་འདུག དེ་སྔ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རི་བོང་འཇིགས་ལ་སྒྲོལ་བའི་གཏམ་རྒྱུད》སོགས་ལྟ་བུ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་རྗོད་བྱེད་ཀྱི་ཚིག་གོ་སླ་ཞིང་། ཚིག་སྦྱོར་སྙན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། བར་བཅུག་ཚོན་ལྡན་རི་མོ་མཛེས་ཤིང་མིག་དབང་འཕྲོག་པས། ན་ཆུང་བྱིས་པར་མཚོན་ན་བསམ་བློའི་སློབ་གསོ་ངེས་ཅན་ཞིག་ཐོབ་པ་དང་། ཆུང་དུས་ནས་བཟུང་དཀར་ནག་དང་བཟང་ངན་གྱི་དབྱེ་བ་འབྱེད་པའི་ནུས་པ་མཐོ་རུ་འདེགས་པའི་སློབ་གསེང་གི་ཀློག་དེབ་འོས་ཤིང་འཚམ་པ་ཞིག་རེད། སློབ་རིམ་བཞི་བ་ནས་དྲུག་པའི་སློབ་མར་མཚོན་ན་དཔེ་ཀློག་གི་ནུས་པ་ཅུང་ལྡན་པས་དགེ་རྒན་དང་ཕ་མའི་ཡང་དག་པའི་སྣེ་ཁྲིད་འོག སློབ་སྦྱོང་གི་བར་གསེང་དུ་གསར་བརྗེའི་དཔའ་བོའི་མཛད་རྗེས་བརྗོད་པའི་གཏམ་རྒྱུད་དང་། ལོ་རྒྱུས་དང་ས་རྒྱུས་ཀྱི་ཤེས་བྱ། རྒྱལ་ཁབ་ཀྱི་གནས་ཚུལ། རྒྱལ་ཁབ་ཕྱི་ནང་གི་བྱིས་སྒྲུང་ལ་སོགས་པའི་དཔེ་དེབ་ཀློག་ཏུ་བཅུག་ནས། ཆུང་དུས་ནས་མི་ཚེའི་ལྟ་སྟངས་ཡང་དག་པ་དང་བསམ་བློའི་ཀུན་སྤྱོད་ཡག་པོ་ཞིག་སྐྱེད་བསྲིང་དགོས། དཔེར་ན《གངས་ཅན་ན་ཆུང་ཤེས་བྱའི་རོལ་མཚོ》དང《ན་ཆུང་སློབ་མར་ཤེས་རིག་སྐོར་བཤད་པ་སྒོ་བརྒྱ་འབྱེད་པའི་ལྡེ་མིག》 གཞན་ཡང《ལེ་ཧྥུང་གི་ཟིན་ཐོ》 《ལིའུ་ཧུའུ་ལན》སོགས་ཀློག་དེབ་ནི་སློབ་རིམ་འདིའི་སློབ་མ་ལ་ཤིན་ཏུ་འཚམ་སྟེ་ཁོ་ཚོ་མ་འོངས་པར་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་བརྩི་བའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རབས་གསར་བ་ཞིག་ཏུ་འགྱུར་བར་ཕན་ཐོགས་ཤིན་ཏུ་ཆེ་བར་སྙམ།
ན་ཆུང་བྱིས་པ་རྣམས་ལ་སྐྱེས་པ་ནས་བསམ་བློ་ཡང་དག་པ་ཞིག་ལྷན་སྐྱེས་སུ་གནས་པ་ནི་མ་ཡིན་ཏེ། དེ་ནི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་གྲུབ་པ་ཞིག་སྟེ། གཙོ་བོ་ཁྱིམ་བདག་དང་སློབ་གྲྭའི་སློབ་གསོ་ཡང་དག་ཅིག་ལ་རག་ལས་ཡོད་པ་ལས་གཞན་ན་ཆུང་བྱིས་པའི་སློབ་གསོའི་དཔེ་དེབ་ཀྱིས་ཀྱང་ལས་འན་དེ་རང་འགུལ་གྱིས་དང་དུ་བླངས་ནས་ཁོ་ཚོར་བསམ་བློའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་གནང་ནས་བསམ་བློ་དང་ཀུན་སྤྱོད་ཡག་པོ་ཞིག་ཆགས་པར་གཞོགས་འདེགས་བྱེད་དགོས། དེ་བས་ན་ཆུང་བྱིས་པའི་སློབ་གསོའི་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས། མེས་རྒྱལ་ལ་གཅེས་ཤིང་མི་དམངས་ལ་དུངས་པ། ངལ་རྩོལ་དང་ཚན་རིག་ལ་དགའ་ཞིང་སྤྱི་ཚོགས་རིང་ལུགས་ལ་རྗེས་སུ་ཡི་རངས་བྱེད་པའི་སློབ་གསོ་དང་། སྤྱི་ཚོགས་ཀུན་སྤྱོད་ཀྱི་སློབ་གསོ་སོགས་ན་ཆུང་བྱིས་པའི་སློབ་གསོའི་དཔེ་དེབ་ཁྲོད་དུ་ཆུ་དང་འོ་མ་བཞིན་དུ་བསྲེ་དགོས།
བསམ་བློ་དང་མི་ཚེའི་ལྟ་ཚུལ་ཡང་དག་ཅིག་ཡོད་པས་ཀྱང་མི་ཆོག དེང་གི་དུས་ནི་ཚན་རིག་གི་འཇིག་