ལས་རིགས་སློབ་གསོའི་ད་ལྟའི་གནས་བབ།
བོད་དུ་ཞི་བའི་བཅིངས་འགྲོལ་བཏང་ནས་ད་བར་ལོ་ལྔ་བཅུའི་ནང་། བོད་ཀྱི་སློབ་གསོའི་བྱ་གཞག་འདི་ཉིད་བྱ་གཞག་གཞན་དང་འདྲ་བར་སྔར་ལོ་རྒྱུས་དུས་བབ་གང་གི་ཐོག་ལ་ཡང་བྱུང་མྱོང་མེད་པའི་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད། འོན་ཀྱང་། ལོ་མང་པོའི་རིང་བོད་ཀྱི་སློབ་གསོའི་སྒྲིག་གཞི་ཧྲིལ་བོའི་ཚོད་འཛིན་དང་བོད་ཀྱི་སློབ་གསོའི་རྨང་གཞི་ཧ་ཅང་ཞན་པའི་རྐྱེན་གྱིས་སློབ་གྲྭ་ཁག་གིས་བོད་ཀྱི་སྤྱི་ཚོགས་དང་ལས་རིགས་ཁག་ལ་དམིགས་ཏེ་དངོས་དོན་གཉེར་མཁན་གྱི་མི་སྣ་གསོ་སྦྱོང་དང་གོ་ཆོད་ཚད་ལྡན་གྱི་ཤེས་བྱ་ངོ་མ་སློབ་གཉེར་བྱ་རྒྱུ་དེ་བས་ལེགས་པོ་མ་བྱུང་བས་སློབ་གྲྭའི་ནང་སྦྱངས་པའི་ཤེས་བྱ་དང་དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་འཚམ་མིན་དུ་གྱུར་ཏེ་ཕྱོགས་གཅིག་ནས་ལས་རིགས་མི་འདྲ་བ་མང་ཆེ་བར་ཤེས་ལྡན་མི་སྣ་མི་འདང་བ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭ་ཁག་ནས་ཐོན་པའི་ཤེས་ལྡན་མི་སྣ་དེ་དག་ལ་རང་འཚམས་ལས་བགོས་སྤྲོད་དཀའ་ལ། ཐ་ན་ས་གནས་དང་རྫོང་འགའ་རེར་ལོ་རེར་སློབ་གྲྭ་ཆེན་མོ་ཁག་ནས་ཐོན་པའི་མི་སྣར་འོས་འཚམ་ལས་ཀ་བཀོད་སྒྲིག་དེ་ཁུར་པོ་ལྕི་མོ་ཞིག་ཏུ་འགྲོ་བའི་གནས་བབ་ཁ་སྐྱེངས་པོ་དེ་འདྲ་ཡང་ཐོན་གྱི་ཡོད། དེའང་གཙོ་བོ་རྒྱུ་མཚན་གཉིས་ལ་ཐུག་ཡོད་པ་སྟེ། གཅིག་ནི་ཚན་པ་དང་ལས་ཁུངས་མང་པོ་ཞིག་ལ་མི་འབོར་མང་དྲགས་པས་མི་སྣ་གསར་པ་བཀོད་སྒྲིག་བྱེད་པར་མི་མགོའི་འགྲོ་གྲོན་གྱི་དཀའ་ངལ་ཡོད་པ་དང་། གཉིས་ནི་གཙོ་བོ་སློབ་གྲྭ་ཆེན་མོ་ནས་ཐོན་པའི་མི་སྣ་དེ་དག་རིག་གནས་ཚན་ཁག་ནས་ཐོན་པ་མིན་ན་རང་བྱུང་ཚན་རིག་ཚན་ཁག་ནས་ཐོན་པ་ཤ་སྟག་ཡིན་པ་ལས་བཟོ་སྐྲུན་ལག་རྩལ་དང་། ཡང་ན་ཞིང་འབྲོག་ཁུལ་དུ་དགོས་མཁོ་ཆེ་བའི་ཞིང་། འབྲོག ནགས་སོགས་ཀྱི་ཆེད་ལས་ཐོན་པ་ཧ་ཅང་ཉུང་བས་རེད། ཉེ་བའི་ལོ་ཤས་ནང་རིམ་པ་མི་འདྲ་བའི་སློབ་གྲྭ་ཁག་ལ་རྒྱུགས་སྤྲོད་མཁན་སློབ་མ་ལོ་ལྟར་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་སློབ་གྲྭ་དེ་ཚོའི་སློབ་མ་བསྡུ་ལེན་གྱི་ཆ་རྐྱེན་ཡང་མཐོ་རུ་འགྲོ་བཞིན་ཡོད་པས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཁུལ་གྱི་བུ་ཕྲུག་འབོར་ཆེན་ཞིག་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་རྒྱུགས་མ་ལོན་པར་ཕྱིར་ལོག་བྱེད་དགོས་བྱུང་བ་དང་། ཁོ་ཚོའི་ད་ཡོད་ཤེས་བྱ་ཡོན་ཏན་གྱིས་སྤྱི་ཚོགས་ཐོག་རང་ལམ་རང་འཚོལ་ལམ་ཡང་ན་ལས་ཞུགས་ཐུབ་ཀྱི་མེད་པས་སྤྱི་ཚོགས་ཐད་ལས་སྒུག་དང་ལས་མེད་མི་སྣ་འབོར་ཆེན་ཐོན་གྱི་ཡོད། དེ་ནི་སློབ་གསོའི་ཐད་ཀྱི་མི་ཤུགས་དང་དངོས་ཤུགས་འབོར་ཆེན་ཞིག་ཆུད་ཟོས་སོང་བ་མ་ཟད་ཞར་དུ་རྒྱ་ཆེ་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་གཏོང་བའི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་ནས་བོད་ཀྱི་ལས་རིགས་སློབ་གསོའི་བྱ་གཞག་འདི་ཉིད་ད་ལྟ་ད་དུང་རྩ་ཚུགས་མྱུག་འབུས་ཙམ་གྱི་གནས་སུ་ལྷུང་ཞིང་། ལས་རིགས་སློབ་གསོ་གཉེར་བའི་དཔལ་འབྱོར་ཆ་རྐྱེན་ཞན་ལ་སྒྲིག་གཞི་འཐུས་ཚང་མིན་པས་ལས་རིགས་སློབ་གསོ་གཉེར་རྒྱུའི་དོན་སྙིང་དང་། དམིགས་ཡུལ། ཁ་ཕྱོགས། བྱ་ཐབས་སོགས་ཀྱི་ཐད་དུ་ད་དུང་སྤྱི་ཚོགས་ཧྲིལ་པོའི་མཉམ་མཐུན་ལྟ་སྟངས་མ་གྲུབ་པ་དང་། འབྲེལ་ཡོད་ཚན་པ་ཁག་གི་མཐོང་ཆེན་གྱི་བསམ་པ་ཚུགས་མ་ཐུབ་པས་མིག་སྔར་གནད་དོན་མང་དག་ཅིག་ཐག་གཅོད་བྱ་རྒྱུར་ལུས་ཡོད་པ་རེད།
༢༠༠༡ལོའི《བོད་ལྗོངས་ཞིབ་འཇུག》ལས།