འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བདག་གཉེར་དོ་དམ་སྐོར་རགས་ཙམ་གླེང་བ། (གཉིས་པ)
གསུམ། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་སུ་གཏོང་དགོས།
ཀུན་སྤྱོད་སློབ་གསོའི་བྱ་བ་ནི་མི་ལ་སློབ་གསོ་གཏོང་བའི་རྨང་གཞིའི་རྩིག་ལས་ཤིག་ཡིན་པ་དང་སློབ་གྲྭའི་བླ་སྲོག་དང་ཁ་ཕྱོགས་ཡིན། གནས་བབ་གསར་བའི་འོག་འབྲོག་ཁུལ་གྱི་བོད་རིགས་སློབ་གྲྭ་ཆུང་འབྲིང་གིས་ངེས་པར་དུ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་སུ་བཏང་སྟེ། ཀུན་སྤྱོད་སློབ་གསོའི་བྱ་བ་འབུར་གཟུགས་ཅན་དུ་མངོན་འགྱུར་བྱེད་དགོས། ཆུང་ཕྱོགས་ནས་བཤད་ན། སློབ་གྲྭ་ནང་ཁུལ་གྱི་སྟོབས་ཤུགས་སྣ་ཚོགས(མགོ་ཁྲིད་དང་། དགེ་རྒན། ལས་བཟོ་པ། འཛིན་གྲྭ། གདོང་ལེན་རུ་ཁག རིག་གཞུང་ཚན་ཁག་སོ་སོའི་སློབ་ཁྲིད། )དང་གཞོགས་འདེགས་དམ་པོ་བྱས་ནས“ནུས་ཤུགས་གཅིག་སྒྲིལ”དུ་འཇུག་པ་དང་། སྤྱི་ཁོག་ནས་བཤད་ན། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་སློབ་གསོའི་ནུས་པ་གསུམ་གང་ལེགས་ཀྱིས་ཟུང་འབྲེལ་བྱས་ཏེ། ཁ་ཕྱོགས་གཅིག་མཐུན་དང་སྟོབས་ཤུགས་མཉམ་འདོན་གྱི་སློབ་གསོའི་དྲ་རྒྱ་ཆགས་པ་དང་། གསོན་ཤུགས་ལྡན་པའི་སློབ་གསོའི་ཧྲིལ་གཟུགས་འཛུགས་དགོས། དེའི་ནང་གི་སློབ་གྲྭའི་སློབ་གསོ་ནི་ཀུན་སྤྱོད་སློབ་གསོ་བྱ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། དེས་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས་ཤིང་། སློབ་གྲྭས་ཕྱོགས་གཅིག་ནས་ཁྱིམ་ཚང་གི་སློབ་གསོར་མཛུབ་སྟོན་བྱེད་དགོས།
༡.སློབ་གྲྭའི་ཀུན་སྤྱོད་སློབ་གསོ་བྱ་བའི་གྲུབ་ཆ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས། ཐོག་མར་མིའི་ཀུན་སྤྱོད་སྐྱོང་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དགེ་བཟོ་པ་ཡོངས་ལ་སློབ་གསོ་གཏོང་དགོས། མགོ་ཁྲིད་པས་བདག་གཉེར་དོ་དམ་གྱིས་མི་སྐྱོང་བ་དང་དགེ་རྒན་གྱིས་དཔེ་ཁྲིད་མི་སྐྱོང་བྱེད་པ། ལས་བཟོ་པས་ཞབས་ཕྱིས་མི་སྐྱོང་བཅས་བྱེད་དགོས། རྗེས་ཐོན་སློབ་མར་འཕོ་འགྱུར་འབྱུང་ཆེད། དགེ་རྒན་རེ་རེར་སློབ་མ་དང་ཐབས་ཤེས་གཏན་འཁེལ་བྱེད་པ་དང་། དུས་བཅད་ལྟར་ཞིབ་དཔྱད་བྱེད་དགོས་ཤིང་མི་རེ་རེས་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐུགས་ཁུར་གནང་བའི་གོམས་སྲོལ་ཆགས་དགོས།
༢.ཁྱིམ་ཚང་སློབ་གསོའི་ཁྱད་འཕགས་ནུས་པ་འདོན་སྤེལ་བྱས་ཏེ། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་གོམ་པ་མཉམ་སྤོ་བྱེད་དགོས། ཁྱིམ་ཚང་སློབ་གསོ་ནི་ཀུན་སྤྱོད་སློབ་གསོའི་རྒྱུད་རིམ་རྩིག་ལས་ཀྱི་མགོ་འཛུགས་ས་དང་རྨང་གཞི་ཡིན་པས། ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དང་ཁྱིམ་བདག་གི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་གང་ལེགས་བྱེད་དགོས།
༣.སྤྱི་ཚོགས་ཀྱི་སློབ་གསོའི་སྟོབས་ཤུགས་གང་ལེགས་སྒོས་བེད་སྤྱད་དེ་སློབ་གསོའི་དྲ་རྒྱ་འཛུགས་དགོས། ཞང་དང་སྡེ་བ། སློབ་གྲྭ་བཅས་ཀྱི་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། སློབ་གསོའི་སྟོབས་ཤུགས་སོ་སོ་མཐུན་སྦྱོར་སྒོས་ཆ་སྒྲིག་གི་ཀུན་སྤྱོད་སློབ་གསོའི་གནས་གཞི་འཛུགས་དགོས།
བཞི་བ། ཧུར་བརྩོན་སྒོས་བྱང་ཚད་ལེགས་པའི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས།
འབྲོག་ཁུལ་དུ་བོད་རིགས་སློབ་གྲྭ་ཆུང་འབྲིང་ལེགས་པོར་སྒྲུབ་ཐུབ་མིན་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་འདེགས་ཐུབ་མིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་ཐུབ་མིན་བཅས་ནི། གྲངས་ཀ་འདང་ཞིང་སྤུས་ཚད་ལེགས་པ། གཏན་ཆགས་ཡིན་པ་བཅས་ཀྱི་དགེ་རྒན་དཔུང་ཁག་ལ་རག་ལས་པ་ཡིན།
༡.སློབ་གསོ་ལ་ཤུགས་སྣོན་པ་དང་བླང་བྱ་ནན་མོ་བཏོན་ནས། དགེ་རྒན་གྱིས་ཀུན་སྤྱོད་ལེགས་པོར་བཞེངས་པ། དགེ་རྒན་ནི་བསམ་པའི་ཤེས་རིག་སྤེལ་མཁན་ཡིན་པས། དགེ་རྒན་གྱི་ཀུན་སྤྱོད་ཀྱིས་སློབ་མར་ཤུགས་རྐྱེན་དང་སློབ་གསོ་ཐེབས་ཐུབ་པས། སློབ་གྲྭའི་སྲོལ་རྒྱུན་སྔར་ལས་ཇེ་ལེགས་སུ་གཏོང་བར་གལ་ཆེ་བའི་འབྲེལ་བ་ཡོད།
༢.སློབ་སྦྱོང་ལ་ཤུགས་བསྣན་ཏེ། སློབ་གསོའི་འདུ་ཤེས་གསར་སྒྱུར་དང་བྱེད་སྒོའི་བྱང་ཚད་ཇེ་མཐོར་འདེགས་དགོས། བཅོས་སྒྱུར་གང་ཞིག་ཡིན་རུང་གཞུང་ལུགས་ཀྱི་མཛུབ་སྟོན་དང་འབྲལ་ཐབས་མེད་པས། སློབ་གསོའི་བཅོས་སྒྱུར་ཀྱང་དེ་བཞིན་ནོ།། སློབ་གསོ་དེང་རབས་ཅན་དུ་མངོན་འགྱུར་བྱེད་དགོས་ན། ཐོག