སློབ་ཆུང་གི་དབྱིན་ཡིག་སློབ་ཁྲིད་སྐོར་རགས་ཙམ་གླེང་བ།
སློབ་ཆུང་གི་ལོ་རིམ་གསུམ་པ་ནས་བཟུང་དབྱིན་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པས། ངའི་འདི་ནས་སློབ་ཆུང་སློབ་མའི་དབྱིན་ཡིག་སློབ་ཁྲིད་ཁྲོད་དུ་གནས་པའི་གནས་ཚུལ་ཙམ་བརྗོད་ན།
སྤྲོ་སེམས་ལ་ཡར་སྐུལ་གཏོང་བ་ནི་སློབ་ཆུང་དབྱིན་ཡིག་སློབ་གསོར་གྲུབ་འབྲས་ཐོབ་པའི་གནད་འགག་རེད། དབྱིན་ཡིག་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་གཙོ་བོ་ནི་སྤྲོ་སེམས་རེད། སློབ་ཆུང་སློབ་མར་དབྱིན་ཡིག་ཐོག་མར་སློབ་འགོ་རྩོམ་པའི་དུས་སུ་སློབ་མའི་སྤྲོ་སེམས་དེ་དགེ་རྒན་གྱིས་ཁོང་དུ་ཆུད་དགོས། སློབ་ཆུང་སློབ་མའི་སེམས་ཁམས་རྟོགས་དགོས་ཤིང་དབྱིན་ཡིག་གི་སྐད་ཆ་ཁོ་ནའི་སྟེང་ནས་ཐོན་པ་མ་ཡིན་པར། མང་ཆེ་བ་དབྱིན་ཡིག་སློབ་ཁྲིད་སྐབས་སློབ་ཁྲིད་བྱ་འགུལ་གྱི་ནང་དོན་བཀོད་སྒྲིག་ཁྲོད་བྱུང་བ་ཡིན། དེ་བས། དབྱིན་ཡིག་སློབ་ཁྲིད་ཀྱི་སྐད་ཆའི་རྒྱུ་ཆ་དང་སློབ་ཁྲིད་བྱ་འགུལ་བཅས་ཀྱིས་སློབ་མའི་ཆ་རྒྱུས་ཡོད་པའི་འཚོ་བ་མཚོན་ཐུབ་ཅིང་སློབ་ཁྲིད་ནང་དོན་ལ་འཚོ་བ་དངོས་དང་ཉེ་བ། སློབ་ཆུང་སློབ་མའི་སྤྲོ་སེམས་དང་དགོས་མཁོ་ཁོ་ནར་ཡོངས་སུ་མཐུན་དགོས། དཔེར་ན། myself my family my schoolདག་ཁོར་ཡུག་གི་གནས་ཚུལ་དང་སྤྱི་ཚོགས་འཚོ་བ། སློབ་ཁྲིད་ཀྱི་རྣམ་པས་སློབ་མར་སྤྲོ་སེམས་སློང་ཐུབ་པ་དཔེར་ན། སྙན་ངག་སྡེབ་སྦྱོར་དང་གཏམ་རྒྱུད། སྐད་ཆ་འཁྲབ་སྟོན། རྩེད་མོ་སྣ་ཚོགས། སློབ་ཁྲིད་ཀྱི་ནང་དོན་ཉེ་བ་ནས་རིང་བ་དང་། ཆུང་བ་ནས་ཆེ་བ། བསྡུས་པ་ནས་རྙོག་དྲ་ཆེ་བ་རིམ་བཞིན་བཀོད་སྒྲིག་བྱས་ཏེ་རྒྱ་ཆེར་སྤེལ་དགོས།
འགྲིག་མཐུན་གྱི་སློབ་ཁྲིད་རྣམ་པ་གསར་གཏོད་བྱེད་རྒྱུ་ནི་སློབ་ཆུང་སློབ་མས་དབྱིན་ཡིག་སློབ་སླ་བའི་སྔོན་འགྲོ་རེད། སློབ་ཁྲིད་ཁྲོད། དགེ་རྒན་དང་སློབ་མས་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་དགོས། འོ་ན་འགྲིག་མཐུན་གསར་གཏོད་ཀྱིས་འཁྲིད་པ་དང་སློབ་པའི་རྣམ་པའི་སློབ་ཁྲིད་ཞིག་ཇི་ལྟར་བཀོད་སྒྲིག་བྱེད་དགོས་ཟེར་ན།
1.སློབ་ཁྲིད་སྐབས་དགེ་རྒན་གྱི་རྣམ་འགྱུར་ཞི་ཞིང་དུལ་བ་དང་། འབྲེལ་འདྲིས་ལེགས་པོས་སློབ་མ་དང་སེམས་མཐུན་པའི་གྲོགས་པོ་བཟང་པོ་བསྒྲིག་དགོས། སློབ་མའི་སྣང་ངོར་དགེ་རྒན་ནི་བྱམས་བརྩེ་ལྡན་ལ་བཀུར་འོས་པའི་སེམས་པ་སྐྱེ་རུ་བཅུག་ནས། དགེ་རྒན་དང་སློབ་མ་ཕན་ཚུན་འབྲེལ་འདྲིས་ཡོད་པར་ཕན་པ་ཆེ་པོ་ལྡན།
2.སྐུལ་མ་གཏོང་བ་ནི་སློབ་ཁྲིད་སྐབས་ཀྱི་འགྱུར་ཁུགས་གཙོ་བོ་རེད། སློབ་མར་དབྱིན་ཡིག་སློབ་པའི་སྤྲོ་སེམས་ཀྱིས་ཁེངས་པར་བྱེད་པ་དང་། དབྱིན་ཡིག་སློབ་པའི་འདུན་པ་ཞིག་སྐྱེ་རུ་འཇུག་པ། སློབ་སྦྱོང་ཁྲོད་དཀའ་ཁག་ལ་འཕྲད་པའི་སློབ་མ་དག་ལ་སེམས་ཞིབ་མོས་རོགས་རམ་བྱེད་དགོས་པ་དང་། དགེ་རྒན་གྱི་སྡིག་མོལ་དང་ཟུར་ཟ་མཚང་འདྲི་བཅས་ཀྱི་བྱ་སྤྱོད་དག་གིས་སློབ་མའི་བྱ་འགུལ་དང་སེམས་ཁམས་བཅས་ལ་རྨ་ཁ་བཟོ་བར་མ་ཟད་ཁོ་ཚོའི་དབྱིན་ཡིག་སློབ་པའི་སྤྲོ་སེམས་དང་དབང་ཆ་འཕྲོག་པ་རེད།
3.སློབ་ཁྲིད་ནང་དོན་སློབ་མའི་བློ་ཁ་དང་མཐུན་པ། སློབ་ཆུང་དབྱིན་ཡིག་སློབ་ཁྲིད་ནི་སློབ་མའི་ན་ཚོད་དང་ཆུ་ཚད་ལ་བསྟུན་དགོས་པར་མ་ཟད་སློབ་མའི་ལྕོགས་ཚད་དང་ལོན་ཚད་ལས་བརྒལ་མི་རུང་།
སྣ་མང་རང་བཞིན་གྱི་སློབ་གསོའི་བྱེད་ཐབས་སྤྱད་ནས་སློབ་མར་སློབ་སྦྱོང་གི་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་འཇུག་དགོས།
1.སྣང་ཚུལ་གསར་བ་འཛུགས་པ། དགེ་རྒན་གྱིས་བསླབ་དེབ་ཁྲོད་ཀྱི་སློབ་ཚན་དག་ལ་གསོན་ཉམས་ལྡན་པའི་སྣང་ཚུལ་གསར་འཛུགས་བྱེད་དགོས། དཔེར་ན། ཁ་པར་གཏོང་བ་དང་། ཚོང་རྒྱག་པ། སྐྱེས་སྐར་འདུ་འཛོམས། ཕྱི་རོལ་དུ་ཟ་མ་ཟ་བ། ལྗོངས་རྒྱུར་འགྲོ་བ། ལམ་འདྲི་བ། ནད་ལ་བརྟག་པ་བཅས་ཀྱིས་སློབ་གྲོགས་ཚོར་དབྱིན་སྐད་ཀྱིས་ཁ་བརྡ་བྱེད་པའི་གོ་སྐབས་དང་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ལ། སློབ་ཆུང་སློབ་མ་རྣམས་ཁག་བགོས་ནས་འཁྲབ་སྟོན་བྱེད་པ་དང་དབྱིན་ཡིག་གི་ཁོར་ཡུག་ཁྲོད་དོན་ཆུང་ཞིག་སྒྲུབ་སྐབས་ཡིན་ནའང་འདྲ། ཁོ་ཚོའི་གདོང་ལ་བཅོས་མ་མིན་པའི་འཛུམ་མདངས་དང་སྤྲོ་སེམས་རབ་ཏུ་རྒྱས་ཏེ་ཡིད་ཆེས་དང་རང་རློམ་སྔར་ལས་ཆེ་ཕྱིར་ཀུན་སློང་དང་བརྩེ་སེམས་ལ་ཡར་སྐུལ་ཆེན་པོ་ཐེབས་ཐུབ།<